སྡོམ་སྐུད།

བསྒྱུར་མཆན། རྩོམ་པ་པོ་Akutagawa Ryunosuke འམ་གཙང་སྨད་འབྲུག་སྲས་ནི་ཉི་ཧོང་གི་རྩོམ་མཁན་གྲགས་ཅན་ཞིག་ཡིན། གཙང་སྨད་ནི་ཡུམ་གྱི་རུས་དང་། ཁོ་རང་ཕྱི་ལོ་ ༡༨༩༢ཆུ་འབྲུག་ལོའི་འབྲུག་ཟླ་བའི་འབྲུག་གི་ཉིན་ལ་སྐྱེས་པ་ཡིན་པས་མཚན་ལ་འབྲུག་སྲས་བཏགས་པ་ཡིན་ཟེར། ཁོང་གི་བརྩམས་ཆོས་གྲགས་ཅན་ལ་ བར་སྒོ་ སོགས་ཡོད།  ༡༩༢༧ ལོར་གཉིད་སྨན་འཐུང་ནས་རང་སྲོག་བཅད།


 ♦གཅིག

ཉིན་ཞིག་ལ། སངས་རྒྱས་ཤཱཀྱ་མུ་ནེ་མཆོག་བདེ་ཆེན་ཞིང་ཁམས་ཀྱི་པད་མའི་རྫིང་བུ་སྐོར་ཅིང་གཅིག་པོར་བྱོན་ཚེ། རྫིང་བུའི་པད་མ་ནི་རྣམ་པར་བཀྲ་ལ་དྲི་མས་མ་གོས་པ།  གསེར་གྱི་གེ་སེར་ལས་དྲི་ངད་ཐིལ་ཞིང་ས་ཕྱོགས་གང་བར་བྱས། དེ་ཚེ་ཞིང་ཁམས་ཀྱི་ཞོགས་པ་གསར་ཏུ་ཚེས། །

རེ་ཞིག་ན། སངས་རྒྱས་མཆོག་རྫིང་བུའི་འགྲམ་ནས་བཞེངས་ཏེ། རྫིང་ཆུ་ཡོངས་སུ་བཀབ་པའི་པད་མའི་འདབ་མའི་སེབ་ནས་འོག་མའི་ཡུལ་གྱི་རྣམ་པ་ལ་གཟིགས་སྐབས། རྫིང་འོག་གི་དམྱལ་བའི་རྟིང་ཁམས་གསལ་ཏེ། དྭངས་ཞིང་དག་གསལ་གྱི་རྫིང་ཆུ་ལས། ངན་སོང་དང་སྤུ་གྲི་ཅན་གྱི་ཚལ་རྣམས་ཆུ་ཤེལ་ལས་གཟིགས་པ་ལྟར་མཐོང་ངོ། །

དེའི་ཚེ། དྲི་བཟང་ཕྱུག་བྱ་བའི་སྐྱེས་བུ་ཞིག་ནི་ཉེས་ཆེན་གྱི་ཚོགས་ནས་མནར་བར་མ་གཟོད་པར་ཕར་སྒུལ་ཚུར་སྒུལ་བྱེད་ནས་འདུག་སྟེ། སངས་རྒྱས་ཀྱིས་དྲི་བཟང་ཕྱུག་གིས་མི་གསོད་ཇག་རྐུན་གྱི་ལས་མང་པོ་བྱས་པ་མཁྱེན་ལ། ཁོས་སྒྲུབ་མྱོང་བའི་དགེ་བ་ཉག་གཅིག་ཡོད་པ་དེ་ཡང་ཐུགས་སུ་དགོངས། སྔོན་གྱི་ཚེ། ཇག་པ་ཆེན་པོ་དྲི་བཟང་ཕྱུག་ནགས་ཁྲོད་ནས་བགྲོད་པའི་སྐབས་སུ། ལམ་ནས་སྡོམ་ཆུང་ཞིག་ལ་འཕྲད། ཁོས་རྐང་པ་བཀྱག་ནས་སྡོམ་དེ་རྡོག་རྫིས་བྱེད་སྐབས་སུ་སེམས་ལ། མི་རུང་མི་རུང་། སྡོམ་འདི་ཆུང་ཡང་སྲོག་ཞིག་ཡིན་པས། དེ་ཡི་སྲོག་ལེན་ན་མི་རུང་ངོ་བསམ་པས། སྡོམ་དེ་ཚེ་ལས་ཐར་བ་བྱས་སོ། །

སངས་རྒྱས་ཀྱིས་དེ་བཞིན་དམྱལ་ཁམས་ལ་གཟིགས་ཞིང་། ཐུགས་སུ་དྲི་བཟང་ཕྱུག་གི་སྡོམ་ལ་ཚེ་ཐར་བྱས་པའི་དགེ་བ་དེ་དྲན་པས། ཁོང་གིས་དགེ་བ་འདི་ཆུང་ཡང་དྲི་བཟང་ཕྱུག་དམྱལ་ཡུལ་ལས་སྐྱོབས་དགོས་དགོངས་ནས། གདོང་ཕྱིར་ཕྱོགས་ནས་གཟིགས་སྐབས།སྟབས་ལེགས་པ་ལ། ཞིང་ཁམས་ཀྱི་པད་མའི་གཡུ་འདབ་ཀྱི་སྟེང་ནས་སྡོམ་ཞིག་གིས་དངུལ་གྱི་སྐུད་པ་འཐེན་བཞིན་མཆིས་སོ། ། སངས་རྒྱས་ཀྱིས་སྡོམ་སྐུད་དེ་དལ་གྱིས་བསྣམས་ནས་གཡང་ཊི་ལས་མཛེས་པའི་པད་དཀར་གྱི་དབུས་ནས་ཐུར་དུ་དཔྱང་སྟེ་མུན་ཁམས་དམྱལ་བའི་ཡུལ་ཏུ་གཏུགས་པ་བྱས་སོ། །

♦གཉིས།

དེ་ན། དྲི་བཟང་ཕྱུག་དང་ཉེས་ཆེན་གྱིས་ཚོགས་རྣམས་ཁྲག་གི་རྒྱ་མཚོའི་ཀློང་ན་རེ་འགའ་ནུབ་ཞིང་རེ་འགའ་འཕྱོ་བ་བྱེད་ལ། གང་ལ་ལྟས་ཀྱང་མུན་ནག་གིས་འཐུམ་ཞིང་མུན་ནག་གི་ཁྲོད་ནས་སྤུ་གྲི་གཏམས་པའི་ལྗོན་པ་ལས་འོད་འཁྱུག་ཙམ་བྱེད་པ་ན། དེ་མཐོང་བ་རྣམས་ནི་ཤིན་ཏུ་འཇིགས་པའི་གནས་སུ་ལྷུང་། ཕྱོགས་བཞི་ནི་འཆི་གནས་དུར་ཁྲོད་དང་འདྲ་བ་ཁུ་སུམ་པོར་ཡོད་ཀྱང་། སྐབས་རེར་ཉེས་ཆེན་ཚོས་འདོན་པའི་སྨྲེ་ངག་ཙམ་འཐོས་གྱུར་བ་ཡིན། འདི་རུ་ལྷུང་བའི་མི་རྣམས་ཀྱིས་དམྱལ་བའི་མནར་གཅོད་རབ་ཏུ་མྱོང་བས།ད་ལྟ་སྨྲེ་ངག་འདོན་པའི་ཤུགས་ཀྱང་ཟད་པས། ཇག་ཆེན་དྲི་བཟང་ཕྱུག་ཡིན་ཡང་འཆི་ཁའི་སྦལ་བ་ཞིག་དང་འདྲ་བར་མཚོ་ཆེན་དུ་ཁྲག་ཆུ་མིད་ཀྱིན་སྒུལ་ཅི་ནུས་བྱེད་བཞིན་མཆིས། །

སྐབས་ཞིག་ལ། དྲི་བཟང་ཕྱུག་གིས་མགོ་བོ་དཀྱགས་ནས་ལྟ་ཙ་ན། ཁྲག་མཚོའི་སྟེང་གི་མུ་མེད་ཁུ་སུམ་གྱི་མུན་ནག་ཁྲོད་ན། འོད་ཕྲ་མོ་ཆེམ་ཆེམ་བྱེད་པའི་དངུལ་གྱི་སྡོམ་སྐུད་ཞིག་ནམ་མཁའ་ནས་བབ་པ་མཐོང་། སྡོམ་སྐུད་དེ་ཀུན་ལ་དོགས་པ་བཞིན་འོད་གསལ་ལ་མི་གསལ་བ་ཞིག་འཚེར་ཞིང་དྲི་བཟང་ཕྱུག་གི་ཀླད་ལ་དཔྱངས། དེ་མཐོང་ཙ་ན། དྲི་བཟང་ཕྱུག་ཤིན་ཏུ་དགའ་སྟེ། སྤྲོ་བའི་ཐལ་མོ་བརྡབས། ཁོས་བསམ་པར་སྡོམ་སྐུད་ལ་འཇུས་ཏེ་ཡར་འཛེག་ན། སྡུག་བསྔལ་གྱི་རྒྱ་མཚོ་འདི་ལས་ཐར་བ་ངེས་སྟེ། ལམ་ལ་སོང་ན་བདེ་བ་ཅན་གྱི་ཞིང་ལའང་མི་ཐོན་རྒྱུ་མེད་པས། དེ་ལྟར་ན། སྤུ་གྲིའི་ཚལ་ལ་འགྲོ་མི་དགོས་ཅིང་ཁྲག་མཚོའི་མནར་བའང་མྱོང་མི་དགོས་སོ་སྙམ། །

དེ་ལྟར་དྲན་བཞིན། དྲི་བཟང་ཕྱུག་གིས་མྱུར་བར་སྡོམ་སྐུད་ལ་དམ་པོ་འཇུས་སྟེ་ཡར་འཛེག་པར་བྱས། སྔོན་ཚེ་ཇག་པ་ཆེན་པོ་ཡིན་ཕྱིན། འདི་འདྲ་བའི་ལས་ལ་དཀའ་ཁག་གང་ཡང་ཡོད་མ་ཡིན།

འོན་ཏེ། དམྱལ་བ་དང་ཞིང་ཁམས་བར་ལ་དཔག་ཚད་ཁྲི་སྟོང་གི་བར་ཐག་ཡོད་པས།བྲེལ་ཚབ་ཆེ་རུང་སླ་མོར་སླེབས་ཐུབ་པ་ཞིག་ག་ལ་ཡིན། ཡར་ཏོག་ཙམ་འཛེག་རྗེས། དྲི་བཟང་ཕྱུག་ཤིན་ཏུ་ཐང་ཆད་དེ་འདོམ་གང་ཡང་ཡར་འཛེག་མི་ཐུབ་པ་འགྱུར་བས། ཅི་བྱ་གཏོལ་མེད་ཀྱི་སྐབས་དེར་ཁོས་ངལ་ཅུང་ཙམ་གསོ་དགོས་དྲན་པས། སྡོམ་སྐུད་ལ་བཏགས་སྟེ་བར་སྣང་སུ་དཔྱངས་ནས་ངལ་གསོས་པ་དང་། དེ་ཚེ་ཁོས་འོག་མ་ལ་རྒྱང་ལྟ་བྱས། །

ཁོ་རང་གི་འབད་པ་ལྷོད་མེད་དེ་སྡུག་གྱོང་སུ་ཕྱིན་མེད་དེ། སྔ་མོར་ཁོ་རང་ཁྲག་མཚོའི་ཀློང་དུ་ལྷུང་ཡོད་ནའང་། ད་ལྟ་དེ་ནི་མུན་ནག་གི་རྒྱང་འོག་ཏུ་ལུས་འདུག་ལ། ངར་འོད་ཆེམ་ཆེམ་བྱེད་པའི་སྤུ་གྲིའི་ཚལ་འཇིགས་རུང་དེའང་རང་གི་འོག་ན་ཡོད་པས། འདི་ལྟར་ཡར་འཛེག་ནས་སོང་ན་དམྱལ་ཡུལ་ལས་ཐར་བ་ནི་ངེས་ཏེ། དྲི་བཟང་ཕྱུག་གིས་ལག་གཉིས་སྡོམ་སྐུད་ལ་དཀྲིས་པ་དང་། དམྱལ་ཡུལ་ལ་ལྷུང་རྗེས་གྲགས་མ་མྱོང་བའི་ཧབ་ཆ་ཞིག་དང་བཅས་ནས། ད་ལེགས་སོང་། ལེགས་སོང་ཞེས་ཧབ་དགོད་བྱས། འོན་ཀྱང་ཁོས་ཡང་བསྐྱར་རང་འོག་ལ་ཞིབ་ལྟ་ཞིག་བྱེད་སྐབས། སྡོམ་སྐུད་ཀྱི་སྣེ་ནས་སྡིག་ཆེན་གྲངས་ལས་འདས་པ་ཞིག་གྲོག་མའི་ཕྲེང་བ་ལྟར་འཛེག་བཞིན་ཡོད་པ་མཐོང་། དྲི་བཟང་ཕྱུག་ཤིན་ཏུ་འཇིགས་ནས་ཧད་དེ་ཧ་ལས་ནས་མིག་ཅེར་ཁ་ལྡངས་བྱས་ནས་བསྡད། སྡོམ་སྐུད་ཕྲ་བ་འདི་འདྲ་ཞིག་གིས་རང་ཉིད་གཅིག་པུ་བཏེགས་པ་ཤིན་ཏུ་ཉེན་ཆེ་བ་ཡིན་ན། མི་འདི་འདྲ་མང་པོ་ཞིག་གང་ལྟར་ཐེག་ཐུབ་པ་ཡིན་ནམ། གལ་སྲིད་ཆད་ནས་སོང་ན། འདིར་ཐོན་ནས་ཡོད་པའི་རང་ཉིད་ཀྱང་མགོ་རྟིང་བསྒྱུར་ནས་ཕྱིར་དམྱལ་བ་ལ་ལྷུང་འགྲོ་བ་མ་ཡིན་ནམ། ད་ནི་ཉེན་ཚབ་ཤིན་ཏུ་ཆེ་སྙམ། དེ་བཞིན་དྲན་ཚེ་ནས་བར་ལ། ཉེས་ཆེན་ཁྲི་སྟོང་མང་པོ་མུ་མཐུད་སྒུལ་ཏེ། ནག་ཐིང་ཐིང་གི་ཁྲག་མཚོ་ནས་དངུལ་མདོག་གི་སྡོམ་སྐུད་ཕྲ་མོར་འཇུས་ནས་ཡར་འཛེག་བཞིན་ཡོད་པས། ད་ལྟ་ཉིད་ནས་ཐབས་ཞིག་མ་བཀོད་ན། སྡོམ་སྐུད་ཆད་ནས་རང་ཉིད་ཕྱིར་ལྷུང་འགྲོ་བ་ཁོ་ཐག་གོ །

དེ་བས། དྲི་བཟང་ཕྱུག་གིས་སྐད་མཐོན་པོས། ཝ་ཡེ། ཉེས་ཆེན་ཁྱེད་ཚོ། སྡོམ་སྐུད་འདི་ང་ལ་དབང་བས། ཁྱེད་ཚོ་འདི་ནས་ཡར་འཛེག་ཆོག་པ་སུ་ཡིས་དབང་གནང་སོང་། མར་སོང་། མར་སོང་ཞིག ཞེས་སྐད་རྒྱབ། །

དེ་ལྟར་སྨྲས་བའི་ཚེ་ན། སྡོམ་སྐུད་དེ་དྲི་བཟང་ཕྱུག་གི་འཇུ་མཚམས་ནས་ཏག་སྒྲ་དང་བཅས་ནས་གློ་བུར་ཏུ་ཆད་ལ། དྲི་བཟང་ཕྱུག་དེ་མ་ཉིད་ནས་འཕང་ལོ་ལྟར་འཁོར་ཞིང་མར་ལྷུང་བ་དང་། མུན་ནག་གི་ཁམས་སུ་ཡལ། །

དེ་ཚེ། ཞིང་ཁམས་ཀྱི་སྡོམ་སྐུད་དེ། ཟླ་སྐར་གྱི་རྒྱན་དང་བྲལ་བའི་བར་ཁམས་ལ་གཅིག་པོར་ལུས་ཤིང་འོད་ཕྲ་མོ་ཞིག་ཆེམ་ཆེམ་བྱེད་ནས་དཔྱངས་འདུག་གོ །

♦གསུམ།

སངས་རྒྱས་མཆོག་པད་མའི་རྫིང་བའི་འགྲམ་ལ་བཞེངས་བཞིན་དེ་དག་ཐམས་ཅད་གཟིགས་པར། དྲི་བཟང་ཕྱུག་རྡོ་མོ་བཞིན་བསླར་ཁྲག་མཚོའི་དབུས་སུ་ལྷུང་སྐབས། ཁོང་གི་ཞལ་ནས་སྙིང་རྗེ་ཆེན་མོའི་རྣམ་པ་ཞིག་མངོན་བྱུང་ལ། དེ་མུས་སུ་བྱོན་སོང་ངོ་། སངས་རྒྱས་ཀྱི་གཟིགས་ལམ་སུ། དྲི་བཟང་ཕྱུག་གིས་རང་ཉིད་དམྱལ་བ་ལས་ཐར་བ་འདོད་ནས་སྙིང་རྗེ་སྤུ་ཙམ་ཡང་མ་སྒོམ་པས། ཕྱིར་དམྱལ་ཡུལ་ལ་ལྷུང་ནས་སྡུག་མནར་མྱོང་དགོས་བྱུང་བ་དེ།ཆེས་མ་རབས་དང་མ་དུལ་བའི་སྤྱོད་པ་ཞིག་ཡིན་ངེས། །

འོན་ཀྱང་། ཞིང་ཁམས་ཀྱི་པད་མའི་རྫིང་བུ་དེ་ནི་དེ་འདྲ་བས་བསླད་པ་མི་ཐུབ་སྟེ།གཡང་ཊི་ལྟར་དཀར་བའི་འདབ་མ་དེ་དག་སངས་རྒྱས་ཀྱི་ཕྱོགས་སུ་དལ་གྱིས་གཡོ་བ་བྱེད་ལ།གསེར་གྱི་གེ་སེར་ལས་མཆོག་གི་དྲི་བཟང་ཐོལ་ཀྱང་ཕྱོགས་བཞི་གང་བར་བྱེད་དོ། དེ་ཚེ་ཞིང་ཁམས་ཀྱི་ཉིད་གུང་ཚེས་འདུག །

༡༩༡༨ལོའི་ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན།