དེ་རིང་ང་གཙང་བོ་དེའི་འགྲམ་ན་ཡོད། ལོ་ངོ་དུ་མའི་དྲན་གདུང་ཁུར་ནས་སླེབས་ཡོད། གྱེས་ཁའི་ཁ་དན་སེམས་ལ་བཟུང་ནས་སླེབས་ཡོད། ཡིན་ནའང༌། དྭངས་གཙང་གི་ཆུ་བོ་དེ། རླབས་རྒྱུན་དྲག་ཏུ་འཕྱོ་མྱོང་བའི་ཆུ་བོ་དེ། གང་ཞིག་ཏུ་བཞུར་སོང་བ་ཡིན་ནམ། བྱེ་ཟགས་དང་རྡོ་ཧྲུག་གིས་ཁེངས་པའི་གཙང་འགྲམ་དུ། རྙོག་ཆུ་དྲི་ངན་འཐུལ་བ་ཞིག འཇམ་ཐིང་ངེར་འཁྱིལ་འདུག སྐོར་དང་སྐོར་བྱས་ནས་འཁྱིལ་འདུག་ཨང༌་།

བདག་གི་དྭངས་གཙང་གི་ཆུ་བོ་ཡ། མི་ཡུལ་ན་ཁྱེད་ཀྱི་གླུ་སྐད་ཡོད་ལ། མི་ཡུལ་ན་དཀའ་སྡུག་གྲངས་མེད་འོག་འགོ་བརྩམས་པའི་ཁྱེད་ཀྱི་གོམ་པའི་རྗེས་ཤུལ་གསལ། ཁྱོད་འདི་ལྟར་འགྲོ་དོན་ཅི། གདུག་རྩུབ་ཀྱིས་བརྐྱངས་བའི་མཆུ་ཏོ་དེས། ཁྱོད་ཀྱི་ཉ་མོའི་ལྟོ་བར་ཕུག་པ་ཨེ་ཡིན། རྫས་ངན་སྦག་པའི་ཆུ་རུལ་དེས། ཁྱོད་ཀྱི་དྭངས་གཙང་གི་ཞལ་རས་ལ་གནོད་པ་ཨེ་ཡིན།

གཙང་འགྲམ་དུ་བཞུར་གྱིན་པའི་སེམས་པ། ན་ཟུག་གིས་མཆེད་པའི་མེ་སྟག་ཅིག་ཡིན་ན་ཅི་མ་རུང༌། མིག་ཆུ་མོད་པའི་དེ་རིང༌། ངས་འཇིག་རྟེན་གྱི་མུན་པ་ནག་པོའི་མིག་ཟུང་དེ་མཐོང་བྱུང༌། ངས་ས་གཞི་ཡི་འགྱུར་ལྡོག་ངན་པའི་སྐྱོ་དབྱངས་དེ་ཐོས་བྱུང༌། གསོན་ཆོག་པའི་གནས་ལུགས་ཤིག་འདི་ན་མེད་པ་ཨེ་ཡིན། བྱེ་རླུང་གིས་བཏུམ་པའི་ངའི་ཁོར་ཡུག ཁེར་རྐྱང་དུ་ཕུད་ཀྱིན་པའི་གནས་མལ་བ་དག ད་ལྟ། བྱུང་རིམ་རེ་རེ་ལ་བསམ་གཞིགས་ནན་གྱི་བྱས་ཚེ། ཐོབ་ཤོར་མང་པོའི་སྒལ་གཞུང་ནས་ན་ཟུག་གིས་འགྱེལ་འགྲོ།

ང་ལ་གནས་ལུགས་ཤིག་གསལ་ཁ་འབྱེད་པའི་བློ་སྟོབས་ཡོད་འོས། ངས་རང་ཉིད་གླུ་རུ་གྱེར་གྱིན་པའི་མཐའ་མའི་འབབ་སྟེགས་ནས། ཀི་རིང་ལན་གསུམ་བཏབ་ཀྱང༌། ཉེ་འཁོར་གྱི་བྱིན་རླབས་མེད་པའི་འབག་སྐུ་ཚོས། ང་ལ་སྡང་མིག་གིས་བལྟས་བྱུང༌། སྐབས་དེར། མི་རབས་གསར་བའི་སྙིང་སྟོབས་གླེང་མཁན་དག་ཀྱང༌། བདག་པོ་སུ་ཞིག་གིས་དམ་དུ་བཏགས་སོང༌། འདི་ལྟར། ཤ་འཁོན་གྱི་རྨ་ཁ་ཞིག་བཞག་ནས། ཡིད་སྐྱོ་བའི་འདས་དོན་ཅིག་བསྐྱུར་ནས། མཛེས་སྡུག་གི་རྣམ་པ་རེ་རེ་བཞིན། ང་ཚོ་དང་ཁ་བྲལ་ནས་འགྲོ་ན། འཇིག་རྟེན་གྱི་བདེན་ལུགས། ཞི་བདེ། འདྲ་མཉམ། སུ་ཞིག་ལ་མཁོ་འམ།

གཙང་འགྲམ་གྱི་དེ་རིང་གི་རྣམ་པ། ནམ་ཡང་བརྗེད་དཀའ་ཞིང་དྲན་སྲིད་པའི་ཆོས་ཉིད་དུ་བཞུར་བས། ཨ་ སྟོང་ལྷང་ལྷང་གི་སེམས་པ། ང་ཚོའི་སྟོང་ལྷང་ལྷང་གི་སེམས་པ། འདི་ལྟར་བཞུར་འགོ་བརྩམས་དུས། ཅི་ཡང་ཡོད་ཆོག་པའི་མཛེས་སྡུག་གི་རྨི་ལམ་རེ་རེ། གློ་རྡེག་ལ་གཏིང་ཟབ་པའི་མུན་ནག་ཏུ་འཐིམ་སོང༌། དྭངས་གཙང་གི་གཙང་པོས། ང་ཚོར་གོ་ཐུབ་པའི་ཆོས་ཉིད་ཀྱི་བསླབ་བྱ་གཏོང་ཞིང༌། བྱེ་ཟགས་དང་རྡོ་ཧྲུག་གིས། ཁེ་དབང་ཞིག་གཞན་འཕྲོག་སོང་བའི་བདེན་ཁ་ཞིག་སྟེར་གྱི་འདུག སྐོར་དང་སྐོར་བྱས་ནས་འཁྱིལ་བའི་རྙོག་ཆུ་དེས། ང་ཚོར་ཅི་ཡང་མེད་པའི་ལེ་བདའ་རེ་གཏོང་བཞིན། འཇིག་རྟེན་དང་ཁ་བྲལ་གྱི་འདུག དངོས་ནས་ཁ་བྲལ་གྱི་འདུག་ཨང༌།