དབྱར་རྩྭ་དགུན་འབུ་གླེང་བར་བྱེད་ན་གཙོ་བོ་རིན་གོང་དང་ཚོང་ལས་གླེང་དགོས་རེད། དེ་ལ་དཔལ་འབྱོར་གྱི་ངོས་ནས། ཚོང་ལས་དང་རིན་གོང་ནི་བརྟེན་ཅིང་འབྲེལ་བ་ལྟ་བུ་ཞིག་ཆགས་འདུག་པ་ཡིན་ན།གནད་དོན་དེ་དག་གཅིག་ཅར་དུ་དཔྱད་དགོས་ཀྱི་རེད། སྤྱིར་ཚོང་ར་གང་ཞིག་ཡིན་རུང་དེ་ལ་བཙོང་མཁན་དང་ཉོ་མཁན་ཕྱོགས་གཉིས་འཛོམས་དགོས་ཏེ། ཕྱོགས་དེ་གཉིས་ཀྱིས་འདྲ་མཉམ་གྱི་མ་རྩ་བརྗེ་བསྒྱུར་བྱེད་པ་ལ་ཚོང་ལས་ཟེར་བ་རེད། མ་རྩ་ཡང་ལྟོས་བཅས་སུ་བཙོང་མཁན་གྱི་ཐོན་རྫས་དང་ཉོ་མཁན་གྱི་དངུལ་རྩ་སོགས་རིགས་གཉིས་ཡོད་རེད། ཕྱོགས་དེ་གཉིས་ནི་ཚོང་རའི་ཁྲོད་ཀྱི་དབང་བསྒྱུར་མཁན་ཡིན་དགོས། དབང་བསྒྱུར་གང་བྱེད་དགོས་རེད་ཟེར་ན། རང་རང་གི་ཁེ་ཕན་སྲུང་བ་སྟེ་གཙོ་བོ་ཚོང་རྫས་ཀྱི་རིན་གོང་གཏན་ཁེལ་བྱེད་པ་དེ་རེད། ད་ང་ཚོས་བོད་ཡུལ་གྱི་དབྱར་རྩྭའི་ཚོང་ར་ལ་གཞིགས་ནས་བཤད་ན། དབྱར་རྩྭའི་ཚོང་རའི་བདག་པོ་ནི་འབུ་བརྐོ་མཁན་གྱི་བོད་པ་དང་ཕྱི་རོལ་གྱི་ཉོ་མཁན་དེ་ཕྱོགས་གཉིས་པོ་ཡིན་དགོས། དབྱར་རྩྭའི་རིན་གོང་གཏན་ཁེལ་བྱེད་པ་དེའང་དེ་བཞིན་ཕྱོགས་འདི་གཉིས་ཀྱི་མོས་མཐུན་ཞིག་ནས་ཐོན་དགོས་པ་རེད། འོན་ཀྱང་ང་ཚོའི་རོང་འབྲོག་མི་མང་གིས་དོན་དམ་པརདབྱར་རྩྭའི་རིན་གོང་ལ་ཤུགས་རྐྱེན་གང་ཡང་སྤྲོད་ཐུབ་ཀི་ཡོད་མ་རེད། གཞུང་ལུགས་དང་བསྟུན་ན། རང་དབང་ཡིན་པའི་ཚོང་ར་ལ་དེ་འདྲའི་འདྲ་མཉམ་མིན་པའི་གནས་ཚུལ་འབྱུང་མི་སྲིད་པ་རེད། གང་གིས་ཟེར་ན། རང་དབང་གི་ཚོང་ར་ནི་མ་རྩ་ཅན་གྱིས་ཁེ་ཕན་ཆེས་འདྲ་མཉམ་དེར་གཞི་བྱས་ནས་ཚུགས་པ་ཡིན་པས་ན། ད་སྐབས་འདི་ལྟ་བུའི་བཙོང་རྒྱུ་དབྱར་འབུ་ལག་ལ་ཡོད་བའི་མ་རྩ་ཅན་ཏེ། རོང་འབྲོག་མི་མང་གི་ཁེ་ཕན་ལ་གནོད་འཚེ་ཐེབ་ཤོར་ན། སྟག་སྟག་ཚོང་ར་འདི་གཞན་དབང་དུ་ཤོར་ཡོད་པ་མཚོན་ནུས།

དེ་ན། དབྱར་རྩྭའི་ཚོང་ར་འདི་སུས་སྒེར་དབང་བྱས་འདུག་ཟེར་ན། ང་ཚོས་ཐོག་མར་ཉོ་མཁན་ཕྱོགས་ལ་དོགས་པ་ཟ་དགོས་ཀིས་རེད། འོན་ཀྱང་ཚོང་རའི་སྤྱི་འགྲོས་སུ་བསྟན་པ་ལྟར། ཚོང་ཟོག་འབེར་དུས་ཉོ་མཁན་ཕྱོགས་ལ་ཕན་པ་དང་། ཚོང་ཟོག་དཀོན་དུས་བཙོང་མཁན་ཕྱོགས་ལ་ཕན་པ་ཡིན་དུས། དབྱར་རྩྭ་ལྟ་བུའི་ཚོང་ཟོག་དཀོན་རིགས་གང་ལྟར་ཀྱང་ཉོ་མཁན་གྱི་དབང་བསྒྱུར་ཐུབ་པ་ཞིག་ཡིན་མི་སྲིད། དེ་ཡིན་དུས། གནད་དོན་དེ་ཕྱོགས་གསུམ་པ་བ་ལ་ཐུག་འདུག་པ་མངོན་སུམ་རེད། ། གོང་དུ་ང་ཚོས་ཤེས་ཟིན་པ་ལྟར་ཚོང་ར་ཞིག་གི་གཙོ་བོ་ནི་བཙོང་མཁན་དང་ཉོ་མཁན་གཉིས་ཡིན་པ་རེད། དེ་ན་ཕལ་བོར་གྱུར་བའི་ཕྱོགས་གསུམ་པ་བ་ནི་གང་རེད་ཟེར་ན། དེ་ནི་ཞབས་ཞུ་བྱེད་མཁན་གྱི་ཕྱོགས་དེ་རེད། ཕྱོགས་དེ་ཡིས་ཚོང་ལས་ནང་ནུས་པ་གང་ཐོན་གྱི་ཡོད་ཟེར་ན། ཁོ་ཚོས་རང་གི་ངལ་རྩོལ་ལམ་ལྷག་དངུལ་ཚོང་རའི་ནང་དུ་ཁྱེར་ནས། གཙོ་ཕྱོགས་གཉིས་ལ་ཞབས་ཞུ་སྒྲུབ་ཡོད་པ་རེད། ཁོང་ཚོ་ནི་ཚོག་ཟོག་གི་ཐོག་མའི་བདག་པོ་མིན་ལ་མཐའ་མས་མཛད་སྤྱོད་མཁན་ཀྱང་མིན། ཁོ་ཚོ་ནི་དེ་གཉིས་བར་གྱི་མཐུན་ལམ་ལྟ་བུ་ཡིན་ལ། ཕྱོགས་འདི་ནི་དེང་རབས་ཚོང་ལས་ལ་མེད་དུ་མི་རུང་བ་ཞིག་རེད། བོད་སྐད་ཀྱི་ཚོང་བ་ཟེར་བའི་ཐ་སྙད་དེ་ཡང་གཙོ་བོ་འདི་ལས་བྱུང་བ་ཞིག་རེད་དེ་འདིར་བར་ཚོང་མཁན་ཞེས་འབོད་རྒྱུ་ཡིན། དེ་ན་བར་ཚོང་མཁན་བྱ་བ་འདི་ལུགས་དང་མཐུན་པ་ཞིག་ཡིན་ན། དེས་བཙོང་མཁན་ཕྱོགས་ལ་གནོད་པ་ག་རེ་བྱེད་ཀྱི་རེད་ཞེ་ན། དེ་ནི་ང་ཚོའི་ཕྱོགས་ལ་ཕྱི་འབྲེལ་གྱི་ཐབས་ལམ་དབེན་པས་ན། བར་ཚོང་མཁན་འདི་དག་ལ་ཧམ་སེམས་བཅིང་བའི་ཆ་རྐྱེན་བཟོས་སོང་རེད་སྙམ་ཡོད། ། སྤྱིར་ཚོང་རའི་ཁྲོད་ཀྱི་བར་ཚོང་བྱེད་མཁན་ལ་ཁེ་ཕན་སྤྲད་མི་དགོས་པ་མ་རེད། འོན་ཀྱང་འདྲ་མཉམ་གྱི་རྩ་བའི་ཐོག་ནས་སོང་ན། ངལ་རྩོལ་བྱས་པ་སུས་ཆེ་ན་ཁེ་ཕན་ཆེ་བ་དེ་དེ་ལ་ཐོབ་དགོས་པ་དང་། ངལ་རྩོལ་ཆུང་ཙམ་རྒྱག་མཁན་ལ་ཁེ་ཕན་དེ་ཙམ་ཞིག་སྤྲད་པ་གནས་ལུགས་རེད། ད་དབྱར་རྩྭའི་ཚོང་ར་ལ་ལྟས་ན། བར་ཚོང་བྱེད་མཁན་གྱིས་ངལ་རྩོལ་དང་ཁེ་བོགས་ཤིན་ཏུ་མི་འཚམས་ལ། དཀའ་ལས་ཕལ་ཆེ་བ་བརྒྱག་མཁན་གྱི་མི་མང་ལ་ཁེ་བོགས་ཆུང་ཆུང་ཞིག་ལས་ཐོབ་རྒྱུ་ཡོད་མ་རེད། དེ་ལྟར་ཡིན་དུས་ང་ཚོས་དངོས་ཐོག་གི་བདེན་པ་རྙེད་པ་ནི། བར་ཚོང་མཁན་ཚོས་འབུ་བརྐོ་མཁན་དང་འབུ་བདག་ཐོག་མ་བ་ཡིན་པའི་མི་མང་གི་ཁེ་བོགས་དེ། འདྲ་མི་དྲང་བའི་སྒོ་ནས་གནོད་འཚེ་བཏང་གི་ཡོད་པ་དང་། ཁོ་ཚོས་རང་དབང་གི་ཚོང་རའི་དཔལ་འབྱོར་ལ་ངན་བསླད་བྱེད་བཞིན་ཡོད་པ་དེ་རེད། རང་དབང་གི་ཚོང་ར་དེ་འདི་ལྟ་བའི་བཙན་ཤུགས་ཀྱིས་བཟུང་ནས་ན། དཔལ་འབྱོར་འཕེལ་རྒྱས་དང་འགྲོ་མི་འདྲ་མཉམ་ལ་ཐད་ཀར་ཤུགས་རྐྱེན་ཡོད་བའི་ཁེ་ཕན་བགོ་བཤའ་ཟེར་བ་དེ་ཁེ་ཕན་ཡོ་ལྷུང་དུ་འགྱུར་སོང་བ་རེད། ། དེ་ནི་དབྱར་རྩྭའི་སྐོར་གྱི་སྐད་ཆ་དང་པོ་ཡིན། །

བར་ཚོང་གི་གནད་དོན་མ་སེལ་བའི་བར་དུ། བོད་ཡུལ་གྱི་འབུ་གོང་དེ་ཕྱི་རོལ་གྱི་གོང་ཚད་དང་ཆད་དཔག་ཆེན་པོ་ཤོར་འགྲོ་བ་ཡིན་ལ། བར་ཚོང་མཁན་ལ་མི་མང་གིས་ཁེ་བོགས་མང་པོ་ཞིག་ཤོར་འགྲོ་བ་རེད།དེ་བས། ང་ཚོས་མི་མང་གི་མཉམ་སྒྲུབ་བྱས་པའི་དབྱར་རྩྭ་ཚོང་འགྲེམ་གྱི་ཚོགས་པ་ཞིག་ས་གནས་སོ་སོར་ཆགས་ཐུབ་པ་བཟོ་དགོས་ཏེ། ཚོགས་པ་དེ་ད་ལྟ་ཡུལ་ལུང་སོ་སོ་ལ་ཡོད་བའི་འབུ་ས་ཚོད་འཛིན་བྱེད་པ་དེའི་སྟེང་ཏུ་བཙུགས་ཆོག་པ་དང་། ཚོགས་པའི་འོས་འགན་ནི་དབྱར་རྩྭའི་རིན་གོང་ཐག་བཅད་བྱེད་རྒྱུ་དང་འབུ་རྫུན་དག་ཐེར་བྱེད་རྒྱུ། འབུ་ས་ཚོད་འཛིན་དང་སྲུང་སྐྱོབ་བྱེད་རྒྱུ། ཁྱད་པར་དུ་འབུ་གོང་ལྷུང་སྐབས་ཁྱིམ་ཚང་དཀའ་ངལ་ཅན་ལ་དངུལ་རྩའི་རོགས་རམ་བྱེད་རྒྱུ་དེ་གལ་ཆེ་བ་ཡིན། ཚོགས་པ་མི་སེར་གྱི་ཚོགས་པ་ཞིག་ལ་ཆགས་དགོས་པ་དང་། རང་ས་ནས་ཡིན་པའི་བར་ཚོང་མཁན་ལ་འབྲེལ་ལམ་ལེགས་པོ་བྱེད་དགོས་པ་དང་། རང་སའི་བར་ཚོང་མཁན་ལ་རྒྱབ་སྐྱོར་བྱས་ནས་མཐོ་རིམ་བར་ཚོང་མཁན་ལ་གནོན་ཤུགས་སྤྲད་དགོས་པ་རེད། འབུ་བདག་དང་ཚོང་རའི་བདག་པོ་སུ་ཡིན་པ་གསལ་བོ་བསྟན་ཐུབ་པ་འགྱུར་ན། དེ་སྐབས་བར་ཚོང་མཁན་གྱིས་མི་མང་གི་ཁེ་ཕན་ལ་གནོད་པ་བྱེད་ཐུབ་ཀི་མ་རེད། །སྤྱིར་དུས་ཡུན་རིང་ཙམ་ལ་ཆ་བཞག་ན། དབྱར་རྩྭའི་རིན་གོང་ལ་ལྷུང་འགྲོ་བའི་དོགས་པ་ཡོད་མ་རེད། འོན་ཀྱང་དུས་ཡུན་རིང་བ་དེའི་ཁྲོད་ཀྱི་སྐབས་སྐབས་ལ་རིན་གོང་ལྷུང་བ་ཡོད་ཕྱིན། འབུ་བདག་གིས་བཙོང་ཚོད་ཟིན་དགོས་པ་གཙོ་བོ་དང་། གལ་ཏེ་འབུ་བདག་ཁ་ཤས་ཀྱིས་རིན་ཆུང་དུ་བཙོང་བཞག་ན། འབུ་བདག་གཞན་ལ་གནོད་པ་ཐེབ་འགྲོ་སྲིད་པས། ཕན་ཚུན་ཁེ་ཕན་གཅིག་ཏུ་ལྟ་བ་དེ་གལ་ཆེན་ཡིན། སྐབས་སྐབས་སུ་འབུ་གོང་ལྷུང་འགྲོ་བ་དེ་ལ་རྒྱུ་མཚན་གཉིས་ཡོད་དེ། གཅིག་ནི་མཐའ་མའི་ཉོ་མཁན་ཇེ་ཉུང་སོང་བས་རྐྱེན་རེད་དེ། དེ་ནི་རྒྱལ་ཁབ་སྤྱི་དང་འཛམ་གླིང་སྤྱིའི་དཔལ་འབྱོར་འཕེལ་རྒྱས་ལ་རག་ལས་པས། ང་ཚོས་ཐབས་བཀོད་ཁག་པོ་རེད། རྒྱུ་མཚན་གཉིས་པ་ནི་སྔོན་དུ་བཤད་པའི་མཐོ་རིམ་བར་ཚོང་མཁན་གྱིས་ཁེ་ཕན་གཉེར་སྐབས་བཀོལ་བའི་ཐབས་ཇུས་ཞིག་ཡིན་པར། འབུ་མ་བརྐོས་སྔོན་གྱི་དུས་ཞིག་ལ་འབུ་གོང་ཡར་འཕེལ་འགྲོ་བ་རེད། དེ་འདྲ་འགྲོ་དོན་ནི་མཐོ་རིམ་བར་ཚོང་མཁན་ཚོས་ས་གནས་བར་ཚོང་མཁན་ལ་ཧེབ་སློང་དགོས་དུས། ས་གནས་བར་ཚོང་མཁན་དེ་དབྱར་རྩྭ་བསྡུ་རུག་གི་ལས་ལ་སྐུལ་ཆེད། ཁོ་ཚོས་ཚོང་ར་ལ་རེ་བ་ཆེན་པོ་ཞིག་ཡོད་པའི་སྣང་བ་བཟོས་པ་རེད། དེ་ནས་ས་གནས་བར་ཚོང་མཁན་ཚོས་འབུ་ཕལ་ཆེར་རུག དུད་ཚང་སོ་སོའི་འབུ་ཡང་ཐད་ཀར་མཐོ་རིམ་བར་ཚོང་མཁན་ལ་གཏད་སྐབས། འབུ་གོང་དེ་དེ་མ་ཐག་ལྷུང་འགྲོ་བ་རེད། དེ་རྗེས་མཐོ་རིམ་བར་ཚོང་མཁན་ནས་ཕྱི་རོལ་ལ་བཙོང་སྐབས། འབུ་གོང་དེ་སྔ་ལོ་ལས་ཇེ་མཐོ་འགྲོ་སྲིད་པ་རེད། དེ་བས་གཅིག་ན་དངུལ་རྩ་མང་མཁན་ཚོས་དངུལ་རྩ་ཉུང་མཁན་ལ་བཤུ་བཞོག་ཅིག་བྱེད་ཀི་ཡོད་པ་དང་། གཉིས་ན་ཕྱི་རོལ་གྱི་འབུ་གོང་ཇེ་མཐོ་འགྲོ་བཞིན་པ་དེས་རོང་འབྲོག་མི་མང་གི་སྒོར་ཁུག་ལ་རོགས་ཆེན་པོ་ཐུབ་ཡོད་མ་རེད། གསུམ་ན། ས་གནས་ཀྱི་བར་ཚོང་བྱེད་མཁན་དེ་དག་ལ་མཚོན་ན། ཁོ་ཚོས་དངུལ་རྩ་དང་ཚོང་འབྲེལ་བྱེད་ལམ་ཞན་པས། རང་གི་དཀའ་ལས་རྒྱབ་པ་ཙམ་གྱི་ཁེ་ཕན་ལོན་པ་ཉུང་ཉུང་འགྱུར་ཡོད། དེ་ནི་སྐད་ཆ་གཉིས་པ་དེ་རེད། །

དུས་ཡུན་རིང་པོའི་ནང་ལ་ལྟས་ན། དབྱར་རྩྭའི་རིན་གོང་ཡར་འཕེལ་ལས་མར་འཕྲི་ཡོད་ཁག་པོ་རེད། མང་པོ་ཞིག་གིས་དབྱར་རྩྭ་ལ་སྨན་གསོའི་རིན་ཐང་མེད་པ་ཁག་ཀེལ་ནས། རིན་གོང་ལྷུང་འགྲོ་བའི་གཏམ་འཆལ་སྤེལ་བ་རེད། ངས་སྐད་ཆ་དེ་ཕྱེད་བདེན་ཕྱེད་རྫུན་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། བདེན་པ་ནི། དབྱར་རྩྭ་ལ་སྨན་གསོའི་རིན་ཐང་ཆེན་པོ་ཞིག་ཡོད་མ་རེད། ཚན་རིག་གི་བརྟག་དཔྱད་ཡོད་ལ་ལྟར་ན། བོད་རང་གི་གསོ་རིག་ནང་དུ་རིན་འཇལ་བྱས་པ་ལྟར་ན། ཚོང་རའི་ཁྲོད་བཤད་བཞིན་དབྱར་རྩྭའི་ནུས་པ་དེ་རབ་བཏགས་ཁོ་ན་རེད། ང་ཚོས་དབྱར་རྩྭ་དེ་སྤྱིར་བཏང་གི་ཤ་མོང་རིགས་ཞིག་ལ་འདེང་ཚོད་བཞག་ན་འགྲིག་གི་རེད། རྫུན་གྱི་ཆ་ནི། དབྱར་རྩྭ་དེ་ལ་དེ་བཞིན་རིན་ཐང་མེད་ན་གོང་ཚོད་ཡང་དེ་བཞིན་བཅག་འགྲོ་འིས་རེད་ཟེར་བ་དེ་རིག་པ་མ་དག་པའི་སྐད་ཆ་རེད། རོང་འབྲོག་གི་མི་མང་ཚོས་སེམས་ལྷོད་ལྷོད་བྱས་ནས་འདུག་ཆོག་པ་ནི། དབྱར་རྩྭའི་གོང་ཚད་དེ་མ་འོངས་ལོ་བཅུ་ནས་བཅོ་ལྔ་བར་ལ་ལྷུང་འགྲོ་ཁག་པོ་རེད། རིན་ཐང་མེད་པའི་དབྱར་རྩྭ་ལ་རིན་པ་དེ་འདྲ་སྤྲོད་དོན་གང་ཡིན་ཟེར་ན། ད་ལྟའི་དབྱར་རྩྭ་དེ་ཕྱུག་པོ་ཚོས་ཉོ་སྐབས། སྨན་གྱི་རིན་ཐང་ལྡན་མིན་དེར་དོ་སྣང་ཆེན་པོ་བྱས་མེད། ཁོ་ཚོས་གཞན་པ་ལ་བཤད་སྐབས་དེ་ནི་སྨན་དཔེ་མེད་ཞིག་ཡིན་ཚུལ་བརྗོད་ཀི་ཡོད་ན་སྲིད་མོད། དོན་དམ་དུ་ཁོ་ཚོའི་དབྱར་རྩྭ་ཉོ་དོན་ནི་ཕྱུག་ངོམས་དང་རང་གི་འགྲན་མེད་ཀྱི་རྒྱུ་འབྱོར་དེ་མངོན་ཆེད་རེད། དབྱར་རྩྭ་དང་འདྲ་བ། ཕྱུག་པོ་ཚོས་རྒྱ་མཚོའི་ཆུ་སྲིན་ཆེན་པོ་གསད་ནས་དེའི་གཤོག་པ་ལ་རིན་གོང་ཐོན་པོ་སྤྲད་ཀི་རེད། གང་ཡིན་ཟེར་ན། ཁོ་ཚོས་བཤད་རྒྱུན་ལ། ཆུ་སྲིན་གྱི་གཤོག་པས་ལུས་སྟོབས་ལ་ཕན་ཆེན་པོ་ཐོག་པ་རེད་ཟེར། འོན་ཀྱང་ཚན་རིག་གི་བརྟག་དཔྱད་དང་གསོ་རིག་གི་ལག་ལེན་ཁྲོད་ནས། ཆུ་སྲིན་གཤོག་པ་ལ་རིན་ཐང་དེ་ཙམ་མེད་པ་གསལ་བོ་བྱས་ཡོད། ཡང་གསེར་ལྡན་ཁ་ལ་ཡུག་གི་ཁ་ཆུ་སྨན་ཡིན་པར་འདོད་ནས་དེའི་བྱེའུ་ཚང་བཀོག་ནས་ཟ་བ་རེད། དེ་ཡང་དེ་བཞིན་ཁུངས་མེད་ལུགས་མེད་ཀྱི་བཤད་སྲོལ་ཞིག་ཡིན་པ་ལས་བདུད་རྩི་ཞིག་ག་ལ་ཡིན། དབྱར་རྩྭ་དང་། ཆུ་སྲིན་གཤོག་པ། ཁ་ལ་ཡུག་གི་ཚང་སོགས་ནི་ཕྱུག་པོའི་མཛད་སྤྱོད་ཟེར་བ་དེ་རེད། དེ་ནི་ཕྱུག་པོ་ཚོས་ཐོབ་དང་རྒྱུ་སྟོབས་མཚོན་བྱེད་ཞིག་ཡིན་པ་ལས་དེ་ལ་རིན་ཐང་ལྡན་མིན་ནི་དེ་འདྲ་གལ་ཆེ་བ་མ་རེད། ཐོན་རྫས་དེ་དཀོན་པོ་ཞིག་ཡིན་ན་ད་དེའི་གོང་ཚོད་ལྷུང་འགྲོ་བ་མ་རེད། །

ངས་གོང་དུ་རིན་གོང་འཕེལ་ཚད་དེ་ལོ་བཅོ་ལྔའི་ནང་ལ་གཏན་ཁེལ་བྱས་ཡོད། དབྱར་རྩྭའི་རིན་གོང་འཕེལ་དོན་ཡང་དེ་དཀོན་པོ་ཡིན་པ་ལ་གཞི་བཅོལ་ཡོད། དེ་འདྲ་བྱེད་དོན་ནི། ལོ་བཅོ་ལྔ་ཡས་མས་ཀྱི་ཕྱིན་དུ་འབུ་གོང་ལྷུང་འགྲོ་བའི་ཐེ་ཚོམ་ཡོད་དེ། གཅིག་ན་དབྱར་རྩྭ་འདི་རྒྱལ་ཁབ་མང་པོ་ཞིག་གི་ཞིབ་འཇུག་ཁང་མང་པོ་ཞིག་གིས་ཞིང་ལས་ཅན་ལ་བསྒྱུར་ཨེ་ཐུབ་འབད་ཀི་ཡོད། ཁྱད་པར་ཏུ། ལྷོ་ཀོ་རུ་ཡ་ཡིས་དེ་ལ་ཞིབ་འཇུག་དྲག་པོ་བྱེད་ཀི་ཡོད་ཕྱིན། ལོ་བཅུ་ཕྲག་ཞིག་གི་རྗེས་སུ་ཁོ་ཚོས་ཚོད་ལྟ་ལེགས་འགྲུབ་མི་ཐུབ་རྐྱེན་མེད། དེ་གཅིག་རེད། གཉིས་པ་ཡིན་ན། ཚན་རིག་ལྟར་ན། དབྱར་རྩྭ་དགུན་འབུ་སྐྱེ་བ་ལ་ཚང་དགོས་བའི་ཆ་རྐྱེན་ནི་འབུ་མེ་ལྕེབ་དང་སྤང་ཡིན་པ་ལས། ས་མཐོ་དགོས་རབས་དང་གནམ་གཤིས་གྲང་དགོས་རབས་མེད། དེ་བས་གཞུང་ལུགས་ལྟར་དུ་ཡིན་ན། དབྱར་རྩྭ་དགུན་འབུ་བོད་དང་ཧི་མ་ལཡའི་ས་ཆ་མིན་རིང་སྐྱེ་སྲིད་པ་ཞིག་རེད། །ཚོད་དཔག་འདི་གཉིས་ལ་ང་ཚོས་སེམས་ཁུར་དགོས་པ་ཞིག་རེད་མོད། སྟག་སྟག་དེ་འདྲ་བྱུང་གི་རེད་ཟེར་དགོས་ན་ཡང་ཆ་མེད་ཡིན། དེ་ནི་སྐད་ཆའི་གསུམ་པའོ། །

ད་ང་ཚོས་ན་ནིང་གི་འབུ་གོང་ལ་རྟག་དཔྱད་བྱས་ནས། ད་ལོའི་འབུ་གོང་ལ་ཚོད་དཔག་བྱས་པ་ཡིན་ན།འབུ་གོང་འདི་འབུའི་ཐོན་ཚད་དང་། རྒྱ་ཡུལ་གྱི་སྲིད་གཞུང་གིས་ལག་བསྟར་བྱེད་བཞིན་པའི་དཔོན་པོའི་སྲོལ་ངན་བསྒྱུར་བཅོས་བྱེད་པ་དེ་དག་ཐུག་འདུག་སྙམ། དེ་དལ་དང་པོར། འབུའི་ཐོན་ཚད་གང་འདྲ་ཞིག་ཡིན་རྒྱུ་ཟེར་ན། གནམ་གཤིས་དང་ས་ཁམས་རིག་པའི་དཔྱད་གཞི་མང་པོ་ཞིག་དགོས་པས། དེ་འདྲའི་ཆ་རྐྱེན་མེད་ཕྱིན། ཚོད་དཔག་རྒྱུ་མཚན་ལྡན་པ་ཞིག་འཇོག་དཀའ། གཉིས་པ་དེ་ཡིན་ན། ཀྲུའུ་ཞུ་ཞེའུ་ཅིན་ཕིན་གྱིས་རྒྱལ་སྲིད་སྐྱོང་བ་ནས་བཟུང་། དཔོན་པོའི་ངན་སྲོལ་དཀག་སྡོམ་ལ་སྔར་མེད་ཀྱི་ཤེད་ཤུགས་ཞིག་ཕྱུངས་ཡོད་རེད། ད་ལོ་ཡང་སྲིད་ཇུས་དེ་མཚམས་འཇོག་ཡོད་རྒྱུ་མ་རེད་སྙམ། མ་ཟད་སྲིད་ཇུས་དེ་གཞི་རིམ་དཔོན་པའི་ཐོག་ནས་ཡོངས་ཁྱབ་བྱེད་མི་འགྲོའམ་བསམ་རྒྱུ་འདུག གང་ལྟར། དབྱར་རྩྭ་དགུན་འབུའི་ཉོ་མཁན་ཕྱོགས་འདི་རིགས་ནས་ཇེ་ཉུང་འགྲོ་སྲིད་པ་རེད། འོན་ཀྱང་། ཁྱོན་ཡོངས་ནས་བཤད་ན། རྒྱ་ཡུལ་གྱི་འཚོ་བའི་ཆ་རྐྱེན་ཇེ་བཟང་གྱུར་བཞིན་པ་དང་། བདེ་ཐང་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་སྟངས་འོག་ནས། འབུ་ཉོ་མཁན་གྱི་གྲངས་ཀ་ཤིན་ཏུ་ཉུང་བ་ཞིག་ལ་འགྲོ་མི་སྲིད། ངས་ཚོད་དཔག་བྱས་ན། ད་ལོའི་འབུ་གོང་དེ་༢༠༠༣-༢༠༠༥ལོའི་རིམ་པ་དེའི་ཐོག་ནས་འགྲོ་རྒྱུ་རེད། དེ་ཟེར་ན། གཞེས་ནང་དང་ན་ནིང་ལས་ཅུང་དམའ་བར་གྱུར་རྒྱུའི་དོན་ཡིན། མི་མང་གིས་གཙོ་བོ་ཉོ་མཁན་ཇེ་ཉུང་འགྱུར་བ་དེ་ལ་དོ་སྣང་བྱེད་ཀྱི་ཡོད་པ་རེད། རྐྱེན་འདི་ལ་མཐོ་རིམ་བར་ཚོང་མཁན་གྱིས་ཐབས་ཤེས་མང་པོ་འཚོལ་རྒྱུ་ཡིན། དཔོན་པོ་ཚོས་དབྱར་རྩྭ་ཟ་མ་ཐུབ་རུང་། དེ་ཡི་ཚབ་ཏུ་ད་དུང་ཉོ་མཁན་མང་པོ་ཡོད་པས། འདི་ནི་ཉོ་མཁན་ཕྱོགས་ཀྱི་བརྗེ་འགྱུར་ཞིག་ལ་ངོས་འཛིན་དགོས་པ་ལས་ཉོ་མཁན་ཇེ་ཉུང་རེད་ཅེས་བཤད་ན་མི་འགྲིག་སྙམ། དེ་ནི་འབུ་གོང་དུས་ཡུན་ཐུང་ངུའི་ནང་མར་ལྷུང་བའི་རྐྱེན་ཞིག་ཡིན་པས། རྐྱེན་འདི་ད་ལོ་སེལ་ཐུབ་རྒྱུ་ཡིན་བསམ་པའི་ཚོད་དཔག་ཞིག་འཇོག་རྒྱུ་ཡིན། འོན་ཀྱང་། ཉོ་མཁན་ཀྱི་བརྗེ་འགྱུར་ལེགས་འགྲུབ་བྱུང་ནས། དཔོན་པོའི་ཚབ་ཏུ་ཕྱུག་པོ་མང་པོ་ཐོན་ཡིན་ནའང་། འབུ་གོང་དེ་མ་ཉིད་ནས་ཡར་དཀྱགས་མི་ཡོང་སྟེ། རྒྱུ་མཚན་ནི། ན་ནིང་ད་ལོའི་འབུ་གོང་ལྷུང་བ་བསྟུན་ནས། འབུ་མང་པོ་ཞིག་བར་ཚོང་མཁན་དང་བཙོང་མཁན་ཚོའི་ལག་ན་བཟུང་ཡོད་པ་རེད། དེ་བས། འབུ་གོང་ཡར་དཀྱགས་དགོས་ན། རིམ་གྱིས་ན་ནིང་གི་འབུ་དེ་དག་ཚོང་རའི་ནང་ནས་བཞུ་ཐུབ་པ་དགོས། དེ་བས་འདི་ནས། འབུ་གོང་ནི་དལ་བོ་ཡར་འཕེལ་གྱི་རྒྱུད་རིམ་ཞིག་ཡིན་ཅེས་ཚོད་དཔག་བྱས་པ་ཡིན། འབུ་བརྐོ་མཁན་གྱི་ངོས་ནས་བཤད་ན། བཙོང་ཕྱི་ཕྱི་བྱས་ན་བཟང་བ་སྙམ་ཡོད། དེ་ནི་དབྱར་རྩྭའི་སྐོར་གྱི་སྐད་ཆ་བཞི་བ་ཡིན།

ཆེས་མཐའ་མ་ལ། དབྱར་རྩྭ་དགུན་འབུ་འདི་ནི་ང་ཚོའི་མི་མང་ཕལ་བོ་ཆེའི་ཡང་སྒོ་གཙོ་བོར་ཞིག་ལ་ཆགས་ཡོད་པ་མ་ཟད། ཡོང་སྒོ་ཁེར་བུ་དེ་འགྱུར་བཞིན་པའི་གནས་ཚུལ་ཡོད་པས། བོད་མི་ཤེས་འཇོན་ཅན་གྱིས། གྲོ་མ། ཤོ་མང་རིགས་གཞན། དེ་བཞིན་ཞིང་ལས་དང་འབྲོག་ལས་ཐོན་རྫས་སོགས་ཀྱི་ཚོང་སྒོ་ཕྱེ་བ་ལ་ནུས་ཤུགས་འདོན་དགོས་པ་དང་། མི་རིགས་སྤྱི་ལ་སེམས་ཁུར་ཡོད་པའི་ཚོང་བ་དང་འབྱོར་བདག་རྣམས་ཀྱིས། དབྱར་རྩྭ་དགུན་འབུ་མིན་པའི་ཡོང་སྒོ་ཞིག་མི་སེར་ལག་ལ་སྤྲད་ཐུབ་ན། དབྱར་རྩྭ་དགུན་འབུ་འདི་ཉིན་ཞིག་ལ་དངོས་ནས་ཚོང་ལམ་མེད་སོང་རུང་། བོད་ལ་མུ་གེ་འབྱུང་མི་སྲིད་པས། དེ་ལ་དོ་སྣང་ཡོད་པའི་རེ་བ་ཞུས་པ་ཡིན།