བོད་ཀྱི་དཔེ་ཚོང་ཁང་བཤེར་སྐབས། སྤྱི་ཚོགས་ཚན་རིག་དང་རྩོམ་རིག་བརྗོད་བྱ་བྱས་པའི་དཔེ་དེབ་ཀྱིས་བཀང་འདུག རྒྱ་མིའི་དཔེ་ཁང་ནང་སོང་ནས་བལྟས་ན། སློབ་མའི་སློབ་སྦྱོང་ལྷན་ཐབས་དང་རྒྱུགས་གཞིས་བཀང་ཡོད། ཁྱད་པར་དུ་རྒྱ་ཡུལ་གྱི་གཞི་རིམ་གྱི་རྫོང་གྲོང་ཁག་ལ་སླེབས་ན། ཁོ་ཚོའི་དཔེ་ཁང་ནང་ནས་དར་མ་ཚོས་ཀློག་རིན་ཡོད་པའི་དེབ་ཞིག་ལོན་དགོས་ན་ཁག་པོ་རེད། གྲོང་ཁྱེར་ཆེ་བ་དག་གི་དཔེ་ཁང་ནང་རིག་བརྒྱ་མཉམ་བཞད་ཀྱི་རྣམ་པ་ཙམ་ཡོད་རུང་། དར་མ་ཚོའི་ཀློག་བྱ་གཙོ་བོ་བརྩམས་སྒྲུང་དང་ཁེ་ལས་ཀྱི་ཕྱོགས་རེད་འདུག་པ་མ་ཟད་སློབ་མའི་ཀློག་དེབ་ནི་རིགས་གཞན་ལས་ལྡབ་ལོག་གིས་མང་བ་རེད། སྣང་ཚུལ་འདི་ཡིས་མི་རིགས་གཉིས་ཀྱི་ཀློག་པ་པོའི་རྣམ་པ་རགས་བྲིས་བྱས་ནས་ཡོད་པ་མ་ཟད། གཟབ་ས་ནས་བལྟས་ན། དེ་ཡིས་མི་རིགས་གཉིས་ཀྱི་ཤེས་རིག་གི་ཁོར་ཡུག་དང་ཤེས་རིག་ལ་རིན་ཐང་གཞལ་སྟངས་མི་འདྲ་བ་གཉིས་ཡོད་པ་བསྟན་འདུག རྒྱ་མི་ནི་ཁེ་ཕན་རིང་ལུགས་ཀྱི་ཤུགས་ཆེ་བ་དང་། སློབ་མ་ནི་ཁོ་ཚོའི་ཀློག་པ་པོའི་གཙོ་རྒྱུགས་ཡིན་པ་དང་། དར་མའི་དཔེ་ཀློག་ནི་ངལ་གསོའི་དམིགས་ཡུལ་ཙམ་དུ་ཟད། འོན་ཀྱང་རྒྱལ་སྤྱིའི་སྟེང་གི་དཔེ་ཀློག་རྩིས་བསྡོམ་སྣ་ཚོགས་ནས་ཐོན་པའི་མཇུག་འབྲས་ལྟར་ན། རྒྱ་མི་ཡང་དེ་འདྲའི་དཔེ་ཀློག་ལ་དགའ་བའི་མི་རིགས་ཞིག་མ་ཡིན་ཏེ། དེ་བས་ཕྱིར། ཁོ་ཚོའི་ཤེས་ཡོན་པ་ཚོས་ནམ་ཡང་མི་མང་ལ་དཔེ་ཀློག་གི་སྐུལ་མ་འདེབས་བཞིན་ཡོད་པ་རེད་ལ། མང་པོ་ཞིག་གིས་ཁོར་ཡུག་དེ་འདྲིའི་ཁྲོད་ནས་རྒྱ་མི་ལ་བསམ་བློ་བ་རླབས་ཆེན་བྱུང་མི་སྲིད་ཟེར་ནས་ཁ་ཚོད་ཀྱང་བཅད་ཡོད་པ་རེད། གང་ལྟར། དཔེ་ཀློག་ངོས་ནས་བཤད་དུས། བོད་མི་ནི་རྒྱ་མི་ལས་ཀྱང་ཤིན་ཏུ་དམའ་བའི་གནས་ཚད་ཞིག་ན་ཡོད་པ་ཚན་རིག་གི་ཞིབ་འཇུག་མེད་ཀྱང་ཉམས་མྱོང་བློ་ཡིས་དཔོག་ནུས་པ་ཞིག་རེད། འོ་ན། དེ་འདྲའི་རྒྱབ་ཁུངས་འོག་གི་བོད་ཀྱི་ཤེས་ཡོན་པའི་སྡེ་ནི་གང་འདྲ་ཞིག་ཡིན་སྲིད་ཟེར་ན། དཔེ་ཚོང་ཁང་གི་དེབ་རིགས་ཕྱོགས་ལྷུང་གི་སྣང་ཚུལ་དེ་ལས་ང་ཚོར་ལན་ཞིག་སྤྲད་ཐུབ་པ་འདྲ་སྟེ། ང་ཚོའི་ཤེས་ཡོན་པ་ནི་སྤྱི་ཚོགས་ཚན་རིག་གི་ཐང་ནས་ ་་ལེབ་རྒྱུག་་ བྱེད་སྤྲོ་བ་དག་ཡིན་པ་དང་།ནམ་ཡང་རི་བོང་གནམ་བརྡིབས་ཀྱི་སེམས་ནད་བཟུང་སྟེ་གནད་དོན་ཆེན་པོ་དག་ལ་བསམ་གཞིག་བྱས་ནས་བསྡད་ཡོད་པ་འདྲ། མ་ཟད། སྣང་ཚུལ་དེ་ལས་ཀྱང་ང་ཚོའི་ཤེས་ཡོན་པ་ཚོས་དུས་གཅིག་གི་ནང་དུ་ཚང་མས་སྙན་ངག་འབྲི་བཞིན་ཡོད་པ་དང་། དུས་གཅིག་གི་ནང་དུ་ཚང་མས་ཆོས་ལུགས་དགག་བཞིན་པའི་དར་ལུགས་དེ་ནི་ཤེས་རིག་གི་གདམས་ཁ་ཉུང་བའི་རྐྱེན་ཡིན་པ་རྟོགས་ཐུབ། ཤེས་ཡོན་པའི་རང་དབང་ནི་ཤེས་ཡོན་པ་རང་གི་དཔེ་ཀློག་གི་མཐོང་རྒྱ་དེ་ཡིས་ཚོད་འཛིན་བྱས་ཡོད་པ་དང་། ཤེས་ཡོན་པའི་སྐད་ཆ་ནི་མཐོང་རྒྱ་དེའི་སྦུག་ལམ་ནས་ཐོན་པ་ཡིན་ཙང་། ད་ལྟའི་བོད་ཀྱི་ཤེས་ཡོན་པའི་སྨྲ་བརྗོད་ཁྲོད་ན་སྐམ་ཐག་གེར་སོང་བའི་མཁས་བརྒྱ་སྐད་གཅིག་གི་རྣམ་པ་ཞིག་ཐོན་ཡོད་པ་རེད།

ངས་བསམ་པར། སྤྱི་ཚོགས་ཚན་རིག་གིས་འཇིག་རྟེན་ཕན་བདེ་སྒྲུབ་ཡུལ་གྱི་ཁ་ཕྱོགས་དེ་བསྟན་ཡོད་མོད་ཀྱང་། འཇིག་བརྟེན་ཕན་བདེ་སྒྲུབ་བྱེད་ཀྱི་ཡོ་བྱད་དངོས་ནི་རང་བྱུང་ཚན་རིག་རེད། དེ་འདྲ་ཡིན་ན། ང་ཚོས་སྤྱི་ཚོགས་ཚན་རིག་ནི་ཤེས་རབ་དང་རང་བྱུང་ཚན་རིག་ནི་ཐབས་ལམ་རེད་ཅེས་འགྲེལ་བརྗོད་བྱེད་ཆོག་ལ། བོད་ཀྱི་ཤེས་ཡོན་པའི་སྡེ་ཡིས་མུ་གཅིག་ཁོ་ན་སྟེགས་པའི་ལམ་དེ་ནི་ཅི་འདྲའི་ནོར་ཉེས་ཆེན་པོ་ཞིག་ཡིན་པ་རྟོགས་ཐུབ། འདི་ནས་ཡར་ལོ་རྒྱུས་ལ་དེད་ནས་སོང་ན། བསླུ་མེད་ཆོས་དཀོན་མཆོག་གི་ལམ་སྟོན་ཡོད་བཞིན་དུ་བོད་ཀྱི་ལོ་རྒྱུས་ནི་ཕམ་ཁ་བཟློས་མའི་རྒྱུད་རིམ་ཞིག་ལ་གྱུར་བའི་རྒྱུ་མཚན་ཀྱང་རྟོགས་ཐུབ།

ང་ཚོས་རིག་གནས་ལ་ཕྱིར་རྟོག་བྱེད་སྐབས། རང་བྱུང་ཚན་རིག་གི་མྱུ་གུ་གསོན་ཤུགས་ལྡན་པ་ཞིག་བོད་ཀྱི་ཤེས་རིག་ལོ་རྒྱུས་ནང་བྱུང་མྱོང་བ་གསལ་བོ་ཤེས་ཐུབ། གསོ་རིག་དང་སྐར་རྩིས། བཟོ་རིག་གི་ཡན་ལག་སོ་སོ་ལ་ལྟོས་དང་། དུས་མཉམ་གྱི་མི་རིགས་ཆེན་པོ་ཁག་གི་མཐོ་ཚད་ལ་ཟིན་པ་ཞིག་བྱུང་འདུག འོན་ཀྱང་། མྱུ་གུ་དེ་འབུས་ཀྱང་ཡར་རྒྱས་ཐུབ་མེད་དེ། མཐའ་ན་དེ་དག་གི་སྣེ་འདྲེན་ལྟ་བུར་གྱུར་བའི་གསོ་རིག་གི་འཕེལ་རྒྱས་དེ་ཡང་། ཕྱི་མ་ཕྱི་མ་ཡིན་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕྱོགས་བསྡོམས་འཐུས་ཚང་བ་ཞིག་རྒྱག་ཐུབ་བྱུང་བ་ལས། གོང་འཕེལ་གྱི་ཆ་ནི་ཤིན་ཏུ་ཉུང་བའི་ཚོད་རེད། དུས་ཀྱི་ལོ་ཟླ་བརྒྱ་ཕྲག་སྟོང་ཕྲག་བསོགས་ནས་འགྲོ་བཞིན་པའི་བརྒྱུད་རིམ་དེ་ཡི་ཁྲོད་དུ། ཤེས་རིག་གི་གཞི་ཁྱོན་ཞིག་ཅིའི་ཕྱིར་རྒྱ་བསྐྱེད་མ་ཐུབ་པ་ཡིན་ནམ། ལོ་རྒྱུས་སྨྲ་བ་ཚོས་ང་ཚོར་རྒྱུ་མཚན་མང་པོ་བཙལ་ཡོད་རེད། རྩོད་གླེང་ཡང་མང་པོ་བྱུང་ཡོད་རེད། འོན་ཀྱང་ལོ་རྒྱུས་ལ་འགྲེལ་བརྗོད་གང་ལྟར་བྱས་ཀྱང་། ཕྱིའི་ཤུགས་རྐྱེན་ལ་གང་ལྟར་ཁག་དཀྲི་བྱས་ཀྱང་། ལོ་རྒྱུས་ཀྱི་ཐད་ཀའི་མཇུག་འབྲས་ཡིན་པའི་ད་ལྟའི་གནས་བབ་འདི་ལས། ང་ཚོའི་རང་སྟེང་ལ་ཉེས་སྐྱོན་ཞིག་ཡོད་པ་གསལ་བོ་རེད། གནས་བབ་ལ་ལེགས་བསྒྱུར་དགོས་ན་རང་སྐྱོན་དེ་དག་མཐོང་ཞིང་བསྒྱུར་བཅོས་དགོས་པའང་རྟོགས་ནུས།

ང་ཚོས་ལོ་རྒྱུས་ཀྱི་ཁྲོད་དུ་ཤེས་རིག་གི་ཕམ་ཁ་ཐེངས་གཉིས་མྱངས་ཡོད་པ་རེད། གཅིག་ནི་བན་བོན་འཐབ་རྩོད་ཀྱི་ཁྲོད་ནས་བཙན་པོའི་རྒྱལ་ཁབ་བརླགས་པ་དང་། ཐེངས་གཉིས་པ་ནི་གྲུབ་མཐའ་དང་བླ་བྲང་གི་འཐབ་རྩོད་ཁྲོད་ནས་བོད་ཀྱི་དེང་རབས་ཅན་གྱི་གོ་སྐབས་ཤོར་བ་དེ་རེད། ད་ལྟ་ང་ཚོས་ཤེས་རིག་ཡར་བཞེངས་ཀྱི་ལས་གཞི་ཞིག་ལ་ཀུན་པོས་འབད་བརྩོན་རྒྱག་གི་ཡོད་རེད། མ་འོངས་པའི་དུས་རབས་ཀྱི་འགྲན་རྩོད་ནང་ལ་ང་ཚོས་རེ་བ་བཅིང་ནས་རྒྱུགས་ཀྱིན་ཡོད་རེད། འོན་ཀྱང་ལོ་རྒྱུས་ཕམ་ཁ་དེ་གཉིས་ཀྱི་བསླབ་བྱ་ངོས་ལེན་མ་ཐུབ་པ་ཡིན་ན། ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེ་བ་དེ་གཉིས་ང་ཚོས་ད་ལམ་ནས་དོ་སྣང་མ་བྱས་པ་ཡིན་ན། ང་ཚོ་ནི་མིག་བཙུམས་ནས་ཧོར་རྒྱུགས་བྱེད་བཞིན་ཡོད་པ་རང་རེད། དེ་བས། དཔེ་ཀློག་ལས་མངོན་པའི་ཤེས་རིག་གི་ཁོར་ཡུག་དང་ཤེས་ཡོན་པའི་གནས་བབ་ནི་ཤིན་ཏུ་གལ་ཆེ་བ་ཡིན།

ཤེས་རིག་གི་ཕམ་ཁ་ཐེངས་དང་པོ་དེ་གང་ལྟར་བྱུང་བ་རེད་ཅེ་ན། ཐོག་མར་སྲོང་བཙན་ནས་ཁྲི་སྲོང་ལྡེའུ་བཙན་བར་ལ་ཤེས་རིག་གི་འཕེལ་རྒྱས་ཆེ་ཤོས་དེ་བྱུང་བ་དང་། ཐུ་བྷོད་ཀྱི་ཤེས་རིག་གི་ཡང་རྩེ་དེ་དུས་ནས་ཟིན་པ་རེད། མཐོ་ཚད་འདི་དེ་བཞིན་ལོ་ངོ་བརྒྱ་ཕྲག་གི་ནང་དུ་བརྟན་པོར་ཆགས་ཐུབ་པར་བྱུང་བ་དང་། སྐབས་དེའི་མི་རིགས་ཆེ་ཁག་གི་དབུས་ནས་རང་གི་སྟོབས་ཤུགས་འཛིན་ཐུབ་པ་བྱུང་ཡོད། འོན་ཀྱང་། འུ་དུམ་བཙན་པོ་ཁྲི་ལ་འཁོད་རྗེས། ཁོང་གིས་སྔར་གནས་ཀྱི་བན་བོན་འཐབ་རྩོད་དེ་ཕྱོགས་ཡོངས་ཀྱི་ཆབ་སྲིད་འཐབ་རྩོད་ཞིག་ཏུ་བསྒྱུར་བ་དང་། བན་བོན་ཤེས་ཡོན་པའི་སྡེ་ཁག་གི་སྟོབས་ཤུགས་དོ་མཉམ་གཏོར་བཤིག་བཏང་བ་རེད།ཁྲི་སྲོང་ལྡེའུ་བཙན་གྱི་རྗེས་ནས་ཆགས་པའི་ཤེས་རིག་གི་རང་དབང་ཁོར་ཡུག་དེ། བཙན་པོའི་བཀའ་རྒྱ་ཞིག་གིས་རྩ་མེད་དུ་བཟོས་པ་མ་ཟད། ནང་ཆོས་ཀྱི་ཤེས་ཡོན་པའི་སྡེ་ལ་ཁྲག་དྲི་བྲོ་བའི་གཉའ་གནོན་བྱས་པ་རེད། ད་སྐབས་ལོ་རྒྱུས་སྨྲ་མཁན་མང་པོ་ཞིག་གིས། སོ་སོའི་ལངས་ཕྱོགས་ལ་རྒྱབ་བརྟེན་འཚོལ་ཆེད། ལྷ་ལུང་དཔལ་རྡོ་ལ་ཤེས་རིག་དམར་སྲོད་བྱེད་མཁན་གྱི་ཉེས་མིང་ཞིག་འཛུགས་ཐབས་བྱེད་བཞིན་ཡོད་མོད། འོན་ཀྱང་། ལྷ་ལུང་དཔལ་རྡོའི་མཛད་བྱ་ནི་ནང་ཆོས་རང་སྟེང་ནས་སོང་ན་འགྲིག་མིན་གྱི་ཐེ་ཚོམ་ཞིག་ཡོད་པ་ལས། ལོ་རྒྱུས་འཕེལ་འགྱུར་གྱི་ཆོས་ཉིད་གཞི་བྱས་ནས་དཔྱད་ན། འུ་དུམ་བཙན་པོ་བཀྲོངས་གྱུར་བ་ནི་འབྱུང་ངེས་ཀྱི་དོན་དག་ཞིག་ཡིན། འུ་དུམ་བཙན་པོས་རྒྱལ་སྲིད་འཛིན་སྐྱོང་དེ་ཤེས་རིག་སྒེར་གཅོད་ཀྱི་ཐབས་ལམ་ལ་བརྟེན་དགོས་དྲན་པ་དེ་ནས་བཟུང་། བཙན་པོའི་རྒྱལ་སྲིད་དེ་རལ་གྲིའི་ཁ་ལ་བཞག་པ་རེད། སྔ་ཕྱི་མ་གཏོགས།བཙན་པོའི་རྒྱལ་རབས་ནི་འུ་དུམ་བཙན་པོའི་སྲིད་ཇུས་ཀྱི་ནག་ཉེས་ཀྱི་ཆེད་དུ་རྫོགས་འགྲོ་ངེས་རེད། དེ་བས། ལྷ་ལུང་དཔལ་རྡོ་ནི་ལོ་རྒྱུས་ལ་བཟོ་བཅོས་བྱེད་མཁན་ཞིག་སྦད་ནས་མ་ཡིན་པར། ཁོ་ནི་ལོ་རྒྱུས་ཀྱིས་སྟངས་འཛིན་བྱས་པའི་རྡེའུ་ཙམ་ཡིན། །

སྤྱི་ཚོགས་ནི་འགལ་ཟླ་དང་མཐུན་སྦྱོར་གཉིས་ལྡན་གྱི་ཕུང་བོ་ཞིག་ཡིན་ཕྱིན། སྤྱི་ཚོགས་ཀྱི་དབང་ཆ་འཛིན་མཁན་དག་གིས་རང་གི་ཉེ་རིང་ཆགས་སྡང་ཞིག་གིས་འགལ་ཟླ་དེ་དག་ཚར་གཅོད་བཟོས་ཞིང་མཐུན་སྒྲིལ་ཁོ་ན་གནས་པའི་རྫོགས་ལྡན་གྱི་མི་རིགས་ཞིག་བཞེངས་དགོས་ཟེར་ན། དེ་ནི་སྤྱི་ཚོགས་འཕེལ་བསྐྱོད་ཀྱི་ཆོས་ཉིད་བཅོས་བསྒྱུར་བྱེད་པའི་ཧམ་པ་རང་ཡིན་ཏེ། དེ་འདྲིའི་ལས་སྟངས་ཀྱི་མཐའ་འབྲས་ནི་དམིགས་ཡུལ་དང་ཡོངས་སུ་ལྡོག་ཏེ། སྤྱི་ཚོགས་ཀྱི་གྲུབ་ཆ་དང་ནུས་ཤུགས་དེ་དག་རང་ལམ་ནས་ཁ་བྱོལ་ཏེ། འགལ་ཟླ་ཛ་དྲག་ཏུ་ཕྱིན་འགྲོ་བ་མ་ཟད། སྤྱི་ཚོགས་ཀྱི་གོང་བུ་དེ་ཕྱིར་མི་ལྡོག་པའི་ཉེན་ལམ་ལ་ཁྲིད་འགྲོ་བ་ཡིན། འུ་དུམ་བཙན་པོའི་ལོ་རྒྱུས་ནི་གནས་ལུགས་དེའི་གསོན་དཔེ་རེད།

འོན་ཀྱང་། འགའ་རེ་ཞིག་གིས། འུ་དུམ་བཙན་པོས་ཤེས་རིག་གི་འགལ་ཟླ་གཅིག་སྒྲིལ་བྱེད་པ་དེ་ནི་ནོར་བ་མ་ཡིན་ཏེ། ཁོའི་ནོར་བ་ནི་རྗེས་ལུས་ཀྱི་ཤེས་རིག་ཞིག་གིས་ཡར་ཐོན་ཅན་གྱི་ཤེས་རིག་ཞིག་ལ་གཅིག་སྒྲིལ་བྱས་པ་དེ་ཡིན་ཟེར། བཤད་ཚུལ་འདི་ནི་ཕྱོགས་ལྷུང་གི་སྐད་ཆ་ཞིག་ཡིན་པ་མ་ཟད། སྒེར་གཅོད་ལ་རྒྱབ་སྐྱོར་འཚོལ་ཐབས་བྱེད་པའི་བཤད་སྲོལ་ཞིག་ཡིན། ཁོ་པ་ཚོས་བོན་ལ་རྗེས་ལུས་ཀྱི་ཤེས་རིག་གི་མིང་སྦྱར་བ་དེ་ལས་ཕྱོགས་ལྷུང་གི་ཆ་མངོན་པར་ཐོན་འདུག་པ་མ་ཟད། ང་ཚོས་བོད་ཀྱི་ལོ་རྒྱུས་ཀྱི་ཕམ་ཁ་གཉིས་པ་ལ་དཔྱད་ཞིབ་བྱས་ན། བཤད་ཚུལ་དེ་ལ་གནས་ལུགས་ལྡན་མིན་གསལ་ཐུབ།

ང་རང་ནང་བའི་རྗེས་འཇུག་ཞིག་ཡིན་པའི་ཆ་ནས། བསྟན་པ་ལ་སྐྱོན་དང་ཉེས་པ་གང་ཡང་མཐོང་གི་མེད་པ་མ་ཟད། དེ་ནི་ཡོན་ཏན་ཆ་རྫོགས་དང་ཡང་དག་གི་ལྟ་བ་ཞིག་ཡིན་པར་ཡིད་ཆེས་བྱས་ནས་ལག་ལེན་གང་ཐུབ་བྱེད་པ་རེད། འོན་ཀྱང་། ཆོས་དང་ལུགས་ནི་ཤིན་ཏུ་མི་འདྲ་སྟེ། ཆོས་ནི་བསླུ་བ་མེད་པའི་སངས་རྒྱས་ཀྱི་དགོངས་དོན་ཡིན་པ་དང་། ཆོས་དར་སྤེལ། རྒྱུད་འཛིན་བྱེད་ཐབས་སུ་གྱུར་བའི་ལུགས་དེ་ནི། གང་ཟག་གི་སྲོལ་དང་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་ཆགས་པ་ཞིག་ཡིན་ཙང་། དེ་ནི་སྲོལ་རྒྱུན་ཞིག་ལ་བརྩི་བ་ལས།བཅོས་ཐབས་མེད་པའི་བདེན་དོན་ཞིག་ལ་བརྩི་མི་རུང་ངོ་། ལུགས་ནི་དེ་བཞིན་དུས་དང་འདུལ་བྱའི་འཕོ་འགྱུར་ལ་བསྟུན་དགོས་པ་ཞིག་ཡིན་པ་ལས། གནའ་བོར་དེ་འདྲ་ཞིག་ཡིན་པས། དེང་སང་ཡང་དེ་ལྟར་གནས་དགོས་ཟེར་ན་ནི་མགོ་བོ་མཁྲེག་པོ་ཅན་གྱི་གུ་དོག་ཞིག་ཡིན་རྒྱུ་ལས། ཆོས་ཀྱི་ཕན་ཡོན་འཛིན་སྐྱོང་སྤེལ་གསུམ་ལ་ལྷག་བསམ་གྱི་སྲི་ཞུ་སྒྲུབ་མཁན་ཞིག་ཡིན་ན། དེ་འདྲའི་ཨུ་ཚུགས་ཞིག་འཛིན་རྒྱུ་མ་རེད། འོན་ཀྱང་། ལོ་རྒྱུས་ཐོག་ཏུ། ང་ཚོས་ཆོས་དང་ལུགས་གཉིས་གོ་འཛོལ་བྱས་ནས་བསྟན་པ་དེ་ཉིད་དང་བསྟན་པའི་འདུལ་བྱར་གྱུར་བའི་མི་རིགས་འདིའི་ལས་དབང་ལ་གནོད་རྐྱེན་ཆེན་པོ་བཟོས་ཡོད་པ་ནི། བོད་ཀྱི་ལོ་རྒྱུས་ཀྱི་སྐྱོ་གར་གཉིས་པ་དེས་གསལ་བཤད་བྱས་ཡོད།

སྐབས་དེར། བཙན་པོའི་རྒྱལ་རབས་འཐོར་བའི་བརྡབས་གསིག་ལས་ཅུང་ཐར་མ་ཐག བོད་མི་རིགས་ཀྱི་ཤེས་རིག་སླར་གསོའི་དུས་རབས་མགོ་བརྩམས་པ་རེད། ཡོངས་གྲགས་སུ་བསྟན་པའི་མེ་རོ་མདོ་ཁམས་ཡུལ་ནས་གསོས་ཟེར་བ་ཞིག་དང་། ཤེས་ཡོན་པ་མང་པོ་རྒྱ་གར་ལ་སླེབས་ནས་ཤེས་རིག་ནང་འདྲེན་བྱས་པ་སོགས་ཡོད། དེ་འདྲའི་ཧུར་བརྩོན་དང་དཀའ་བ་སྤྱད་ནས། བོད་ཀྱི་གནས་སྟངས་ལ་ཡར་རྒྱས་ཀྱི་རྣམ་པ་ཞིག་དོད་པ་རེད། ཡིན་ནའང་། ཐེངས་འདིར། ཤེས་ཡོན་པ་ཚོས་འུ་དུམ་བཙན་པོའི་སྐབས་ཀྱི་ཉམས་མྱོང་ཐོབ་ནས། ཤེས་རིག་གི་ཚེ་སྲོག་ནི་ཤེས་ཡོན་པའི་ལག་ཏུ་ཡོད་དགོས་པ་དང་། ཤེས་ཡོན་པའི་དབང་ཐང་ནི་སྤྱི་ཚོགས་ནུས་ཤུགས་ཡོད་ཚད་ཀྱི་སྟེང་དུ་ཡོད་དགོས་པ་མོས་མཐུན་བྱས་སོང་བ་རེད། དེ་འདྲིའི་རྩ་ཚིག་གཞིར་བྱས་ནས། ཆོས་གཙོ་སྲིད་ཕལ་བྱེད་པའི་ལུགས་ཞིག་གསར་གཏོད་བྱས་པ་རེད། འོན་ཀྱང་། ཁོ་ཚོས་འུ་དུམ་བཙན་པོའི་བསྟན་པ་བསྣུབས་པའི་རྒྱུ་དང་འབྲས་བུ་མངོན་སུམ་དེ་མཐོང་ཡོད་ཀྱང་། གལ་ཟླ་དང་མཐུན་སྒྲིལ་གཉིས་ལྡན་གྱི་སྤྱི་ཚོགས་ཆོས་ཉིད་དེ་མཐོང་ཐུབ་མེད། དེ་ཡིན་ཙང་། ཁོ་ཚོས་བསླར་ཡང་སྒེར་གཅོད་ཀྱི་ལམ་ལུགས་ལ་བརྟེན་ནས་ཤེས་རིག་འཛིན་སྐྱོང་མཛད་པ་རེད།

ཆོས་དང་ལུགས་གཉིས་དབྱེར་མེད་བྱས་ནས། སྤྱི་ཚོགས་ཀྱི་ཁ་ཕྱོགས་ཡོངས་སུ་བསྒྱུར་བ་དེར་བརྟེན། རིམ་བཞིན། སྤྱི་ཚོགས་ཆོས་ལུགས་སུ་བསྡུས་པ་དང་། ཆོས་ལུགས་བླ་མ་ལ་བསྡུས་པའི་རྣམ་པ་དེ་བྱུང་བ་རེད། ཤེས་ཡོན་པ་ཚོས་ཆེས་ཐོག་མར། ཤེས་རིག་གཅིག་སྒྲིལ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འགལ་ཟླ་སེལ་དགོས་པའི་རེ་འདུན་བཅིང་བ་ཡིན་མོད། ཁོ་ཚོས་རེ་བཅོལ་བྱེད་སའི་ལམ་ལུགས་ནི་རང་དབང་ལ་གནོད་པའི་སྒེར་གཅོད་ཞིག་ཡིན་ཙང་། འགལ་ཟླ་རྙིང་བ་དེ་དག་ཞི་བ་བྱས་མ་ཐག གྲུབ་མཐའི་འགལ་ཟླ་གསར་བ་དེ་དག་བྱུང་བ་རེད། རང་དབང་གི་ཤེས་རིག་ཁོར་ཡུག་དང་། ཚན་རིག་གི་མྱུ་གུ་འབུས་མགོ་བརྩམས་བཞིན་པའི་དུས་རབས་གཉིས་པ་དེ། དེ་ལྟར་བྱས་ནས་རྫོགས་མཐའ་མེད་པའི་གྲུབ་མཐའི་འཐབ་རྩོད་ནང་ལྷུང་བ་རེད། ཐེངས་འདིར། ཡང་བསྐྱར་ཐེངས་གཅིག་ལ། ཤེས་རིག་གི་དབང་ཆ་དེ་ཤེས་ཡོན་པའི་ལག་དུ་མ་སོང་བར། གྲུབ་མཐའ་ལ་གཞི་བཅོལ་བྱས་པའི་ཆོས་ལུགས་དབང་འཛིན་གྱིས་ཁ་ལོ་བསྒྱུར་བ་རེད། དུས་དེ་ནས་བཟུང་།ཤེས་ཡོན་པ་ཚོ་ལ་རང་དབང་གི་བསམ་བློའི་ཁོར་ཡུག་ཞིག་མེད་པར། རང་གི་དད་པ་དག་ཐེར་བྱེད་ཆེད་གྲུབ་མཐའི་རྩོད་གླེང་ནང་མི་ཞུགས་ཐབས་མེད་བྱུང་བ་དང་། ཁོ་ཚོས་ཤེས་རིག་གི་གྲུབ་ཆ་མང་ཆེ་བ་དེ་དག་བསྐྱུར་ནས། གྲུབ་མཐའི་གཞུང་ལུགས་ཀྱི་ཁུངས་སྐྱེལ་ལ་མཁོ་བའི་རིགས་ལམ་དང་ལོ་རྒྱུས་ལྟ་བུར་ཁོ་ནར་ཕྱོགས་པ་རེད།

གནས་སྟངས་དེའི་འོག་ནས། ཤེས་ཡོན་པ་གསོ་སྐྱོང་བྱེད་པའི་དམིགས་ཡུལ་ནི། ཐབས་དང་ཤེས་རབ་གཉིས་ལྡན་གྱི་རིག་བརྒྱ་མཉམ་སྐྱོང་གི་དགོས་པ་ཞིག་མ་ཡིན་པར། གྲུབ་མཐའི་གཞུང་ལུགས་ལ་ཨ་འགྲེལ་ཡང་འགྲེལ་དང་གཞན་ལུགས་དགག་རྒོལ་གྱི་དམིགས་ཡུལ་བཟུང་ནས་གསོ་སྐྱོང་བྱས་པ་རེད། གཞུང་ལུགས་ཀྱི་འཆད་རྩོད་རྩོམ་གསུམ་ལ་མཁས་པ་གཙོ་བོ་བྱས་ནས་སློབ་གསོའི་སྒྲོམ་གཞི་བཙུགས་པ་དང་། ཚད་མ་གཙོ་བོ་བྱས་ནས་སློབ་གསོ་སྐྱོང་བ་རེད། སྤྱིར་ན། ནང་ཆོས་ཀྱི་གཞུང་ལུགས་འཆད་མཁས། རྩོད་མཁས། རྩོམ་མཁས་པ་ཞིག་བྱུང་ན་རིན་ཐང་མེད་པ་མིན་རུང་། མི་རིགས་ཞིག་གི་ཤེས་ཡོན་པ་ཡོད་ཚད་དེ་འདྲིའི་མགྲིན་གཅིག་ཁོ་ན་སྨྲ་མཁན་ཤ་སྟག་ཡིན་ན། མི་རིགས་ཀྱི་ཤེས་རིག་ཁྲོད་ན་རང་བྱུང་ཚན་རིག་མེད་པ་དང་། སྤྱི་ཚོགས་ཚན་རིག་ནི་རིག་གཅིག་ལ་སྐོར་བ་བྱས་ནས་དར་སྤེལ་མཛད་པ་ཡིན། ལོ་རྒྱུས་ལ་ཕམ་ཁ་མི་བྱུང་ཐུ་མེད་རེད།

དེ་འདྲའི་ཕྱོགས་སུ་ལྷུང་བའི་ཤེས་རིག་དར་སྤེལ་ཞིག་གི་འོག་ནས། སྐབས་དེའི་བོད་ཀྱི་གནས་སྟངས་ནི་བཙན་པོའི་སྐབས་ཀྱི་ཕྱེད་ཀར་ཡང་ཐོན་མེད་པ་མ་ཟད། སྤྱི་ཚོགས་ཀྱི་ནུས་སྟོབས་ཡོད་ཚད་ཁ་མཆུ་རྩོད་རེས་ཐོག་ནས་སྟོང་ཟད་དུ་སོང་བ་རེད། དགའ་ལྡན་ཕོ་བྲང་གི་སྐབས་སུ། གྲུབ་མཐའ་རིས་མེད་སྨྲ་མཁན་དང་།བོད་སྤྱིའི་ཆབ་སྲིད་གཅིག་འགྱུར་གྱི་གནད་དུ་བཟུང་ནས་སྐྱེས་བུ་མང་པོ་ཞིག་གིས་འབད་བརྩོན་གནང་ཡོད་ནའང་། ཆེས་ཐོག་མར་བཏབ་ནོར་བྱུང་བའི་ས་བོན་དེ་རྒྱས་ནས་རྩ་བ་སྲ་བརྟན་དུ་གྱུར་ཡོད་པས། བོད་ཀྱི་ཤེས་རིག་གི་ཞིང་ས་ལ་དུས་རབས་མྱུ་གུ་གསར་བ་ཞིག་ཚུགས་ཐབས་བྲལ། དུས་འགྱུར་གྱི་ཕྱིའི་བར་ཆད་བྱུང་བའི་བར་གྱི་ལོ་བརྒྱད་བརྒྱ་ལྷག་ཙམ་གྱི་ནང་དུ། བོད་མི་ཚོས་རང་གི་ཤེས་རིག་དེ་དུས་དང་མཐུན་པའི་དར་སྤེལ་ཞིག་བྱེད་ཐུབ་མེད་པ་མ་ཟད། ལུགས་རྙིང་སྲོལ་རྙིང་གི་འཆིང་རྒྱའི་འོག་ཏུ་ཚུད་ནས་རང་གྲོལ་གྱི་སྟོབས་ཤུགས་ཡལ་བར་གྱུར་བ་རེད། །

དེ་འདྲའི་ཕྱིར་རྟོགས་ཞིག་བྱས་རྗེས། ད་ལྟ། ང་ཚོས་ལོ་རྒྱུས་དང་གནས་བབ། ལོ་རྒྱུས་ཁྲོད་ཀྱི་ཤེས་ཡོན་པ་དང་དེང་གི་ཤེས་ཡོན་པ། ལོ་རྒྱུས་ཁྲོད་ཀྱི་དབང་འཛིན་པ་དང་དེང་གི་སྤྱི་ཚོགས་ཁྲོད་ཀྱི་དབང་འཛིན་པའི་བར་ལ། འདྲ་མཚུངས་གི་ཆ་མང་པོ་ཞིག་ཡོད་པ་མཐོང་ཐུབ། སྐྱོན་ཆ་དེ་དག་གི་ཕྱིའི་རྣམ་པ་ལ་སོ་སོའི་ཁྱད་པར་རེ་ལྡན་ཡོད་རུང་། རྩ་བའི་ཆ་ནས་བལྟས་ན། སྤྱི་ཚོགས་ནི་སྒེར་གཅོད་ཀྱི་དབང་དུ་ཤོར་བ་ཞིག་དང་། ཤེས་རིག་ནི་རིག་ཚན་ཕྱོགས་ལྷུང་གི་རང་བཞིན་ཅན་ཞིག ཤེས་ཡོན་པ་ནི་དེ་གཉིས་ཀྱིས་བཀག་སྡོམ་བྱས་པ་ཞིག་ཡིན། དེ་བས། ལོ་རྒྱུས་ཀྱི་ཕམ་ཁ་དེ་དག་མ་འོངས་ལ་འབྱུང་སྲིད་པའི་ཉེན་ཁ་དེ་བཞིན་གྱིས་ཆེ་རུ་སོང་ཡོད་དེ། འགྲོ་རྐྱེན་གྱི་རྒྱུ་འདྲ་འདྲར་ཡོད་པས་སོ། །

དེ་བས། ང་ཚོའི་དཔེ་ཁང་ནང་གི་དཔེ་ཆ་དེ་དག་ཀློག་པའི་སྐབས་སུ། ང་ཚོས་ཤེས་ཡོན་པ་ཚོས་རང་གི་མཐོང་རྒྱ་རྒྱ་བསྐྱེད་ཐུབ་ཀི་མེད་པ་གསལ་ལ། སྤྱི་ཚོགས་ཀྱི་དབང་འཛིན་པ་ཚོས་སྒེར་གཅོད་བྱས་ནས་ཤེས་རིག་གི་འཕེལ་རྒྱས་ལ་གནོད་འཚེ་གང་འདྲ་གཏོང་གི་ཡོད་མེད་གསལ་ཐུབ། དཔེ་ཀློག་གི་ངོས་ནས། སྐྱ་སེར་སྡེ་གཉིས་ཀྱི་ཤེས་ཡོན་པས་རྩོད་གླེང་བྱེད་སྐབས། སྒེར་གཅོད་ཀྱི་ནུས་ཤུགས་ཞིག་ལ་རྒྱབ་བརྟེན་འཚོལ་ནས་མཐའ་མ་རང་ཉིད་བརླགས་ཀྱིན་འདུག་པ་དེ་གསལ་ལ། ང་ཚོས་སྤྱི་ཚོགས་ཀྱི་དབང་འཛིན་པ་དེ་ཚོས་དམིགས་ཡུལ་དག་པ་ཞིག་གི་ཆེད་དུ་སྒེར་གཅོད་ཀྱི་ལག་ཆ་ནོར་བ་འདི་བཀོལ་བཞིན་འདུག་པའང་གསལ། དབང་འཛིན་པ་ཚོ་ལོ་རྒྱུས་ནང་གི་འུ་དུམ་བཙན་པོ་ལ་འགྱུར་བའི་ཉེན་ཁ་ཡོད་པ་གསལ་ལ། ཤེས་ཡོན་པ་ཚོ་ཡང་ན་གྲུབ་མཐའི་འཐབ་རྩོད་ཁྲོད་ཀྱི་དབང་ཆའི་བྲན་གཡོག་ལ་འགྱུར་བ། ཡང་ན་ལྷ་ལུང་དཔལ་རྡོའི་ལམ་ལ་འགྲོ་བའི་ཉེན་ཁ་ཡོད་པའང་གསལ་ཐུབ། །

དེ་ལྟར། ཆོས་དང་མི་རིགས་འདི་ཉེན་ཁའི་ལམ་འདི་ནས་བསྐྱབ་དགོས་པ་ཡིན་ན།ལོ་རྒྱུས་དང་གནས་བབ་ཀྱི་སྐྱོན་མཐོང་ཞིང་། དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཆོས་ཀྱི་ལུགས་དང་མི་རིགས་ཀྱི་ཤེས་རིག་ཆགས་སྟངས་འདི་དག་ལེགས་བཅོས་གསར་གཏོད་དགོས་པ་མ་ཡིན་ནམ། ལོ་རྒྱུས་དང་དངོས་ཡོད།དཔེ་ཀློག་དང་རྩོད་གླེང་སོགས་ལ་ཞུགས་སྐབས།ཁྱོད་ཀྱིས་དྲི་བ་འདི་དག་བསམ་བཞིན།དྲི་བ་འདི་དག་ལ་ལན་ཞིག་འཚོལ་ཐུབ་པའི་སྨོན་འདུན་དང་ཡིད་ཆེས་ཡོད།