མའོ་ཡན་(莫言)གྱིས་བརྩམས།
གོ་ཙི་ཙིས་བསྒྱུར།

ང་ནི་སློབ་གྲྭའི་སློབ་གསོ་ཁ་ཚང་ཐོབ་མ་མྱོང་བའི་མི་ཞིག་ཡིན།“རིག་གསར་”གྱི་སྐབས་སུ།ང་རང་དམར་སྲུང་དམག་གི་འགོ་བ་བྱས་པའི་དགེ་རྒན་དེ་དག་དང་འགྲན་བསློང་བར་སྤྲོ་བའི་མི་ཚད།ཁྱིམ་ཚང་ཞིང་པ་ཡིན་པའི་དབང་གིས།སློབ་ཆུང་ནས་མཐར་མ་ཕྱིན་གོང་ནས་སློབ་གྲྭས་ཕྱིར་འབུད་བཏང་བྱུང་།རྗེས་སུ་དམག་དཔུང་ལ་སླེབས་པ་ནས་བཟུང་རྩོམ་རིག་བརྩམས་ཆོས་ཁ་ཤས་སྤེལ་མཐར།གཞི་ནས་དམག་དཔུང་གི་སྒྱུ་རྩལ་སློབ་གླིང་ཞིག་ཏུ་རྒྱུགས་འཕྲོད་པ་རེད།སློབ་འབྲིང་གི་སློབ་ཁང་དུ་ཉིན་གཅིག་ཀྱང་འགྲོ་མ་མྱོང་ལ།ད་ལྟའི་སློབ་འབྲིང་གི་རྒྱ་ཡིག་སློབ་གསོ་ལའང་ཆ་རྒྱུས་རྩ་བ་ནས་མེད།

ང་ལ་སློབ་འབྲིང་འགྲིམ་བཞིན་པའི་བུ་མོ་ཞིག་ཡོད།ཁོ་མོས་རྟག་པར་ང་ལ་རྒྱ་ཡིག་གི་སྐོར་གྱི་དཀའ་གནད་ཁ་ཤས་འདྲི་ཡོང་གི་རེད།ཁོ་མོའི་བསམ་པར་རྩོམ་པ་པོ་ཡིན་པའི་ཨ་ཕ་ལ་མཚོན་ན་རྒྱ་ཡིག་གི་དཀའ་གནད་ཁ་ཤས་ནི་དཀའ་རྒྱུ་ཅི་ཡང་མེད་པར་འདོད་ཀྱི་ཡོད་ས་རེད།འོན་ཀྱང་བདག་གིས་ཁོ་མོའི་དྲི་བ་ཚང་མ་ལ་ལན་ངེས་གཏན་ཞིག་ཁྱོན་ནས་རྒྱག་མྱོང་མེད།ངས་རྟག་པར་ཧ་རེ་ཧུ་རེའི་སྒོ་ནས་རང་ཉིད་ཀྱི་ལྟ་ཚུལ་ཁ་ཤས་བརྗོད་པ་དང་།དེ་ནས་ཁོ་མོར་ད་རུང་དགེ་རྒན་ལ་འདྲི་དགོས་ཤིང་།དགེ་རྒན་གྱིས་བཤད་པ་བདེན་པར་འཛིན་དགོས་ཞེས་བསྒོ་བཞིན་ཡོད།ངས་ཐེ་ཚོམ་བྱེད་པའི་རྒྱུ་མཚན་ནི་ང་རང་རྒྱུན་སྲོལ་ལྟར་སློབ་འབྲིང་ལ་མ་སོང་བའི་དབང་གིས།སེམས་པའི་ཟབ་སར་ཉམ་དམའ་བའི་འདུ་ཤེས་ཤིག་མངོན་ཆུང་གིས་གནས་ཡོད་པས་རེད།འོན་ཀྱང་སློབ་གསོ་ཁ་ཚང་ཐོབ་མྱོང་ལ།ཐ་ན་རྒྱ་ཡིག་སློབ་བཞིན་པའི་མི་དེ་དག་གི་རྩོམ་ཡིག་ཀློག་པའི་ཚེ་ན།ད་གཟོད་ཁོ་ཚོའི་གནས་སྟངས་ཀྱང་ང་རང་དང་ཧ་ལམ་མཚུངས་པ་འདྲ་བས་སེམས་གསོ་ཡང་ཇི་སྙེད་ཅིག་རེག་བྱུང་ངོ་།

གྲོས་ཞིབ་རྩོམ་ཡིག་དེ་དག་ཞིབ་ཏུ་བཀླགས་ཤིང་བུ་མོའི་རྒྱ་ཡིག་གི་སློབ་དེབ་ལ་རོབ་ཙམ་བལྟས་མཐར།ང་ཚོའི་མིག་སྔར་གྱི་རྒྱ་ཡིག་གི་སློབ་གསོ་ནི་སློབ་གཞི ནས་སློབ་ཁྲིད་ཀྱི་དམིགས་ཡུལ་བར་དུ་ཧ་ཅང་ཁ་ཚང་ཞིང་འདོད་བློ་རང་ཚིམས་ཀྱི་མ་ལག་ཅིག་གྲུབ་ཚར་འདུག་སྙམ།རྩ་བ་ནས་འགྱུར་བ་གཏོང་རྒྱུ་ནི་དཔེ་མི་སྲིད་ཀྱང་།རྩོམ་ཡིག་ཁ་ཤས་ཀྱིས་ལོ་ངོ་བཅུ་ཕྲག་དུ་མ་ལ་འགྱུར་བ་ཁྱོན་ནས་མ་ཕྱིན་པའི་སློབ་གཞིར་སྐྱོན་བརྗོད་བགྱིས་པ་རེད།དངོས་གནས་བྱས་ན་སློབ་གཞི་ནི་སློབ་གསོའི་དམིགས་ཡུལ་གྱི་ཐོན་རྫས་ཡིན་ཏེ།དེ་ཡང་སློབ་གསོའི་དམིག་ཡུལ་ཅི་འདྲ་ཞིག་ཡོད་ན་སློབ་གཞི་ཡང་དེ་འདྲ་ཞིག་ཡོད་ཅེས་པ་དེའོ།“རིག་གསར་”གྱི་སྔོན་ལ་ང་ཚོའི་སློབ་གསོའི་དམིགས་ཡུལ་ནི་“དམར་ཞིང་ཆེད་ལས་ཡིན་པའི་རྒྱུན་འཛིན་པ་”བསྐྱེད་སྲིང་བྱེད་རྒྱུ་དེ་རེད།“རིག་གསར་”གྱི་རྗེས་སུ་ཆབ་སྲིད་གནས་བབ་ཀྱི་འགྱུར་བ་དང་འཕེལ་རྒྱས་ལ་བསྟུན་ནས་གླེང་ཕྱོགས་ཀྱང་ཅུང་ཟད་མི་འདྲ་བྱུང་ཡོད།འོན་ཀྱང་སློབ་གསོའི་དམིགས་ཡུལ་ནི་རྩོམ་སྒྲིག་པ་ཁ་ཤས་ཀྱིས་ཐག་གཅོད་ཐུབ་པ་ཞིག་ཀྱང་མ་རེད།

ངས་སློབ་གཞི་སྒྲིག་མཁན་གྱི་མི་དེས་ཚབ་བི་ཚུབ་བིའི་སྒོ་ནས་གཏམ་བཤད་སྤེལ་བ་མཐོང་བྱུང་ལ།ཁོ་ཚོར་བཤད་དཀའ་བའི་གསང་དོན་ཞིག་ཡོད་པའང་ཤེས་བྱུང་།“རིག་གསར་”གྱི་རྗེས་སུ་འབྲེལ་ཡོད་ཚན་པས་རྒྱུན་ཆད་མེད་པར་“རིག་གསར་”སྔོན་གྱི་ནོར་འཁྲུལ་ཡོ་སྲང་བྱེད་བཞིན་ཡོད།འོན་ཀྱང་ང་ཚོའི་རྒྱ་ཡིག་གི་སློབ་གཞི་ལ་འགྱུར་བ་ཆེན་པོ་ཕྱིན་མི་འདུག དེར་བརྟེན་མི་མང་པོས་ཁ་རྡུང་དྲག་པོ་གཏོང་བའི་སྣང་ཚུལ་ཡང་བྱུང་བ་རེད་དེ།རྩོམ་རིག་སྡེ་ཁག་གིས་ལོ་ངོ་བཅུ་ཕྲག་དུ་མར་ཀྲུང་གོའི་ལྷུག་རྩོམ་གྱི་སྡེ་ལ་དབང་བསྒྱུར་བྱས་པའི་རིགས་འདྲ་ཅན་གྱི་ལྷུག་རྩོམ་ལ་སྐྱོན་བརྗོད་ནན་མོ་བྱས་ལ།གཡོ་བརྫུས་ཀུན་ནས་བསླད་པའི་་རྩོམ་ཡིག་འདི་དག་ལ་གཟིགས་ཀློག་བྱེད་མཁན་སྔ་མོ་ནས་མེད་ན་ཡང་།ང་ཚོའི་སློབ་དེབ་ཀྱིས་དེ་དག་ད་རུང་ཁྱད་དུ་འཕགས་པའི་རྩོམ་དཔེ་ལ་བརྩིས་ཏེ།དགེ་རྒན་དང་སློབ་མ་ལ་ཨུ་ཚུགས་ཀྱིས་རྫུན་འུད་སྟོང་གསུམ་གྱི་རྩོམ་སྟངས་དེ་དག་ལ་ལད་ཟློས་བྱེད་དུ་བཅུག་གི་ཡོད།

རྩོམ་ཡིག་འདི་དག་གི་རྩོམ་པ་པོ་རྣམས་ཀྱིས་རྩོམ་ཡིག་འདི་དག་བྲིས་པའི་སྐབས་དེ་ཤེད་དུ་ཁོང་ཅག་གི་དུང་བརྗོད་ནི་ཧ་ལམ་ཡིད་འགྱུ་ངོ་མ་ཡིན་ཁོ་ཐག་རེད།འོན་ཀྱང་མི་འདི་དག་ད་རུང་གསོན་པོར་བསྡད་ཡོད་པའི་དབང་དུ་བཏང་ན་ཁོང་ཅག་གིས་ལོ་དེའི་གཅིག་གྱུར་གྱི་བསམ་བློའི་མཛུབ་སྟོན་འོག་གི་རང་ཉིད་ཀྱི་གསར་རྩོམ་ལ་བསམ་གཞིག་མི་བསྐོར་བའི་ངེས་པ་མེད་ལ།ཁོང་ཅག་གི་ད་ལྟའི་གསར་རྩོམ་ལ་ཡང་མི་ཆོས་ཀྱི་བྲོ་བ་དང་ལྡན་པར་ངེས།རྩོམ་མཁན་འདི་དག་སྔ་མོ་ནས་མཛེས་ལྡན་གྱི་ཕྱེ་ལེབ་ལ་གྱུར་ནས་བར་ཁམས་སུ་འཕུར་ལྡིང་བྱེད་བཞིན་བརྩེ་སེམས་སྒྲོག་པར་འགྱུར།འོན་ཀྱང་ང་ཚོས་ད་རུང་བུ་ཕྲུག་དག་ལ་བཙན་ཤེད་ཀྱིས་ཁོང་ཚོའི་དེ་སྔོན་གྱི་རྩོམ་ཡིག་དེ་དག་སྦྱོང་དུ་བཅུག་གིན་ཡོད།

སྐུ་ཞབས་ལུའུ་ཞུན་གྱིས་ཨ་Qབརྒྱུད་ནས་“རྒྱལ་དམངས་ཀྱི་རང་བཞིན་”སྐོར་ཞིག་གསལ་སྟོན་བྱས་པ་རེད།སྐུ་ཞབས་ལུའུ་ཞུན་གྱིས་ད་རུང་ཁོང་གི་གློ་གྲི་ལྟ་བུའི་འབོལ་རྩོམ་དེ་དག་གིས་ཀྲུང་གོ་བའི་ཟོལ་སྦྱོར་གསལ་སྟོན་བྱས་ཡོད།འདི་ཡང་སྔར་བས་ཀྱང་ཡོངས་ཁྱབ་ཏུ་གྱུར་བའི་“རྒྱལ་དམངས་རང་བཞིན་”རེད།ཟོལ་སྦྱོར་གྱི་དབང་གིས་ང་ཚོས་མ་ཡིན་ཡིན་མདོག་བྱེད་པ་རེད་ལ།ཟོལ་སྦྱོར་གྱི་དབང་གིས་ང་ཚོས་མི་འདྲེ་གཉི་ཀ་བྱེད་པ་རེད།ཟོལ་སྦྱོར་གྱི་དབང་གིས་ང་ཚོ་མཛེས་མ་ལ་དགའ་བ་ཧ་ཅང་གསལ་ན་ཡང་།མཛེས་མ་གོད་ཆག་ཡ་མེད་ཅིག་ལ་སྨྲས་པ་རེད་ལ།དེ་ལས་ཀྱང་སྐྱི་གཡའ་བ་ནི་ཡུན་རིང་གི་ཟོལ་སྦྱོར་གོམས་གཤིས་སུ་གྱུར་ནས་ང་ཚོ་ལ་ཟོལ་སྦྱོར་ནི་དྲང་བདེན་ལ་འཁྲུལ་དུ་བཅུག སློབ་དེབ་ནང་གི་རྩོམ་ཡིག་ཕལ་ཆེ་བ་ཞིག་སྟོང་བཤད་དང་ཤོབ་བཤད་ཤ་སྟག་ཡིན་པ་གསལ་བོར་ཤེས་ལ།རྩོམ་པ་པོ་རང་ཉིད་ཀྱང་ཡིད་མི་ཆེས་པར་སྣང་ན་ཡང་།ང་ཚོས་ད་རུང་བུ་ཕྲུག་དག་ལ་བདེན་པར་འཛིན་ཏེ་ཨ་ཚུགས་མཐའ་བསྐྱལ་གྱིས་སློབ་ཀྱིན་ཡོད།

དེར་བརྟེན།ང་ཚོའི་བུ་ཕྲུག་ཚོའི་རྩོམ་ཡིག་དག་ཀྱང་ལད་ཟློས་ཅན་དང་ཆིག་རྐྱང་ཅན་དུ་རང་བཞིན་གྱིས་གྱུར་ལ།“ཚོར་བ་”གཅིག་པ་འཆད་ཅིང་གཏམ་རྒྱུད་གཅིག་པ་སྒྲིག་བཞིན་མཆིས།

ངས་བདག་གི་བུ་མོའི་སློབ་ཆུང་ནས་མཐོ་འབྲིང་གི་རྒྱུགས་སྤྲོད་རྩོམ་ཡིག་ཚང་མ་བཀླགས་མྱོང་།ཧ་ལམ་འགྱུར་བ་ཅི་ཡང་མཐོང་ཐུབ་ཀྱི་མི་འདུག ཁོ་མོའི་སློབ་འབྲིང་དགེ་རྒན་གྱིས་གདམས་པ་ལྟར་བྲིས་ཤིང་།ཡིག་རྒྱུགས་ལ་ཕན་པ་ལར་ནས་མེད་པའི་ཐོལ་རྩོམ་དང་ཉིན་ཐོ་དེ་དག་ལ་ད་གཟོད་རྩོམ་རིག་གི་དཔལ་ཅུང་ཟད་ལྡན་ཞིང་གཞོན་ནུ་མ་ཞིག་ལ་བྱུང་འོས་བའི་བརྩེ་དུང་ངོ་མ་དེ་ཡང་ཇི་སྙེད་ཅིག་མཚོན་འདུག བུ་ཕྲུག་ཚོས་ཀྱང་ཤེས་ཀྱི་ཡོད་པ་འདྲ་སྟེ།སློབ་གྲྭ་ལ་བྲིས་པའི་རྩོམ་ཡིག་ཡིན་ན་སྐད་ཆ་རྫུན་མ་བཤད་དགོས་ལ་བརྩེ་བ་བཅོས་མ་མཚོན་དགོས།དེ་མིན་ཚེ་ཁྱོད་རང་སློབ་ཆེན་ལ་འགྲིམ་རྩིས་མ་བྱེད།འོན་ཀྱང་དོན་དངོས་ནི་དེ་ལས་ལྡོག་སྟེ།བུ་ཕྲུག་ཚོས་སློབ་གྲྭ་འགྲིམ་པའི་སྐབས་སུ་སློབ་གསོའི་ཟོལ་སྦྱོར་མཐོང་ན་ཡང་།“མི་སྐད་”མི་གྲག་པའི་འཇོན་ཐང་ལ་སྦྱོང་བརྡར་འཕྲོད་པ་རེད་ལ།སློབ་གྲྭ་ལས་ཁ་བྲལ་ཏེ་རྙོག་འཛིང་ཆེ་བའི་སྤྱི་ཚོགས་སུ་ཐོན་དུས་ནི་དེ་བས་ཀྱང་སྨོས་ཅི་ལ་དགོས།

ཞིབ་ཀྱིས་གཞིགས་དུས།ང་ཚོའི་བུ་ཕྲུག་ཚོས་འབྲི་ལུགས་གཉིས་ཀྱིས་རྩོམ་ཡིག་འབྲི་བའི་སྣང་ཚུལ་འདི་ནི།དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་སྲོལ་རྒྱུན་རྒྱུད་འཛིན་བྱས་པ་རེད་འདུག བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ།སློབ་ཕྲུག་དེ་དག་གིས་འབྲི་ལུགས་གཅིག་གིས་རྒྱུགས་སྤྲོད་པའི་རྩོམ་ཡིག་ཡན་ལག་བརྒྱད་ལྡན་འབྲི་དགོས་ལ།འབྲི་ལུགས་གཞན་ཞིག་གིས་སྙན་ཚིག་གི་རྩོམ་ལུགས་ལྟར་སྙན་ངག་དང་བརྩམས་སྒྲུང་འབྲི་དགོས།རྩོམ་ཡིག་ཡན་ལག་བརྒྱད་ལྡན་ནི་རང་འཁྲིའི་ལས་ཀ་ཡིན་ཏེ།མི་སྒེར་གྱི་འདུན་ལམ་དང་འབྲེལ་བ་ཡོད་ལ།སྙན་ཚིག་གི་ལུགས་ཀྱིས་སྙན་ངག་དང་བརྩམས་སྒྲུང་འབྲི་བ་ནི་ཞོར་ལས་ཡིན་ཏེ་བདག་པོ་མེད།

༼རུའུ་ལིན་སྒེར་བརྩམས་ལོ་རྒྱུས་༽ཀྱི་ནང་གི་ལུའུ་པན་སྐྱུ་ཚང་གི་སྲས་མོས།རང་ཉིད་ཀྱི་མག་པ་གསར་པས་རྩོམ་ཡིག་ཡན་ལག་བརྒྱད་ལྡན་འབྲི་མི་ཤེས་པར་རྟོགས་པ་ན།སྤྲོ་ལངས་ཐག་ཆོད་ནས་དེ་ག་རང་དུ་དྲན་པ་བརྒྱལ་བ་རེད།རྩོམ་ཡིག་ཡན་ལག་བརྒྱད་ལྡན་འབྲི་མ་ཤེས་ན་སྲས་མོ་མཛེས་མས་ཀྱང་བརྩེ་བ་མི་གནང་བ་ཤེས་ཐུབ་ཨང་།སྐབས་དེའི་རིག་གནས་པས་རྩོམ་རིག་གི་ཐད་ནས་གྲུབ་འབྲས་བླངས་པ་ལ་ཧ་ལམ་རིགས་གཉིས་ཡོད་དེ།གཅིག་ནི་ཡིག་རྒྱུགས་ཐེངས་མང་འཕྲོད་ཅིང་ཡིག་རྒྱུགས་ལ་འགྲན་ཟླ་བྲལ་བར་བྱུང་ཙང་།རྩོམ་རིག་གི་ཐབས་ལ་བརྟེན་ནས་སེམས་ཁོང་གི་ཞེ་སྡང་བརྗོད་པ་རེད།དཔེར་ན་ཕུ་སུང་ལིན་ལྟ་བུ་རེད།གཉིས་སུ་རྒྱུགས་ར་ནས་མགོ་འཕང་སྨད་དགོས་མ་བྱུང་ཡང་དཔོན་ར་ནས་གོ་ས་མ་རག་སྟབས་ས་མཐར་སྤྱུངས་ན་ཡང་།ལྟོ་བ་ད་རུང་འགྲེང་གི་ཡོད་ཙང་དོན་མེད་ཁོམ་ལོང་གི་བར་གསེང་ནས་སྙན་ངག་བྲིས་ཏེ།བརྩེ་དུང་ཕྱུངས་ཤིང་དུས་ཚོད་འདའ་བར་བྱེད་པ་རེད།དཔེར་ན་སུའུ་ཧྲི་ལྟ་བུ་རེད།སྙན་གྲགས་བསྐལ་བརྒྱར་གནས་པ་ནི་ཁོང་ཅག་གི་སྙན་རྩོམ་དང་བརྩམས་སྒྲུང་ཡིན་ངེས་པ་ལས་ཁོང་ཅག་ལ་རྒྱུགས་འཕྲོད་པར་བསྒྲགས་པའི་རྩོམ་ཡིག་ཡན་ལག་བརྒྱད་ལྡན་ནི་མ་ཡིན་ནོ།རྒྱུགས་འཕྲོད་ནས་གོ་གནས་རག་པའི་ཀེར་མི་སྟོང་ཕྲག་མང་པོ་ཡོད་ན་ཡང་།ཕལ་ཆེ་བའི་མིང་ནི་ལོ་རྒྱུས་ཀྱི་གཙང་པོའི་ཁྲོད་དུ་ནུབ་ཚར་ཡོད་ན་ཡང་།ཕུ་སུང་ལིན་གྱི་མཚན་སྙན་ནི་བསྐལ་བརྒྱའི་བར་དུ་ནུབ་མི་འགྱུར།

ང་ཚོའི་བུ་ཕྲུག་དག་གིས་སློབ་ཆེན་ལ་རྒྱུགས་འཕྲོད་པའི་གཞུག་ལ།རྒྱུགས་སྤྲོད་རྩོམ་ཡིག་གི་རྒྱུན་མཐུད་མི་འགྱུར།དེ་ཡང་ས་ཕག་ཅིག་གིས་སྒོ་རྡུངས་ཤིང་སྒོ་འབྱེད་སོང་ན་ས་ཕག་གཡུག་དགོས་ངེས་ཡིན་པ་དང་མཚུངས།རྒྱ་ཡིག་སློབ་གསོས་སློབ་མ་རྣམས་ལ་ས་ཕག་ཅིག་གཏོར་བར་རོགས་དན་བགྱི་བའི་དོན་དུ་ནུས་ཤུགས་འདི་ལྟ་བུ་འཛད་པར་བགྱི་མི་འོས།འདིས་མི་རྣམས་ལ་མཐོ་རྒྱུགས་ཀྱི་དྲན་པ་སློང་བ་དང་འདྲ་ཨང་།གལ་སྲིད་མཐོ་རྒྱུགས་དང་འབྲིང་རྒྱུགས་ལ་གསར་བརྗེ་རང་བཞིན་གྱི་བསྒྱུར་བཅོས་བཏང་ཞིང་།རྒྱ་ཡིག་གི་སློབ་དེབ་ལ་ཡང་སྒྲིག་བཅོས་བློ་ཡིད་ཚིམས་པ་ཞིག་བྱས་པའི་དབང་དུ་བཏང་ན།ང་ཚོའི་བུ་ཕྲུག་ཚོའི་རྩོམ་རིག་གི་བྱང་ཚད་རང་བཞིན་གྱིས་ཡར་ཐོན་ཡོང་བའི་མི་ཚད།མིའི་བྱང་ཚད་ཀྱང་ཡར་རྒྱས་ལ་འགྲོ་སྲིད་དམ་ཟེར་ན།ངའི་བསམ་པར་ངེས་པ་མེད་སྙམ།

ངེས་པ་མེད་ཅེས་པའི་རྒྱུ་མཚན་ནི་ང་ཚོ་ལ་སློབ་དེབ་ཡག་པོ་ཞིག་བྱུང་ཞིང་རྒྱུགས་སྤྲོད་གྱི་ཐབས་ལམ་ཡང་ཡག་པོ་ཞིག་བྱུང་བ་ཡིན་ན་ཡང་།ང་ཚོ་ལ་དེ་ལྟའི་མང་པོའམ་ཆེས་མ་མཐར་ཚད་ལྡན་གྱི་རྒྱ་ཡིག་དགེ་རྒན་འབྱུང་བའི་ངེས་པ་མེད།དགེ་རྒན་བཟང་པོ་ཞིག་ཡིན་ན་སློབ་ཚན་ནང་ལ་མེད་པའི་རང་ཉིད་ཀྱི་ཤེས་བྱ་མཐའ་དག་བུམ་པ་གང་བྱོའི་ཚུལ་གྱིས་སློབ་མ་རྣམས་ལ་སློབ་ཀྱི་རེད།འོ་ན་དགེ་རྒན་བཟང་པོ་གང་ནས་ཡོང་ངམ།གཙོ་བོ་དགེ་འོས་སློབ་གྲྭ་ནས་བསྐྱེད་བསྲིང་བྱེད་པ་ལོས་ཡིན།གྲོང་ཁྱེར་གྱི་གནས་ཚུལ་ལ་ཆ་རྒྱུས་ཅང་མེད་མོད།ངས་ཧ་གོ་བའི་གྲོང་གསེབ་ཁོ་ན་ལ་མཚོན་ན།དོན་དམ་གྱིས་ཕུལ་བྱུང་གི་སློབ་མ་ཞིག་ཡིན་ན་དགོ་འོས་སློབ་གྲྭར་ཐོ་འགོད་བྱེད་ཀྱི་མི་འདུག དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་པའི་ཕུལ་བྱུང་གི་སློབ་མ་ཞིག་ཡིན་ན་ཡང་དགེ་རྒན་བགྱི་བའི་ངེས་པ་གཏན་ནས་མེད།

ང་ཚོའི་སྤྱི་ཚོགས་ཀྱི་ཁྲོད་ནས་དཔོན་པོ་དག་གི་གླ་ཕོག་དགེ་རྒན་གྱི་གླ་ཕོག་ལས་མི་མཐོ་བ་ཁས་མི་ལེན་ཀ་མེད་རེད།འོན་ཀྱང་དཔོན་པོ་ཕལ་ཆེ་ཤོས་ཀྱིས་ལྐོག་ཟ་རུལ་སུངས་ཀྱི་སྦྱོར་བ་མ་བསྟེན་ན་ཡང་འཚོ་བ་མི་མང་ལས་བཟང་བ་ཤེས་གསལ་ལྟར་རེད།ནམ་ཞག་རྒྱུན་དུ་ག་ཤེད་ཅིག་ནས་དགེ་རྒན་གྱི་གླ་ཕོག་ཆད་འགྱངས་བྱུང་སོང་ཞེས་གོ་རྒྱུ་འདུག་ན་ཡང་།ཧྲུའུ་ཅི་དང་རྫོང་དཔོན་གྱི་གླ་ཕོག་ཆད་འགྱངས་བྱུང་བ་རེད་ཅེས་པ་ཞིག་གོ་མ་མྱོང་།སློབ་འབྲིང་གི་དགེ་རྒན་ཞིག་ཡིན་ན་ཡང་གྲོང་ཚོ་སྐྱོ་པོ་ཞིག་གི་ཤང་ཀྲང་ལ་བསྐོས་པ་ཡིན་ན།དགའ་སྟོན་རྟེན་འབྲེལ་ཞུ་ཡི་རེད།འོན་ཀྱང་གལ་ཏེ་ཤང་ཀྲང་ཞིག་སློབ་འབྲིང་གི་དགེ་རྒན་བྱེད་དུ་ཕྱིན་པ་ཡིན་ན།ཁོང་གིས་གནམ་ཐག་རྒྱག་མི་དགོས་པའི་ངེས་པ་མེད།

དོན་དམ་དུ་ཕུལ་དུ་བྱུང་བའི་མི་ཞིག་ཡིན་ན་དཔོན་པོ་བཅའ་དགོས་པའི་ངེས་པའང་མེད།འདི་ལྟ་བུའི་དོན་དངོས་ཀྱི་སྔུན་ནས་དགེ་རྒན་གྱི་དཔུང་སྡེའི་སྤུས་ཚད་ལ་འགན་ལེན་བགྱི་རྒྱུ་ཧ་ཅང་དཀའ།དེར་བརྟེན་ངས་བྱས་ན་ང་ཚོའི་རྒྱ་ཡིག་སློབ་གསོའི་བཅོས་བསྒྱུར་ནི་དོན་དངོས་ཐོག་ཕྱོགས་ཡོངས་ལ་འབྲེལ་བ་ཆགས་ཡོད་པ་རེད།དཔོན་པོ་བྱེད་ན་འདོད་མཁན་དེ་དག་དགེ་རྒན་བཅའ་ན་འདོད་པ་ཞིག་ཏུ་འགྱུར་བའི་ཚེ་ན།རྒྱ་ཡིག་སློབ་གསོའི་ཁྲོད་ཀྱི་གནད་དོན་འདི་ཙམ་ཡང་མ་ཟད།དེ་ལས་འགོངས་བའི་གནད་དོན་དག་ཀྱང་རང་བཞིན་གྱིས་ཞི་འགྲོའོ།ངའི་བསམ་པར་རྒྱ་ཡིག་གི་ཆུ་ཚད་ཡར་རྒྱས་འབྱུང་བ་ལ་གཟིགས་ཀློག་འབོར་ཆེན་ཞིག་འབྱུང་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་སྙམ།སློབ་གསོའི་འགྲོ་གྲོན་ཡོངས་ཁྱབ་ཀྱིས་མི་ལྡེངས་པའི་སྐབས་འདིར།སློབ་གྲྭ་ལ་མ་དངུལ་འབོར་ཆེན་ཞིག་གིས་དཔེ་ཆ་མངག་ཉོ་བྱེད་དུ་འཇུག་པ་ནི་དཔེ་མི་སྲིད་པ་ཞིག་རེད།འོན་ཀྱང་ང་ཚོས་“རིག་གསར་”གྱི་ཡར་སྔོན་ལྟར་དུ་རྒྱ་ཡིག་གི་སློབ་དེབ་ཀྱང་༼རྒྱ་ཡིག་༽དང་༼རྩོམ་རིག་༽གཉིས་སུ་ཕྱེས་ན་མི་ཆོག་པ་ག་རེ་ཡིན་ནམ།

ང་རང་ཆུང་དུས་སློབ་མཚམས་ཆད་ནས་ཁྱིམ་དུ་སྡོད་དུས།ཕུ་བོས་སྦྱོང་ཚར་བའི་སློབ་དེབ་༼རྩོམ་རིག་༽ཡང་ནས་བསྐྱར་དུ་བཀླགས་པ་ཡིན་ལ།ཕན་ཐོགས་ཚད་མེད་བྱུང་སྣང་ཤར།བདག་གི་ཆེས་ཐོག་མའི་རྩོམ་རིག་གི་དང་ཞེན་དང་རྩོམ་རིག་གི་བྱང་ཚད་ནི་༼རྩོམ་རིག་༽གི་སློབ་དེབ་དེ་དག་གིས་བསྐྱེད་བསྲིང་བྱས་པ་ཡིན།གཞན་དུ་ན་ང་ཚོས་སློབ་འབྲིང་སློབ་མ་རྣམས་ལ་བརྡ་སྤྲོད་དང་གཏན་ཚིགས་ཀྱི་ཤེས་བྱ་དེ་ལྟ་བུའི་མང་པོ་ཞིག་ལ་བྱང་བར་བྱེད་དུ་འཇུག་དགོས་དོན་མེད་སྙམ།ཤེས་བྱ་འདི་དག་སློབ་ཆེན་གྱི་རྒྱ་ཡིག་སྡེ་ཁག་གི་ནང་ནས་བསླབ་ན་ཡོངས་སུ་འཐུས་སོ།ངའི་བསམ་པར་གལ་ཏེ་མི་ཞིག་ལ་གཞོན་ནུའི་དུས་སྐབས་ནས་སྐད་ཡིག་ལ་བརྩེ་བ་ཞིག་འབྱུང་མ་ཐུབ་པ་ཡིན་ན།ཧ་ལམ་མི་ཚེ་གང་པོར་རྩོམ་ཡིག་ཡག་པོ་ཞིག་འབྲི་དཀའ་ཨང་སྙམ།བརྡ་སྤྲོད་དང་གཏན་ཚིགས་སོགས་ནི་ལོ་ན་བརྒྱད་ཅུར་སོན་ཡང་སྦྱོང་བཏུབ་ཀྱི་རེད་ལ།ལོ་ངོ་མང་པོའི་སྐད་ཡིག་བེད་སྤྱོད་ཀྱི་ལག་ལེན་ཡོད་ཐོག་ཏུ་སྦྱོང་བ་ཡིན་ན་ལྷག་ཏུ་སླ།ཚོད་མ་ཧོང་ཀུབ་བརྫི་བ་ལྟར་དུ་བུ་ཕྲུག་རྣམས་ལ་དོན་གྱིས་སྟོངས་བའི་གཏན་ཚིགས་དང་བརྡ་སྤྲོད་ཀྱི་སློབ་སྦྱོང་ལ་འཇུག་པར་བྱ་བ་ནི་སྡུག་ལས་འབའ་ཞིག་ཡིན་པ་བསྙོན་དུ་མེད།དངོས་གནས་བྱས་ན་ང་ཚོས་རྒྱ་ཡིག་གི་སློབ་ཁྲིད་ངོ་མཚར་རྣམ་པར་བཀྲ་བ་ཞིག་བགྱི་ཆོག་ཆོག་རེད།

དོན་དངུས་སུ་མི་ཕལ་མོ་ཆེས་མི་ཚེ་གང་པོར་མ་ཡིག་བརྡ་སྤྲོད་ལར་ནས་བཀོལ་མི་དགོས་ལ།བརྡ་སྤྲོད་རྩ་བ་ནས་མི་ཤེས་པའི་མི་ཞིག་གིས་སྐད་ཆ་དང་རྩོམ་འབྲི་ལ་མ་ཡིག་གིས་ཤ་ཐང་ཐང་དུ་འཇུག་གིན་ཡོད།ང་ཚོས་སྦྱང་པ་སྤྱོད་དུ་བསྐུལ་བ་ཡིན་ན་མི་ཕལ་ཆེ་བར་ཕན་ཐོགས་མེད་པའི་བྱ་དངོས་མང་པོ་ཞིག་ལ་དེ་ལྟར་དུས་ཡུན་རིང་པོར་བསླབ་ཏུ་འཇུག་པའི་རྒྱུ་མཚན་ཅི།གལ་ཏེ་ང་ཚོའི་སློབ་འབྲིང་གི་རྒྱ་ཡིག་སློབ་གསོ་ལ་འདི་ལྟ་བུའི་བཅོས་བསྒྱུར་ཞིག་བགྱི་ཐུབ་ན།ང་ཚོའི་སློབ་ཆེན་གྱི་རྒྱ་ཡིག་སྡེ་ཁག་མུ་ནས་གནས་ཐུབ་པའི་རྒྱུ་མཚན་གཅིག་གིས་མང་དུ་ཕྱིན་པ་རེད།སློབ་ཆེན་གྱི་རྒྱ་ཡིག་སྡེ་ཁག་ནས་རྒྱ་ཡིག་གི་བརྡ་སྤྲོད་དང་གཏན་ཚིགས་ལ་བྱང་ཆུད་པའི་ཆེད་མཁས་པ་བསྐྱེད་བསྲིང་བྱས་ཤིང་།ཁོ་ཚོས་རྒྱ་ཡིག་གི་ལོ་རྒྱུས་དང་འཕེལ་རྒྱས་ལ་ཞིབ་འཇུག་བྱས་ཏེ་སློབ་གྲྭ་ནས་མཐར་ཕྱིན་དུས་ཀྲུང་གོ་བ་ལ་རྒྱ་ཡིག་སློབ་ཆོག་ཅིང་ཕྱི་གླིང་བ་ལའང་སློབ་ཆོག་གི་རེད།དེ་ལྟར་བྱུང་ན་ད་ལྟ་ནང་བཞིན་ཏེ།རྩོམ་ཡིག་གཅིག་ནི་སློབ་ཆུང་སློབ་མས་སྦྱོང་བཞིན་ཡོད་ལ་སློབ་འབྲིང་སློབ་མས་ཀྱང་སྦྱོང་བཞིན་ཡོད་ཅིང་།སློབ་ཆེན་སློབ་མས་ཀྱང་སྦྱོང་བཞིན་ཡོད་པ་ལྟ་བུ་མི་འབྱུང་ངོ།གལ་ཏེ་རྒྱ་ཡིག་ནི་ཀང་ཆིན་ཞིག་ལ་ཆ་བཞག་པ་ཡིན་ན།ལ་ཤས་ཀྱིས་འཆར་བཀོད་དང་ཉམས་གསོ་བྱེད་ཤེས་དགོས་མོད།ཕལ་ཆེ་བས་དཀྲོལ་ལེན་བྱེད་ཤེས་པ་ཙམ་གྱིས་འགྲིག་གི་རེད་སྙམ།ཞོའི་པང་གིས་ཀང་ཆིན་ཞིག་གསོ་བྱེད་ཤེས་པའི་ངེས་པ་མེད་ལ།ཚུང་ཧྲན་ཝན་གྱིས་བརྡ་སྤྲོད་དང་འབྲེལ་བའི་དཔེ་ཆ་ཞིག་འབྲི་ཐུབ་པའི་ངེས་པ་མེད་ན་ཡང་།བརྡ་སྤྲོད་ཀྱི་དཔེ་ཆ་མང་པོ་བརྩམས་པའི་ལུ་ཧྲུའུ་ཞང་གིས་ཀྱང་ཧ་ལམ་ཕུལ་བྱུང་གི་བརྩམས་སྒྲུང་ཞིག་འབྲི་ཐུབ་མེད་པ་འདྲ།

རྩོམ་ཁུངས།༼གྱང་གླུ་ལེན་༽

《会唱歌的墙》