དུས་ནམ་ཞིག་ནས་ང་ཚོའི་མིའི་རིགས་ཀྱི་སྒྱུ་རྩལ་གྱི་ཁྱབ་ཁོངས་སུ་གཅེར་བུར་འབུད་པའི་སྒྱུ་རྩལ་འདི་དར་བ་མ་ཤེས་མོད།ད་སྐབས་མང་ཚོགས་ཀྱི་སེམས་ངོར་གཅེར་གཟུགས་(裸体)དང་ཉམས་ཀྱི་སྒྱུ་རྩལ་(行为艺术)གཉིས་ལ་འབྲེལ་བ་གལ་ཆེན་ཡོད་པ་ཤེས་གསལ་རེད། དཔེར་ན་གཅེར་བུར་འབུད་མཁན་ཚོས་ནམ་ཡང་སྒྱུ་རྩལ་ཞེས་པའི་བརྡ་ཆད་འདི་ལ་རྒྱབ་འཁེན་བཞིན་སྒྱུ་རྩལ་གླེང་གིན་ཡོད་ལ་སྒྱུ་རྩལ་པ་ཚོས་ཀྱང་གོན་པ་ཕུད་དེ་མིང་གྲགས་རེ་ཐོབ་རྒྱུར་རེ་ནས་ཡོད། ད་དུང་གང་ལའང་མི་འཛེམ་མི་དོགས་པར་ཁོ་རང་ཚོའི་སྤྱོད་པ་དེ་བར་བརྒལ་(超越)ཅིག་ཏུ་ངོས་འཛིིན་བཞིན་ཡོད། དེ་བས་ན་གཅེར་གཟུགས་དང་ཉམས་ཀྱི་སྒྱུ་རྩལ་གཉིས་ལ་དོན་དམ་འབྲེལ་བ་གང་འདྲ་ཞིག་ཡོད་དམ་ཞེ་ན། ངས་རང་གི་དཔེ་ཀློག་གི་ཁྲོད་ནས་རྙེད་པའི་དཔེ་གསོན་པོ་འགའ་འཁྱེར་ཡོང་ནས་དེའི་ཡང་སྙིང་དང་རྒྱབ་ལྗོངས་སོགས་རེ་རེ་བཞིག་ངོ་སྤྲོད་ཅིག་བྱ་དགོས་བྱུང་སོང་།
གཤམ་དུ་ངས་མིང་དུ་གྲགས་པའི་གཅེར་གཟུགས་སྒྱུ་རྩལ་བརྩམས་ཆོས་5ངོ་སྤྲོད་བྱ་རྒྱུ་ཡིན་ལ། བརྩམས་ཆོས་5བོ་རེ་རེའི་རྒྱབ་ལྗོངས་ཀྱི་གསང་དོནའང་གཅིག་ཀྱང་མི་འདྲ་བ་རེད།

1、བཙན་གནོན།

༼དུམ་བུར་གཅོད་པ༽《切片》(Cut Piece)

༼དུམ་བུར་གཅོད་པ༽《切片》(Cut Piece)

དུས་རབས་གོང་མའི་ལོ་རབས་དྲུག་ཅུ་བ་ནས་བདུན་བཅུ་བའི་དུས་དུས་སུ། ཉམས་ཀྱི་་སྒྱུ་རྩལ་འདི་ཐོག་མར་མགོ་སླངས་ཏེ་དར་ཡོང་བར་གྲགས་ལ། སྐབས་དེར་ཉམས་ཀྱི་སྒྱུ་རྩལ་པ་ཚོས་དུས་རྒྱུན་དུ་ཟློས་གར་ཁང་སོགས་ནས་རང་རང་བརྩམས་ཆོས་འཁྲབ་སྟོན་བྱེད་པ་ཡིན་ལ་ཉམས་ཀྱི་སྒྱུ་རྩལ་འདི་ཉིད་སྤྱི་ཚོགས་ཁྲོད་དུ་ཟབ་ཞུགས་ཀྱི་ཚད་ཤིན་ཏུ་དྲགས་པོ་ཡིན་པར་བཤད། དེས་མི་རྣམས་ལ་ལ་ཕྱིར་རྟོག་གི་འདུ་ཤེས་ཆགས་ཏུ་འཇུག་ལ་ཡོ་རོབ་གླིང་དང་ཨ་རིའི་ཤེས་ཡོན་པ་གང་མང་ཞིག་ཁྱབ་ཁོངས་དེ་ལས་བརྒལ་ཡང་མྱོང་།

ཞོ་ཡེ་དབྱང་ཙི(Yoko Ono)ནི་ཕལ་ཆེར་དུས་རབས20སྐབས་ཀྱི་མིང་དུ་གྲགས་པའི་ཉམས་ཀྱི་སྒྱུ་རྩལ་པ་ཞིག་ཡིན་ལ། ཁོ་མོས་ཐེངས་དང་པོར་༼དུམ་བུར་གཅོད་པ༽《切片》(Cut Piece)ཞེས་པའི་བརྩམས་ཆོས་དེ་1964ལོར་ཉི་ཧོང་གི་རྒྱལ་ས་ཏུང་ཅིན་ནས་འཁྲབ་སྟོན་བྱས་མྱོང་ལ།རྗེས་སུ་ཨ་རི་དང་དབྱིན་ཇི་སོགས་ནས་ཡང་དང་བསྐྱར་དུ་འཁྲབ་སྟོན་ཐེངས་མང་པོ་བྱས་མྱོང་། འཁྲབ་སྟོན་བྱེད་སྐབས་ཞོ་ཡེ་དབྱང་ཙི་ལགས་སྡིངས་ཆའི་དཀྱིལ་དུ་བཙོག་ནས། ལྟད་མོ་ཚོ་རེ་རེ་བཞིན་སྡིངས་ཆའི་ཐོག་ཏུ་གདན་འདྲེན་ཞུ་ཞོར། ཁེ་གྲིས་རང་གི་གོན་པ་དུམ་བུ་དུམ་བུ་བྱས་ཏེ་བཤག་ནས་ལུས་པོ་གཅེར་བུ་འབུད་དུ་བཅུག་འགྲོ བརྩམས་ཆོས་འདིས་སྤྱི་ཚོགས་ཁྲོད་ཀྱི་མི་སྒེར་སོ་སོ་བའི་བར་གྱི་ཁ་གྱེས་དང་འགན་འཁུར་གྱི་འབྲེལ་བ་གང་རུང་ཞིག་སྟོན་གྱིན་ཡོད་ལ། དེ་དང་མཉམ་དུ་སྒྱུ་རྩལ་བ་རང་སྟེང་ནས་བུད་མེད་དང་ཤར་ཕྱོགས་མི་མི་རྒྱུད་ཀྱི་རྣམ་པ་བཏོན་ཏེ་སྤྱི་ཚོགས་དབང་ཆའི་འབྲེལ་བ་འདྲ་མཉམ་མིན་པ་དང་མི་དང་མིའི་བར་རང་ཤུགས་ཀྱིས་ཕན་ཚུན་ལ་བཙན་གནོན་ཐེབས་པ་ཐེར་འདོན་བྱས་ཡོད་པ་རེད།

2003ལོར་དགུང་ལོ་70སོན་པའི་ཞོ་ཡེ་དབྱང་ཙི་ཧྥ་རན་སིའི་རྒྱལ་ས་པ་ལིས་ནས་《དུམ་བུར་གཅོད་པ》ཞེས་པ་ཡང་བསྐྱར་འཁྲབ་སྟོན་བྱས་ལ།མོས་བཤད་རྒྱུར་“ཁོ་མོས་ཐོག་མར་འཁྲབ་སྟོན་བྱེད་དུ་སེམས་སུ་ཁོང་ཁྲོ་ལངས་ཤིང་བློ་མི་བདེ་བ་ལྟ་བུའི་གནས་ཚུལ་བྱུང་མྱོང་མོད།འཁྲབ་སྟོན་བྱས་པའི་བརྒྱུད་རིམ་མཐའ་དག་ལ་ཕྱིར་དྲན་བྱས་ཚེ། ཐེངས་འདིར་ངས་ཁྱོད་དང་ང་ཡི་ཆེད་དུ། ཐ་ན་འཇིག་རྟེན་ཡོངས་ཀྱི་བརྩེ་བའི་ཆེད་དུ་འདི་ལྟར་འཁྲབ་པ་ཡིན་ཞེས་བཤད་བྱུང་།

2、འཐབ་འཁྲུག་ལ་ངོ་རྒོལ།

ཡེ་ཧན་ལེ་ནོན་དང་ཞོ་ཡེ་དབྱང་ཙུས་བརྩམས་ཆོས།༼ཉལ་སར་འཇུག་པ༽《上床》

ཡེ་ཧན་ལེ་ནོན་དང་ཞོ་ཡེ་དབྱང་ཙུས་བརྩམས་ཆོས།༼ཉལ་སར་འཇུག་པ༽《上床》

1966ལོར་ཡེ་ཧན་ལེ་ནོན་(John Lennon)གྱིས་ཞོ་ཡེ་དབྱང་ཙི་ཐོག་མར་ངོ་ཤེས་བྱུང་ལ།ཁོ་ནི་གླུ་དབྱངས་གཙོ་ལེན་པ་ཞིག་དང་གཞས་གདངས་རྩོམ་མཁན་ཞིག་ཀྱང་ཡིན་མོད། ཁོ་མོ་དང་ངོ་ཤེས་རྗེས་གྱུར་རྗེས་སྔར་གྱི་གསར་རྩོམ་གྱི་རྣམ་པ་བཞག་སྟེ་ཁོ་རང་གཉིས་མཉམ་འབྲེལ་གྱིས་མངོན་མཆོངས་རང་བཞིན་ཅན་གྱི་སྒྱུ་རྩལ་དང་གླུ་དབྱངས་མང་དུ་གསར་རྩོམ་མཛད།ལྷག་པར་སྐབས་དེར་དམག་འཁྲུག་མེ་ལྕེ་བསྟུད་མར་མཆེད་གྱིན་ཡོད་པས་ཁོ་རང་གཉིས་ཀྱང་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཞུགས་ནས་“བཟའ་ཚང་བར་ཉལ་སར་འཇུག་དགོས་པས་དམག་འཁྲུག་མ་རྒྱགས”ཞེས་པ་གཙོ་བྱས་པའི་བསམ་བློའི་སྣེ་འཁྲིད་འོག《ཉལ་སར་འཇུག་པ》(Bed-in)ཞེས་པའི་བརྩམས་ཆོས་གསར་རྩོམ་གནངས་ཤིང་།ཨ་མུའུ་ཟི་ཐི་ཏན་དང་མིན་ཐི་ལིས་འར་སོགས་འཛམ་གླིང་གི་ས་ཆ་དང་གྲོང་ཁྱེར་གང་མང་ནས་གཅེར་བུར་བུད་དེ་འཁྲབ་སྟོན་བྱས་ཤིང་དམག་འཁྲུག་མཚམས་བཞག་སྟེ་ཞི་བདེ་དར་སྤེལ་གཏོང་བར་འབོད་སྐུལ་བཏང་བ་རེད།

3、བརྩེ་དུང་།

ཨ་པུའུ་ལ་མོར་ཝེ་ཆི་དང་བུའུ་ལེ་གཉིས་ཀྱི་བརྩམས་ཆོས།《གཞལ་བར་དཀའ》

ཨ་པུའུ་ལ་མོར་ཝེ་ཆི་དང་བུའུ་ལེ་གཉིས་ཀྱི་བརྩམས་ཆོས།《གཞལ་བར་དཀའ》

ཨ་པུའུ་ལ་མོར་ཝེ་ཆི(Marina Abramovic)ནི་ཉམས་ཀྱི་སྒྱུ་རྩལ་གྱི་མ་ཡུམ་དུ་བགྲང་ལ།2009ལོར་གྲོང་ཁྱེར་ཉིག་ཡོག་དེང་རབས་སྒྱུ་རྩལ་བཤམས་སྟོན་ཁང་ནས་མི་སྒེར་གྱི་སྒྱུ་རྩལ་བརྩམས་ཆོས་འགྲེམས་ཚོགས་༼སྒྱུ་རྩལ་པ་ཡུལ་དངོས་སུ་ཡོད༽ཅེས་པ་བསྡུས།ལོ་འདི་དག་ལ་དགུང་ལོ70བུད་པའི་ཁོ་མོས་སྔར་བཞིན་སྒྱུ་རྩལ་གསར་རྩོམ་ཨང་དང་པོ་བྱས་ནས་འཛམ་གླིང་ཀུན་ཏུ་བརྩམས་ཆོས་འགྲེམས་ཚོགས་བྱེད་བཞིན་ཡོད།ཁོ་མོ་དང་བུའུ་ལེ(Ulay)གཉིས་ཀྱིས་བགྲང་བྱ12ཙམ་ལ་དགའ་གྲོགས་དང་མཉམ་ལས་ཀྱི་འབྲེལ་བ་བཟུང་ཡོད་ལ།མི་རྣམས་ཀྱིས་སྒྱུ་རྩལ་གྱི་མཚེ་མ་གཉིས་ཞེས་བསྔགས་བཞིན་ཡོད།ཁོ་རང་གཉིས་ཀྱིས་དུས་རྒྱུན་དུ་མི་དང་མི་བར་གྱི་འབྲེལ་བ་སྣ་མང་ལ་རྩད་ཞིབ་བྱེད་བཞིན་ཡོད་ལ།༼གཞལ་བར་དཀའ༽《无法估量》(Imponderabilia)ཞེས་པའི་ཁྲོད་དུ།ཁོ་རང་གཉིས་གཅེར་བུར་བུད་ནས་སྒོ་མོ་ཞིག་ལ་འཁེན་ཏེ་ཕན་ཚུན་ཁ་གཏད་ནས་ལྟད་མོ་བ་ཚོ་ཁོ་རང་གཉིས་ཀྱི་བར་དུ་བཅར་ནས་འགྲོ་རུ་བཅུག་སྟེ།ཁོ་རང་གཉིས་ཀྱི་གཅིག་གི་གདོང་ལ་གཏད་ནས་འགྲོ་དགོས་པའི་ཉམས་རྟོག་གསར་བ་ཞིག་ལྟད་མོ་ཚོར་ཐོབ་ཏུ་བཅུག

4 ཆོད་སེམས།

ཀྲང་ཧོན张洹《རྨི་གྲུ་བཞི་མ12》

ཀྲང་ཧོན张洹《རྨི་གྲུ་བཞི་མ12》

ཀྲུང་གོའི་ཉམས་ཀྱི་སྒྱུ་རྩལ་ནི་དུས་རབས་གོང་མའི་ལོ་རབས་90དུས་སུ་དར་ཆེ་ལ།༼རྨི་གྲུ་བཞི་མ12༽ཞེས་པའི་བརྩམས་ཆོས་《12平方米》(1994)ནི་དེའི་ཁྲོད་ཀྱི་མིང་གྲགས་ཅན་གཅིག་ཡིན།སྐབས་དེར་ཀྲུང་གོར་དེང་རབས་སྒྱུ་རྩལ་གྱི་ཁྲོམ་ར་དར་མེད་ལ་སྒྱུ་རྩལ་པ་མང་པོ་ཞིག་ཆེས་དམའ་སའི་གྲལ་རིམ་ན་འཚོ་བཞིན་ཡོད་ལ།ཀྲང་ཧོན་གྱིས་སྦྲང་རྩི་དང་ཉ་ཤའི་ནང་གཤེར་སོགས་ལུས་ཡོངས་ལ་བརྐུས་རྗེས་པེ་ཅིན་གྱི་སྤྱོད་ཁང་ག་གེ་མོ་ཞིག་ནས་དུས་ཚོད་གཅིག་ཙམ་ལ་བཙོག་ནས་བསྡད་དེ་སྐྱག་སྦྲང་སོགས་ཀྱིས་ལུས་ཡོངས་བཀང་བར་བཏང་དེ་སྐབས་དེའི་སྒྱུ་རྩལ་བའི་འཚོ་བ་ཐབས་ཆག་དང་ཡ་ང་བའི་སྣང་ཚུལ་རྗེན་པར་མཚོན་པ་བྱས་སོང་།

5 རང་ཉིད།

ཧི་ཁྲུན་ཡོ་ཡི་བརྩམས་ཆོས《ལྕགས་རི་རིང་བོ་སྒོ་འབྱེད》

ཧི་ཁྲུན་ཡོ་ཡི་བརྩམས་ཆོས《ལྕགས་རི་རིང་བོ་སྒོ་འབྱེད》

ཧི་ཁྲུན་ཡོ(何成瑶)2001ལོར་ལྕགས་རི་རིང་བོའི་སྟེང་དུ་གཅེར་བུར་བུད་པའི་མིང་དུ་གྲགས་སོང་ལ། 《ང་དང་ཨ་མ》འམ་ཡང་ན་《ལྕགས་རི་རིང་བོ་སྒོ་འབྱེད》ཞེས་པ་ནི་ཁོ་མོའི་བརྩམས་ཆོས་ལ་འཇུག་པའི་སྒོ་ལྟ་བུ་ཡིན།ཁོ་མོས་ཡུན་གྱིས་རང་གི་སྐྱེ་ཁུངས་དང་ཁྱིམ་རྒྱུད་ཀྱི་ལས་བཀོད་མཐའ་དག་སྤྱི་བསྒྲགས་བྱས་སོང་ལ།དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་བའི་སྐབས་སུ་ཁོ་མོའི་ཨ་མ་སྤྱི་ཚོགས་ཀྱི་གནོན་ཤུགས་ཀྱི་དབང་གིས་སྨྱོས་སོང་ལ།དུས་རྒྱུན་དུ་གཅེར་བུར་བུད་ནས་སྲང་ལམ་དུ་ཡར་རྒྱུགས་མར་རྒྱུགས་བྱས་ནས་ཡོད་པས། མོས་དུས་རབས་དང་སྤྱི་ཚོགས་ཀྱི་གྲིབ་ནག་དང་མི་སྒེར་རམ་ཁྱིམ་རྒྱུད་སོགས་ཀྱི་སྡུག་ཡུས་ལ་སྨྲེ་ངག་ཤོར་བ་ཉམས་ཀྱིས་སྒྱུ་རྩལ་ལས་རྗེན་པར་བསྟན་འདུག་གོ

གང་ལྟར་སྤྱི་ཚོགས་འདི་ལྟ་བུ་དང་ལས་དབང་འདི་ལྟ་བུའི་རྒྱབ་ལྗོངས་ནས། ཕོ་མོ་སུ་ཡིན་རུང་རང་གཟུགས་གཅེར་བུར་བུད་དེ་སྒྱུ་རྩལ་གཉེར་བའི་ལས་ཀ་འདི་མང་ཚོགས་དང་ཤེས་ཡོན་པའི་སྡེ་རུ་དཀྲོགས་འགུལ་ཙམ་བཟོ་བའི་ཆེད་དུ་མ་ཡིན་པར། སྒྱུ་རྩལ་གྱི་ཞིང་མཆོག་གང་ལྟ་བུ་ཞིག་ལ་འཚོལ་སྙེག་དང་སྤྱི་ཚོགས་ཀྱི་སྣེ་མོ་གང་ལྟ་བུ་ཞིག་ལ་ཟུར་ཟ་དང་སུན་འབྱིན་བྱེད་པ་སྟོན་པ་ལས། ང་གཅེར་བུར་བུད་རྗེས་གྲགས་འགྲོ་བསམ་པའི་མིང་གྲགས་ཀྱི་ཤིང་སྐམ་ལ་སུ་ཡང་མི་རེ་བའི་རེ་བ་མི་ཆུང་ངོ་། ཡིན་ཡང་གཅེར་གཟུགས་ལ་འབུད་པའི་ལས་འདི་ལའང་སྒྱུ་རྩལ་གྲུབ་འབྲས་ཡི་ཟུར་ངོས་གང་རུང་ནས་བལྟས་ན། དེ་ལའང་རང་ཚོད་ཀྱི་ནུས་པ་གང་མང་ཡོད་པ་ལས་གཞན་གྱི་རྗེས་འབྲངས་པའི་རྟུལ་ཞུགས་འཛིན་པ་ནི་སྨྱོ་རྟགས་ཡིན་ལ་ཧོབ་རྟགས་ཀྱང་རེད་དོ།

ཟུར་ཞུ། 行为艺术འདི་ཉམས་ཀྱི་སྒྱུ་རྩལ་ཞེས་བསྒྱུར་བ་ཡིན། རྒྱུ་མཚན་རྣམ་པ་ལ་ཕྱི་ལུས་ཀྱི་རྣམ་པ་དང་ནང་བསམ་པའི་འགྱུར་ལྡོག་གི་རྣམ་པ་ལྟ་བུ་ཡོད་པར་འདོད། ཉམས་ནི་ནང་སེམས་ཀྱི་འགྱུར་བ་དེ་ཕྱི་ལུས་ལ་མངོན་པའི་རྣམ་པར་གོ་བས་དེ་ལྟར་བསྒྱུར་བ་ཡིན། 行为ནི་ཕྱིའི་རྣམ་པའི་མངོན་སྟངས་ཀྱི་སྒྱུ་རྩལ་ཞིག་ལ་གོ་བ་འདྲ།