གཅན་ཚའི་གཞོན་ནུའི་སློབ་གསོ་ཁུལ་ཡོངས་ཀྱི་ལྡོག་མའི་ཨང་རིམ་དང་པོར་སླེབས་པར་རྟེན་འབྲེལ་ཞུ །

དེ་རིང་ཡང་གཟའ་ཉི་མར་འཁེལ་ཡོད་ལ ། གཟའ་ཉི་མའི་ཉིན་མི་རྣམས་གསོལ་ཇ་ཁང་དུ་འགྲོ་བ་དང་། སྤྲོ་འཆམ་བྱེད་པ ། གློག་བརྙན་ལ་ལྟ་བ ། ནང་མི་ལྷན་འཛོམས་ཀྱི་ཁ་ལ་ཟ་བ་སོགས་ནི་ད་ལྟའི་འཛམ་གླིང་ཕལ་ཆེ་བའི་འཚོ་བའི་རང་བཞིན་དུ་ཆགས་པ་ལྟ་བུར་གྲུབ་ཡོད་ལ ། ང་ལྟ་བུའི་ལེ་ལོ་ཅན་ཁ་ཤས་ཞོགས་ཉལ་རྒྱག་པའང་གཟའ་ཉི་མའི་འཚོ་བ་ཁྲོད་ཀྱི་ཟུར་རྒྱན་ཙམ་ཡིན ། ང་འདི་ནས་བཤད་པའི་གཟའ་ཉི་མའི་འཚོ་བ་ནི་མི་བུ་སྤྱིར་བཏང་བ་སྟེ་ཧམ་སེམས་མེད་པའི་མི་ཞིག་གི་འཚོ་བའི་གསེབ་ནས་བླངས་ཏེ་སྨྲ་བ་ཡིན་པ་ལས ། རྐུབ་སྟེགས་ལ་བསྡོད་པའི་མིའམ ། ཝ་ཞྭ་གྱོན་མཁན་གྱི་མིའི་ངོས་ནས་སྨྲ་བའི་འདོད་པ་ནི་ཁྱོན་ནས་མེད ། རྒྱུ་མཚན་ང་རང་ནི་གོང་གི་ཞོགས་ཉལ་དགའ་བའི་གྲངས་སུ་ཐེ་བས་སོ།

ངས་ཐེངས་སྔོན་མར་རྫོང་སྲིད་གཞུང་ལ་བཏང་བའི་འཕྲིན་ཡིག་གི་འགོར་གཅན་ཚ་རྫོང་སྲིད་གཞུང་གི་འགོ་ཁྲིད་སོར་རྙིང་ཚང་མར་ཁམས་བདེ་འཚམས་འདྲི་རེ་ཞུས་ཡོད ། དེ་ནི་གཞུང་དྲང་བབ་ཆགས་ཀྱི་མི་རིགས་ཤིག་གི་སློབ་གསོ་དང་རྗེས་སུ་འགྲོ་བ་དང་ལྡོག་པར་ངེས་པའི་ཡ་རབས་གུས་ཞབས་ཀྱི་སྤྱོད་ཚུལ་ཞིག་ཡིན་ལ ། གནའ་རབས་བོད་ཀྱི་འཕྲིན་ཡིག་འབྲི་བ་ལ་ཚང་དགོས་པའི་རྩ་བའི་ཆ་རྐྱེན་གྱི་གྲས་ཡིན ། འོན་ཀྱང་། དེ་རིང་གི་ངས་འབྲི་བཞིན་བའི་འཕྲིན་ཡིག་འདི་ནི་དེ་ལས་ལྡོག་སྟེ ། འཕྲིན་ཡིག་གི་དབུར་འཚམས་འདྲི་བཀྲ་ཤིས་དང་། སྐུ་བདེ་ཁམས་བཟང་གི་སྐད་ཆ་གང་ཡང་བཞག་མེད ། རྒྱུ་མཚན་ངས་དེ་རིང་འབྲི་བཞིན་པའི་འཕྲིན་ཡིག་འདི་ནི་གཅན་ཚ་རྫོང་གི་སློབ་གསོའི་སྡེ་ཁག་ཁག་གི་དབང་འཛིན་མི་སྣ་དག་ལ་འབྲི་བཞིན་པ་ལས ། སྤྱི་ཚོགས་ཐོག་ཐོབ་ཐང་མེད་པའི་དགེ་རྒན་རྣམ་པ་དང་ ། སློབ་གསོའི་ཁྲིམས་རར་བཙུད་པའི་སློབ་མ་རྣམས་ལ་འབྲི་གི་མེད་པས ། དེང་གི་གཅན་ཚ་ས་ཁུལ་གྱི་སློབ་གསོའི་དབང་འཛིན་པ་ཨ་ཕ་ཨ་མ་དག་ལ་ཁམས་བདེ་དྲི་བའི་དགོས་པ་གང་ཡང་མེད་དོ །། ཁོང་བ་ཚོ་སྐུ་མ་བདེ ། ཁམས་མ་བཟང་། བཀྲ་མ་ཤིས་ནའང་མི་བུ་སྒར་བ་རང་ཉིད་ཀྱི་ཆེད་དུ་མེ་ཡི་དོང་དང་། མྱགས་མའི་འདམ་ལ་མཆོངས་པ་ལས་གཅན་ཚ་མི་དམངས་ཀྱི་གཞོན་ནུའི་སློབ་གསོའི་ཆེད་དུ་ཟ་མ་ཇ་ཁ་གཅིག་ཙམ་ཡང་བསྲན་མི་ཐུབ་པ་མངོན་སུམ་དང་རྗེས་སུ་དཔོག་པའི་ཚད་མ་གཉིས་ཀས་གྲུབ་བོ།། དེ་བས་ངས་ཐེངས་འདིའི་འཕྲིན་ཡིག་གི་དབུར་རྟེན་འབྲེལ་ཞུ་ཚིག་སྦྱར་བ་ཡིན །

གཅན་ཚ་མི་དམངས་ཀྱི་གཞོན་ནུའི་ད་ལྟའི་སློབ་གསོ་ནི་མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡིན་ལ། གཅན་ཚ་ཤི་གསོན་གྱི་ཚེ་སྲོག་གི་གཞུང་རྟ་ཡིན་པས། མ་འོངས་པའི་གཅན་ཚ་མི་དམངས་ཀྱི་འཚོ་གནས་ལ་བཅིངས་པའི་རེ་བ་ཟབ་མོ་ཡོད་པའི་མི་ཞིག་གམ ། གཅན་ཚ་བའི་མི་རབས་རྗེས་མ་དག་གི་འཚོ་གནས་དང་རིག་གཞུང་། སློབ་གསོ་སོགས་ཡིད་ལ་བརྣག་པའི་མི་ཞིག་ཡིན་ན་ད་ལྟའི་གཞོན་ནུ་རྣམས་ཀྱི་སློབ་གསོའི་ཁ་ཕྱོགས་དང་གནས་བབ་ལ་འདང་རྒྱག་མི་ཡོང་མཁན་ཞིག་ཁྱོན་ནས་ཡོད་ཀྱི་མ་རེད་བསམ ། རབས་སྔོན་མའི་སློབ་གསོའི་དབང་འཛིན་ལས་ཁུངས་ཀྱི་དཔོན་རབས་རིམ་བྱོན་གྱི་དུས་སུ་གཅན་ཚའི་སློབ་གསོའི་མཚན་དང་སྙན་པ་ནི་མཚོ་སྔོན་ས་ཁུལ་ནས་རྩིས་པའི་གྲགས་པ་ཅན་དུ་གྱུར་ཡོད་ལ། ཡོད་པ་དེ་དོན་དང་མཐུན་པའི་མངོན་སུམ་གྱི་བློ་འཇུག་པའི་ཡུལ་དུ་གྲུབ་ཡོད ། ཕྱི་ལོ་ཉིས་སྟོང་བརྒྱད་ཀྱི་རྗེས་ནས་བཟུང་སྟེ་གཅན་ཚའི་སློབ་གྲྭ་ཆུང་འབྲིང་ཁག་གི་སློབ་གསོའི་སྤུས་ཚད་དང་སློབ་མའི་ཡོན་ཚད་ནི་ཐུར་དུ་བཞུར་བདེ་བའི་རྨ་ཀླུང་སྔོན་མོ་ལྟར་ཐུར་ནས་ཐུར་དུ་བཞུར་ཏེ ། ན་ནིང་དོ་ཚུགས་ཁུལ་ཡོངས་ཀྱི་གོ་རིམ་ལྡོག་མའི་ཨང་གི་དང་པོར་སླེབས་ཡོད ། འདི་ལྟ་བུའི་བསམ་ཡུལ་འདས་པའི་ཨང་རིམ་ལ་སླེབས་པ་ནི་གཞོན་ནུ་རྣམས་ཀྱི་ངོས་ཐད་ནས་བཤད་ན་སྐྱོན་གྱི་ཆ་ཏིལ་འབྲུ་ཙམ་ཡོད་པའི་བསམ་པ་བདག་ལ་སྐྱེས་མ་མྱོང་། དེ་ནི་ང་རང་ཉིད་ནོར་འོས་པའི་འཁྲུལ་བ་མ་ཡིན་པའི་གདེངས་ཚོད་མེད ། གང་ལྟར་གཞོན་ནུ་སྟོང་ཕྲག་མང་བོའི་ཕ་མ་རྣམས་ཀྱི་སེམས་ན་གཅན་ཚའི་སློབ་གྲྭ་ཁག་ནི་བྱིས་པ་བརླག་སའི་ར་བ་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པར་གདོན་མི་ཟའོ།།

ན་ནིང་དོ་ཚུགས་ཀྱི་གཅན་ཚའི་སློབ་གསོ་འདི་ལྟར་མུ་ནས་ཐུར་དུ་བཞུར་བ་ནི་གཙོ་བའི་ཆ་ནས་གནད་ཀྱི་དོན་པོ་བཞི་ལ་ཐུག་ཡོད་པར་འདོད་ཀི་ཡོད །

གཅིག ཤེས་རིག་དབང་འཛིན་ལས་ཁུངས་ཀྱི་དབང་འཛིན་དཔོན་རིགས་ཚོར་སློབ་གསོ་ཞེས་པའི་ཐ་སྙད་ལ་གོ་བ་ཙམ་ཡང་མེད་པ །
གཉིས ། དགེ་རྒན་གྱི་དཔུང་སྡེ་གཉོམ་པ །
གསུམ ། བསླབ་གཞི་གཙོ་ཕལ་གྱི་དབྱེ་བ་ཙམ་ཡང་དགར་ཤེས་ཀི་མེད་པ །
བཞི ། སྲིད་གཞུང་གི་དཔོན་རིགས་ཚོར་སློབ་གསོ་ལ་དམིགས་བསལ་ཀྱི་དོ་སྣང་མེད་པ་བཅས་སོ །

མི་རིགས་གང་ཞིག་ཡིན་ནའང་འདྲ ། མི་རིགས་དེའི་གཞོན་ནུ་རྣམས་ནི་སྔོན་ཐོན་གྱི་སྟོབས་ཤུགས་ཡིན་ཞིང་། སྤྱི་ཚོགས་དང་རིགས་གནས་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་རྒྱུ་དང་མི་རིགས་དེ་སྲུང་སྐྱོབ་བྱེད་རྒྱུར ། གཙོ་བོ་མི་རབས་སོ་སོའི་གཞོན་ནུ་རྣམས་ཀྱི་གསར་སྐྱེས་ཀྱི་སྟོབས་ཤུགས་ལ་རྟེན་དགོས་ཞེས་ཁོ་བོས་སྔོན་མ་ནས་བྲིས་ཚར་བའི་《སྲིད་དོན་དང་འཐབ་འཛིང་》ཞེས་པའི་དེབ་ཀྱི་ནང་དུ་བརྗོད་ཟིན་པ་ལྟར་ཡིན་ལ། ཡུལ་ཕྱོགས་གཅིག་གི་འཕེལ་རྒྱས་དང་སྟོབས་ཤུགས་ལ་མཚོན་ནས་བཤད་ནའང་གནས་ལུགས་དེ་ལས་མ་འདས་པ་ཞིག་ཡིན་འདུག་པ་ནི་ཁོ་བས་སྐད་གདངས་མཐོན་པས་སྨྲ་ཐུབ་བོ །།

ཤེས་རིགས་དབང་འཛིན་ལས་ཁུངས་ཀྱི་དབང་འཛིན་དཔོན་རིགས་ཚོར་སློབ་གསོ་ཞེས་པའི་ཐ་སྙད་ཙམ་ལའང་གོ་བ་མི་འདུག་ཅེས་པའི་སྐད་ཆ་འདི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་སྒྲོ་བཏགས་ནས་བཤད་པ་ཞིག་ཁྱོན་ནས་མ་ཡིན་པར ། ཤེས་རིག་དབང་འཛིན་ལས་ཁུངས་ཀྱི་དབང་འཛིན་པ་ཕུད་པའི་གཅན་ཚའི་བསམ་ཤེས་ཚང་མ་ལ་གསལ་སྣང་ཐོབ་ཡོད་པ་ཞིག་ཡིན ། ན་ནིང་དོ་ཚིགས ། ཁ་སང་དི་རིང་གི་ཤེས་རིག་དབང་འཛིན་ལས་ཁུངས་ཀྱི་དབང་འཛིན་པ་དག་དང་། སློབ་གསོ་སྡེ་ཁག་ཁག་གི་འགོ་བ་ཚོས་ལས་གཞི་ནི་སློབ་གསོ་དང་ཟང་ཟིང་མེད་པ་ནི་གྲུབ་འབྲས་སུ་རློམས་ནས་ཡོད་པ་ལས་གཞོན་ནུ་རྣམས་ཀྱི་བསམ་བློའི་ཤེས་རིག་གི་རྒྱ་ཁྱོན་ལ་བརྩི་འཇོག་དང་གོང་བཀུར་གཏན་ནས་བྱེད་ཀི་མེད ། དོན་འདིའི་སྐོར་འདབས་ཀ་མགོར་བརྫེས་ནས་གཅེར་བུར་ཕུད་དགོས་དོན་མི་འདུག་སྙམ ། རྒྱུ་མཚན་ནི་ཁོ་བོ་ཁོ་མོ་ཚོའང་བུ་བུ་མོ་དུ་མའི་ཕ་མར་གྱུར་ཡོད་པས་སོ ། འོན་ཀྱང་། སློབ་གསོའི་རིན་ཐང་མི་ཤེས་པའི་འདོད་རྔམ་ཅན་གྱི་སྤྱང་ཀི་ཞིག་ཡིན་ཚེ་ངས་དྲངས་པའི་རྒྱུ་མཚན་ལ་ཆ་འཇོག་དཀོན་པོ་རེད །

གཅན་ཚ་ས་ཁུལ་ལ་མཚོན་ནས་བཤད་ན ། སློབ་གསོའི་སྡེ་ཁག་ཆེས་ཆེ་བོ་ནི་མི་རིགས་སློབ་འབྲིང་གཉིས་དང་། རྒྱ་རིག་སློབ་འབྲིང་གཉིས་ཀྱིས་བཟུང་ཡོད་ལ ། དེ་ལས་ཀྱང་གཙོ་ཤས་ནི་མི་རིགས་སློབ་འབྲིང་གོང་འོག་གཉིས་སམ་དང་གཉིས་གཉིས་ཀྱི་བཟུང་ནས་ཡོད་པ་ཞིག་ཡིན ། གཅན་ཚ་ས་ཁུལ་གྱི་སློབ་གསོའི་གཞི་རྩའང་མི་རིགས་སློབ་འབྲིང་གཉིས་ཀྱི་སློབ་མའི་སློབ་གསོ་ལ་ཐུག་ཡོད་པ་ཡིན ། དེའི་རྩ་བའི་རྒྱུ་རྐྱེན་ཀྱང་དགེ་རྒན་གྱི་དཔུང་སྡེ་གྱ་ཚོམ་དུ་གྲུབ་མ་གྲུབ་ལ་རེག་ལས་པ་ནི་ཚང་མས་ལོས་ཤེས ། གྱ་ནོམ་པའི་དགེ་རྒན་གྱི་དཔུང་སྡེ་ཞེས་པ་ནི་དགེ་བཟོ་བའི་ཁ་གྲངས་ཙམ་མ་ཡིན་པར་སྤུས་ཀའི་ངོས་ཐད་ནས་བཤད་དགོས་པ་ཞིག་ཡིན་མོད་ཀྱང་། ད་བར་གྱི་སློབ་གྲྭ་སོ་སོའི་དགེ་བཟོ་བ་ནི་གཅིག་ནས་བརྒྱ་ཆའི་དྲུག་ཅུ་ཡན་ནི་ཉིན་རེར་ཇ་ཁ་གསུམ་གྱི་ཟས་རིན་ཙམ་ཡང་མེད་པའི་དགེ་རྒན་གླས་མ་(ཕལ་སྐད་ཀྱི་ཐ་སྙད)ཡིན་པས། གྲོད་ཁོག་གི་དབང་ཤུགས་ནི་མངལ་སྐྱེས་ཁམས་དྲུག་དང་ལྡན་པ་ཞིག་ལ་མཚོན་ན་བཙན་པ་རྒྱུ་གཅིག་ཐེངས་གཅིག་གི་མཉམ་བྱ་དང་གྲུབ་བདེ་དབྱེར་མ་མཆིས་པའི་གཤིས་སུ་གྲུབ་པས་སོ ། །

ཁོ་བ་ཚོར་མཚོན་ན་ཡར་གི་དགོན་གྲལ་དང་། མར་གི་སྡེ་གྲལ་གང་ལའང་མ་ཚུད་པའི་ཕུང་བོ་གསུམ་པའི་རྒྱ་ཁབ་ཀྱི་སྤྱི་འབངས་ཤིག་ཆགས་ཡོད་པས་ཁེག་ཡོད་པ་མ་རེད ། གཉིས་ནས་དགེ་རྒན་ངོ་མ་ཚོ་ནི་ཆེད་ལས་ལ་ཁ་ཕྱོགས་དང་ངེས་གཏན་མེད་པའི་ཡིག་རྨོངས་པ་ཡིན་པའི་ཁར་སློབ་ཁྲིད་ནི་ཟླ་ཕོག་གི་ཆེད་དུ་མ་གཏོགས་འདང་རྒྱག་མི་ཤེས་པ་དང་ ། སློབ་གསོ་ལས་རྐང་ན་ཁང་བའི་རྒྱ་ཁྱོན་དང་རླང་འཁོར་གྱི་གོང་ཚད་འགྲན་བཞིན ། ཞིང་བའི་སྨན་རྩྭའི་ཡོང་འབབ་ལ་ཧེབ་ལངས་ནས་ཉིན་ལ་མཚན་མཐུད་དེ་སྨན་རྩྭའི་རྨི་ལམ་རྨི་བཞིན་པ ། རང་ཉིད་ནི་ནམ་ཡང་སློབ་མ་ཚོར་དབང་བསྒྱུར་མཁན་དང་། སློབ་མ་ནི་ནམ་ཡང་རང་ཉིད་ཀྱི་དབང་བསྒྱུར་བྱར་འདོད་པ་སོགས་ཀྱི་རྐྱེན་སྣ་ཚོགས་པས་དགེ་རྒན་གྱི་དཔུང་སྡེ་དགའ་ཞིག་མེད ། དེ་བས་གཅན་ཚའི་སློབ་གསོ་ནི་ནམ་ཡང་ཁ་ཐུར་ལྟ་ཡིན་ནོ ། གལ་ཏེ་ངས་བཤད་པ་འདི་སྒྲོ་འདོགས་ཡིན་ན ། ད་ལྟའི་ཆར་གཅན་ཚ་ས་ཁུལ་ཁྱོན་ཡོངས་ན་སྐྱེ་དངོས་དངོས་རྫས་གསུམ་དང་། ས་ཁམས་ལོ་རྒྱུས་ཀྱི་སློབ་ཁྲིད་རང་ཅོག་ཐུབ་པའི་དགེ་རྒན་ག་ཚོད་ཡོད་དམ ། དེ་ལ་ཨང་ཀིས་མཚོན་པར་བྱེད་དགོས་ཚེ་ཀླད་གོར་མ་གཏོགས་གཞན་ཅི་ཞིག་ཡོད །

དགེ་རྒན་གྱི་དཔུང་སྡེ་རུལ་བ་དང་རྙིད་པ་ཡིན་སོང་ན་དེའི་རྗེས་སུ་འབྲང་བའི་སློབ་མ་རུལ་མྱགས་དང་རྙིད་སྐམ་ཡིན་པ་བཤད་མ་དགོས་པ་ཞིག་རེད ། དེ་ལྟ་བུའི་དགེ་རྒན་གྱི་དཔུང་སྡེ་ཅིག་ལ་མི་བུ་སྒར་གྱི་ངོས་ནས་སློབ་ཐོན་ལག་ཁྱེར་རྒྱ་སྒོ་འདྲ་མ་ཞིག་ཡོད་པ་ལས་སྙིང་བོ་ནི་ཆུ་ཤིང་ལས་ཀྱང་དབེན་པའི་ཆོས་སུ་གྲུབ་པ་མིག་སྔར་ལྷུང་བའི་གནས་ཚུལ་དངོས་སོ །། དེ་བས་བསླབ་གཞིའི་གཙོ་ཕལ་གྱི་དབྱེ་བ་དགར་སྟངས་ཐད་ལའང་ནོར་འཕྱུག་ཚབ་ཆེན་པོ་བྱུང་གི་ཡོད་པ་ཡིན ། ཤེས་རིག་དབང་འཛིན་ལས་ཁུངས་ཀྱི་འགོ་བ་དང་སློབ་གྲྭ་སོ་སོའི་སློབ་གཙོ་ནི་རིགས་རྒྱུད་གཅིག་ནས་བརྒྱུད་པའི་ཚོགས་པ་ཡིན་ཞིང་ ། ཚོགས་པ་དེའི་མིང་ལ་“གཤེད་མ་ཚོགས་པ“ཟེར ། མིང་འདིར་ངས་གསལ་འགྲེལ་མ་བྱས་ཀྱང་ཚང་མས་ཤེས་ཐུབ ། འགོ་བ་ཚོར་སློབ་གསོའི་ལས་སྒྲུབ་ཐད་ཀྱི་ཉམས་མྱོང་མེད་པ་དང་། དཀྱུས་མ་ཚོར་ཆེད་ལས་རང་བཞིན་གྱི་དགེ་རྒན་ཉུང་པས ། བསླབ་གཞི་ཁག་ལས་གང་དག་ནི་གཙོ་བོ་དང་གང་དག་ནི་ཕལ་བའི་དབྱེ་འབྱེད་ཀྱི་ཤེད་མོང་ཙམ་ཡང་མེད་སོང་པ་རེད ། སྤྱི་བཏང་ནས་བཤད་ན་གོ་ལ་འདིའི་སྒང་འཚོ་ཞིང་གནས་བར་བྱེད་པའི་འགྲོ་བ་མིའི་རིགས་ལ་མཚོན་ན ། དངོས་བོའི་གནས་ལུགས་དང་ ། རྫས་ཀྱི་འགྱུར་བ་གཉིས་སུ་མ་འདུས་བའི་ཤེས་བྱ་གཞི་མ་གྲུབ་ལ ། ཁམས་ཀྱི་རབ་དབྱེ་དང་། རྒྱལ་རབས་ལོ་རྒྱུས ། འཕྲོད་བསྟེན་སྐྱེས་ལུགས ། ཆབ་སྲིད་དམག་དོན་བཅས་ནི་དེ་གཉིས་ལས་འཕྲོས་པའི་གྲྭ་ཟུར་དང་། བོད་རྒྱ་སྐད་ཡིག་དང་དབྱིན་ཡིག་སོགས་ནི་དེ་གཉིས་མཚོན་བྱེད་ཀྱི་སྐད་རིགས་དང་། ཨང་རྩིས་ནི་དེ་གཉིས་ཀྱི་ངོ་བོ་དང་གཤིས་ལུགས་ལ་དཔྱོད་སྤྱད་ཀྱི་ལག་ཆ་ཡིན་པས །མི་ཞིག་གི་འཚོ་གནས་སྙང་བོ་ཅན་དུ་བསྐྲུན་དགོས་ཚེ་ངེས་བར་དུ་རྫས་དངོས་རིག་པའི་སློབ་གསོའི་རྨང་བརྟན་པོ་ཚུགས་སུ་འཇུག་དགོས ། དེ་ནི་ད་བར་གྱི་སྤྱི་ཚོགས་དང་ཤིན་ཏུ་འཚམས་པའི་སློབ་གསོ་ཡིན་ལ ། མ་འོངས་པའི་སྤྱི་ཚོགས་སུའང་ཤིན་ཏུ་འཚམས་པའི་སློབ་གསོ་ཡིན་པར་ཁོ་བོས་སྨྲ་ཆོག འདས་ཟིན་པའི་ལོ་ངོ་མང་པོའི་རིང་ནས་ད་བར་དུ་གཅན་ཚ་ས་ཁུལ་ལ་ས་ཁམས་དང་། སྐྱེས་དངོས་རིགས་པའི་ཆེད་ལས་དགེ་རྒན་བྱུང་མྱོང་མེད་ལ ། རྫས་དངོས་རིག་པའི་དགེ་རྒན་ལ་ཕུག་རྙིད་པ་ལྟ་བུ་གཅིག་གཉིས་རེ་ཡོད་མོད་ཀྱང་ ། ཁོང་ཚོས་ཀྱང་དཔེ་ངོ་ན་གནས་པའི་སྤྱི་འགྲོས་དགོས་ཁ་ཤས་ཡར་བསྐོར་མར་བསྐོར་ཙམ་བྱེད་ཤེས་པ་ལས་ཐ་ན་དངོས་ལུགས་དང་རྫས་འགྱུར་ཀྱི་ཐ་སྙད་ལའང་གོ་བ་ཡག་པོ་ལོན་མེད་བདག་གིས་མངོན་སུམ་དུ་མཐོང་མྱོང་ ། འདི་ནི་དགེ་བཟོ་བ་དཀྱིས་མ་ཚོར་བཤད་ཀྱི་ཡོད་པ་མ་རེད ། མ་གཞི་ཤེས་རིག་དབང་འཛིན་ལས་ཁུངས་ཀྱི་དབང་འཛིན་པ་དང་ ། སློབ་གྲྭ་སོ་སོའི་རུས་པ་འཆའ་རྒྱུ་སྤྲོ་བའི་འགོ་བ་ཚོར་དགེ་རྒན་གྱི་དཔུང་སྡེ་གསར་བའམ་གྱ་ནོམ་པ་ཞིག་སྐྱེད་སྲིང་བྱེད་པའི་འདུ་ཤེས་ཕྲ་མོ་ཙམ་ཡང་མེད་པར་ལན་སོང་བ་རེད ། ཆེད་ལས་དགེ་བཟོ་བའི་དཔུང་སྡེ་ཚུགས་མ་ཐུབ་ཚེ་བསླབ་གཞི་གཙོ་ཕལ་གྱི་དབྱེ་བ་ནི་ནམ་ཡང་དགར་ཤེས་མི་ནུས་ལ །། ཡང་དག་པའི་སློབ་ཁྲིད་ཀྱི་ལམ་ཁ་ཞིག་ནི་དེ་བས་ཀྱང་མི་རྙེད་དོ །།

ཆེད་ལས་དགེ་རྒན་གྱི་དཔུང་སྡེ་འཛུགས་བསྐྲུན་བྱེད་པ་ནི་ཤེས་རིག་དབང་འཛིན་ལས་ཁུངས་གཅིག་པུའི་འོས་འགན་མ་ཡིན་པར་རྫོང་སྲིད་གཞུང་ལའང་ཉེ་བར་གཏུགས་ནས་ཡོད་པ་ཞིག་ཡིན ། ད་བར་གྱི་ས་གནས་སྲིད་གཞུང་ཁུག་གི་འགོ་བ་ཚོར་བདེ་འཇགས་ལས་སློབ་གསོ་མི་དགོས་པ ། ནོམ་པ་ལས་མི་དམངས་མི་དགོས་པའི་ཚད་དུ་ལྷུང་འདུག་པ་བཟོད་དཀའ་བའི་སེམས་ཀྱི་སྐྲན་ནད་ཅིག་ཏུ་གྲུབ་ཡོད ། བསམ་བློ་གཏོང་ཤེས་ན་རང་ཉིད་ཀྱི་གོ་ས་ཚེ་ཚད་ནི་ལོ་བཞི་ལྔ་ཙམ་ཡིན་ན ། ས་གནས་སློབ་གསོ་ནི་ས་གནས་དེའི་སྐལ་བ་མ་སྟོང་གི་ཤི་གསོན་ལ་རེག་ལས་པས་བསྡུར་རྟགས་ཀྱི་ལོག་གཉིས་ན་མཚུངས་རྟགས་མིན་པ་ལོས་ཤེས ། ཁང་བ་འཛུགས་བསྐྲུན་བྱེད་པ་ནི་རོ་སྒམ་གསེར་གྱིས་གཡོགས་པ་དང་གཉིས་སུ་མ་གྲུབ་པས། གཅན་ཚ་མི་དམངས་ཀྱི་བདེ་སྡུག་བསམ་པའི་རྫོང་གི་འགོ་ཁྲིད་ཅིག་ཡིན་ན ། ད་ནས་བཟུང་སྟེ་དམངས་ཀྱི་འགོ་ལོ་ལམ་དུ་མི་ཁྲིད་པར་འོད་ཟེར་སྟོང་ལྡན་གྱི་ལམ་ཁ་ཞིག་ཏུ་ཁྲིད་རྒྱུ་ནི་ང་ཚོ་གཅན་ཚ་མི་དམངས་ཀྱི་སྙིང་གི་འདོད་བློ་ཉག་གཅིག་ཡིན །

ཁ་སང་དེ་རིང་གི་སློབ་གྲྭའི་ཁོར་ཡུག་དང་འགོ་བའི་བྱེད་ཕྱོགས ། རྫོང་སྲིད་གཞུང་མངོན་འདོད་ལ་བལྟས་ན་སློབ་གྲྭ་ནི་བཟང་བཙོན་ཁང་ལྟ་བུ་ཞིག་ལ་མ་གཏོགས་ངོས་འཛིན་ཐུབ་ཀྱི་མི་འདུག དཔེར་ན ། ད་ལོའི་མཐོ་རྒྱུགས་སྐབས་ཀྱི་ཞིང་ཆེན་རིམ་པའི་རྒྱུགས་འབྲས་ཨང་རིམ་དང་། ཁུལ་རིམ་པའི་ཨང་རིམ་སྒྲིག་པའི་སྐབས་སུ ། གཅན་ཚ་ལྡོག་མའི་ཨང་རིམ་དང་པོར་སླེབས་པའི་དུས་སུའང་འཛིན་བདག་དགེ་རྒན་ཁ་ཤས་ཞིག་ལ་མ་གཏོགས་ན་ཟུག་སྐྱེས་མྱོང་མེད་པ་ལྟ་བུ་རེད །

སྐད་ཆ་མང་ན་འདའ་འགྲོ ། ། སྐུད་པ་རིང་ན་ཆད་འགྲོ ། ། ཞེས་པའི་དཔེ་ལྟར། མང་བོ་བཤད་ན་མང་འགྲོ་པས ། ད་ཐེངས་རགས་མོ་འདི་ཙམ་གྱིས་མཐུས་པར་བྱོས ། རྗེས་ཕྱོགས་དུས་ཚོད་ཀྱི་ཁོམ་པ་བྱུང་ཚེ་ག་ལེར་གླེང་ཆོག ད་ཐེངས་ཀྱི་ཡིག་གེ་འདི་ལུང་དང་རིགས་པའི་རྒྱས་བཏབ་མེད་ལ ། རྫུན་དང་ཕྲ་མས་སྒྲོ་བཏགས་མེད་པར་གཅན་ཚ་བ་ཞིག་གིས་གཅན་ཚའི་མ་འོངས་པར་བཅིངས་པའི་རེ་བ་རྟ་རྔ་ཙམ་བྲིས་ཡོད །

མཇུག་མཐར ། གཅན་ཚ་རྫོང་སྲིད་གཞུང་དང་། ཤེས་རིག་དབང་འཛིན་ལས་ཁུངས ། སློབ་གྲྭ་སོ་སོའི་འགོ་བ་ཚོས་གཅན་ཚའི་གཞོན་ནུ་རྣམས་ཀྱི་སློབ་གསོར་དང་དོད་གཟབ་ནན་རེ་བྱེད་རྒྱུ་སེམས་བསམ་པའི་གཏིང་ནས་སྨོན་འདུན་ཞུ ། ཁྱེད་ཚོའི་སེམས་ཁམས་ན་སློབ་གསོ་ལ་དོ་སྣང་མེད་པའི་ནད་ཡམ་དེའི་ཆེད་དུ་གཅན་ཚ་མི་དམངས་ཀྱིས་མ་ཎི་དུང་སྒྲུབ་བྱས་ཆོག་ལ། མཁའ་འགྲོའི་སྟོང་ཚོགས་འཁོར་བསྐོར་ཆོག་གོ།

བཀྲ་ཤིས་བདེ་ལེགས །

ཞེས་གཅན་ཚའི་མི་དམངས་ལ་ཤ་ཚ་སྙིང་ནས་ཆེ་བའི་བསམ་བློ་སྨྲ་བ་གཅན་རང་སྐྱེས་ཀྱིས་ཀླུང་ཆེན་མོ་རྨ་གཡང་ཕྱུག་མོའི་འགྲམ་རྒྱུད་ནས་ཕུལ་ལོ །།
2014.8.31 ཉིན །