གཞོན་ནུ་ཁོལ།

གཞོན་ནུ་ཁོལ་ནི་ལེགས་སྦྱར་གྱི་སྙན་དངགས་ཆེན་མོ་<<སྐྱེད་བྱེད་བུ་མོ་འཕྲོག་པ>>ཞེས་པའི་སྙན་དངགས་མཁན་ལགས་ཤིང་།  སྐྱེད་བྱེད་བུ་མོ་བྱ་བ་རོལ་རྙེད་མའི་མིང་གི་རྣམ་གྲངས་དང་། དགའ་བྱེད་ཀྱི་ཆུང་མའོ།།  སྙན་ངག་དེའི་བརྗོད་པར་བྱ་བ་ནི་དྲང་སྲོང་གྲོག་མཁར་གྱིས་མཛད་པའི་གནའ་བོའི་སྙན་ངག་རིང་མོ་<<དགའ་བྱེད་ཀྱི་བརྒྱུད>>ཅེས་པར་རོལ་རྙེད་མ་དགའ་བྱེད་དང་ལྷན་དུ་ནགས་སུ་དཀའ་ཐུབ་ལ་སྤྱོད་པའི་ཚེ།  སྲིན་པོའི་རྒྱལ་བོ་ལིངྐ་མགྲིན་བཅུས་ཕྲོགས་པའི་གཏམ་རྒྱུད་འབྱུང་བ་དེ་གཙོར་བྱས་ནས་རྒྱན་གྱིས་རབ་ཏུ་བཅིངས་པའི་ལེའུ་ཉི་ཤུའི་བདག་ཉིད་ཅན་ཞིག་གོ། བརྗོད་བྱའི་སྙིང་བོ་རཱ་མ་ཡཱ་ཎ་དང་ཕལ་ཆེར་གཅིག་ཏུ་སོང་བས་རེ་རེ་ངོ་སྤྲོད་པའི་དགོས་པ་མ་མཐོང་།

དེ་ཡང་སིངྒ་ལའི་སྐད་དུ་བསྒྱུར་བའི་<<སྐྱེད་བྱེད་བུ་མོ་འཕྲོག་པ>>ཞེས་པ་དེར་གཞོན་ནུ་ཁོལ་ནི་ཤྲཱི་ལངྐའི་རྒྱལ་བོ་གཞོན་ནུ་དབྱིངས་ཀྱི་སྡེ་(༥༡༣-༥༢༢)ཡིན་པར་བཤད་པའི་འདོད་ཚུལ་དེ་ལ་མོས་མཐུན་གནང་འདུན་ནའང་།  མཁས་པ་ཕལ་མོ་ཆེ་དེར་མོས་མཐུན་མི་གནང་བ་ཡིན། སྙན་ངག་གི་བསྟན་བཅོས་དེར་སྙན་དངགས་མཁན་གྱི་མཚན་ཐོག་མཐའ་བར་གསུམ་གང་དུ་ཡང་མི་འབྱུང་ནའང་།  དེའི་མཇུག་ཏུ་ཡབ་ཀྱི་མཚན་མཱ་ནི་ཏ་བྱ་བ། མཁས་པ་ཙམ་དུ་མ་ཟད།  གཡུལ་གྱི་ལས་ལའང་ཤིན་ཏུ་མཛངས་པ་ཞིག་ལགས་ཤིང་།  ལངྐཱའི་རྒྱལ་བོ་གཞོན་ནུ་རིན་ཆེན་ལགས་ཀྱི་དམག་དཔོན་ཞིག་ཡིན་པ་དང་། གཡུལ་ས་རང་སྲོག་བློས་བཏང་བའི་དཔའ་རྒོད་ཅིག་ཡིན་པར་གསལ། རང་གི་ཡབ་ཆུང་དུས་ནས་གྲོངས་ཟིན་པ་དང་རང་ཉིད་ཆུང་དུས་ནས་བཟུང་ནད་ཀྱིས་མནར་བས། ཁོང་གི་ཁུ་བོ། མཚན་ལ་ཆུ་འཛིན་ཟེར་བ་ཞིག་དང་བྱང་ཆུབ་རྩེ་མོ་ཟེར་བ་གཉིས་ཀྱིས་ཁོ་རང་བརྩེ་བས་བསྐྱངས་པར་གསལ།  ཆུང་དུས་ནས་ནད་ཀྱིས་བཟུང་བྱ་བ་དེ་ནད་གང་ཡིན་གསལ་ཁ་མེད་ནའང་།  བརྒྱ་ཕྲག་དགུ་བར་བྱུང་བའི་<<སྙན་ངག་དཔྱོད་པ>>ཞེས་བྱ་བའི་མཛད་པ་པོ་རྒྱལ་བོ་ཏོག་གིས་ཇི་སྐད་དུ།  “མེདྷཱབིརུདྲཀུམཱརདཱསཱདཡཿ ཛཱཏྱནྡྷཿ” (མཛངས་པ་དང་རབ་ཏུ་དྲག་པོ། གཞོན་ནུ་ཁོལ་སོགས་ནི་དམུས་ལོང་ངོ་།།) ཞེས་དམུས་ལོང་ཡིན་པར་བཤད་པས།   ནད་ཀྱིས་མནར་བ་ཞེས་པ་དམུས་ལོང་ཡིན་པར་གོ

བཤད་ཚུལ་གཞན་ཞིག་ལ་སྙན་དངགས་འདིའི་མཛད་པ་པོ་ནག་མོ་ཁོལ་ཡིན་པར་ཡང་་བཤད།  སྤྱིར་གཞོན་ནུ་ཁོལ་ནི་ནག་མོ་ཁོལ་གྱི་རྗེས་སུ་བྱོན་པ་སྟེ།  ཕལ་ཆེར་བརྒྱ་ཕྲག་ལྔ་བའི་ནང་དུ་བྱོན་པར་བཞེད། སློབ་དཔོན་ཉི་སྣང་ལས་སྔོན་དུ་དང་། མཱ་གྷའི་རྗེས་སུ་བྱོན་པར་འདོད་པ་ཡིན།

གཞོན་ནུ་ཁོལ་གྱི་འཁྲུངས་ཡུལ་ནི་ཀཱཉྩི་པུར་ཞེས་པར་འདོད་ཅིང་།  སྙན་ངག་དེའང་ས་དེར་བརྩམས་པར་བཞེད་ཅིང་། འདི་ནི་བདག་ཅག་ལ་རབ་ཏུ་གྲགས་པ་<<སྙན་ངག་མེ་ལོང་མ>>ཡི་མཛད་པ་པོ་དབྱུག་པ་ཅན་འཁྲུངས་སའང་ཡིན།

དེ་ཡང་ཁོང་གི་རྩོམ་རྩལ་ནི་ནག་མོ་ཁོལ་དང་མཚུངས་པར་བཤད་ཅིང་། ཁོང་ནག་མོ་ཁོལ་ལ་དད་མོས་ཆེན་པོ་ཡོད་པ་ཡོངས་སུ་གྲགས་པ་ཡིན།  <<སྐྱེད་བྱེད་བུ་མོ་འཕྲོག་པ>>ཞེས་པ་འདིས་ནག་མོ་ཁོལ་གྱི་<<གཞོན་ནུ་འབྱུང་བ>>ལ་ཡང་འགྲན་དུ་བཟོད་པར་རྗེས་རབས་མཁས་པ་དག་སྨྲ།  དེ་ཡང་<<ལེགས་བཤད་རིན་ཆེན་མཛོད>>ཅེས་པའི་ཚིགས་བཅད་ཅིག་ཏུ།

(ཛཱནཀཱིཧརཎཾ ཀརྟུཾ རགྷུབཾཤེ པུརཿསྠིཏེ།

ཀབིཿ ཀུམཱརདཱསོ བཱ རཱབཎོ བཱ ཡདི ཀྵམོོ།།)

ར་གྷུའི་གདུང་མདུན་གནས་བཞིན་དུ།།
སྐྱེད་བྱེད་བུ་མོ་འཕྲོག་ནུས་པ།།
རྩོམ་མཁན་གཞོན་ནུ་ཁོལ་བའམ།
ཡང་ན་སྲིན་པོ་སྒྲ་སྒྲོགས་ཉིད།།

ཞེས་ཆེ་བསྟོད་ཆེན་པོ་གནངས་ཡོད་པའོ།།  དེའི་དོན་ནི་<<ར་གྷུ་བཾ་ཤ>>སྟེ་<<ར་གྷུའི་གདུང>>ཅེས་པ། ར་གྷུའི་རིགས་ཀྱི་གདུང་རྒྱུད།  དགའ་བྱེད་ཟླ་བ་མདུན་དུ་ཡོད་བཞིན་དུ་སྐྱེད་བྱེད་བུ་མོ་སྟེ་རོལ་རྙེད་མ་འཕྲོག་ནུས་མཁན་སྤོབས་པས་དགེ་བ་ཅན་ཞིག་ཡོད་ན་ནི།  དེ་ནི་སྲིན་པོ་སྒྲ་སྒྲོགས་ཡིན་ཞེས་པ་དང་། དོན་གཞན་ནི་ནག་མོ་ཁོལ་གྱི་<<ར་གྷུ་བཾ་ཤ>>སྟེ་<<ར་གྷུའི་གདུང>>ཅེས་པའི་སྙན་ངག་གི་བསྟན་བཅོས་སྔུན་ལ་ཡོད་བཞིན་དུའང་། <<སྐྱེད་བྱེད་བུ་མོ་འཕྲོག་པ>>ཞེས་པའི་སྙན་ངག་གི་བསྟན་བཅོས་བྱེད་ནུས་མཁན་སྤོབས་པས་དགེ་བ་ཅན་ཞིག་ཡོད་ན་ནི། གཞོན་ནུ་ཁོལ་ལོ་ཞེས་སྒྲ་དོན་གཉིས་ཀ་སྦྱར་བ་ཞིག་གོ། འདིའི་སྐོར་མཁས་དབང་དགེ་ཆོས་མཆོག་གི་གཏམ་རྒྱུད་གསེར་ཐང་དུ་སྦྱར་རྒྱན་ཡིན་ལུགས་འབྱུང་ནའང་སྦྱར་ཚུལ་ཇི་ལྟར་ཡིན་གསུངས་མེད་པས་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་གི་ཞལ་ནས་ཐོས་པ་བཞིན་སྦྱར་བའོ།།