ཉེ་ཆར་སྐུ་ཞབས་ཇོ་ལེབ་ཆོས་འཕེལ་ལགས་ཀྱིས་ཧིན་ཡིག་ལས་བསྒྱུར་པའི«རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ»ཞེས་པའི་དེབ་འདི་པར་སྐྲུན་བྱས་པའི་གཏམ་བཟང་ཐོས་མ་ཐག དེབ་འདི་ཀློག་འདོད་ཀྱིས་ཚོར་བ་ཞིག་མེ་བཞིན་འབར་བྱུང་། དེབ་འདི་ནི་མཁས་དབང་དགེ་ཆོས་ལགས་དང་དངོས་སུ་འབྲེལ་འདྲིས་བྱུང་བའི་མི་ཞིག་གིས་བྲིས་པ་རེད་ལ། ཕལ་ཆེར་དགེ་ཆོས་སྐོར་གྱི་དཔྱད་གཞིའི་ཡིག་ཆ་གསར་ཤོས་དེ་དེབ་འདི་མིན་ནམ་སྙམ་སྟེ་རག་ཐབས་བྱས་པ་ཡིན།

དེབ་འདིའི་ནང་ཐོག་མར་པཎ་ཆེན་རཱ་ཧུལ་ལགས་དང་སྐུ་ཞབས་ཕེ་ནེ་མུ་ཁར་ཇི་ལགས་གཉིས་ཀ་ལ་ཀ་ཏ་ནས་ཐོན་པ་དང་། མཛེས་སྡུག་ལྡན་པའི་རི་སྒང་ཞིག་ཏུ་ཆགས་ཡོད་པའི་ཀ་ལིམ་སྦུག་ནས་མཁས་དབང་དགེ་ཆོས་ལགས་དང་ཐུག་འཕྲད་བྱུང་སྐོར་བྲིས་ཏེ། ཕྱི་ལོ་༡༩༣༨ལོའི་ཟླ་༥པའི་ཚེས་༤ཉིན། ཁོང་གསུམ་པོས་དྲེལ་རེ་བཞོན་ནས་གྲང་ངར་ཆེ་བའི་བོད་རྒྱལ་ཁབ་ཀྱི་ཕྱོགས་སུ་ཆས་སྐོར་གླེང་འདུག ཁོང་ཚོ་ཁ་བ་བུ་ཡུག་འཚུབ་པའི་སྣར་ཐང་གྲོང་སྡེ་བརྒྱུད་དེ་ཕག་རི་རྫོང་དང་། རྒྱལ་རྩེ། བཀྲ་ཤིས་ལྷུན་པོ། ངོར་དགོན་པ་སོགས་སུ་འབྱོར་ཏེ་ཡུལ་དེ་དག་ཏུ་བཞེངས་པའི་དགོན་པ་ཁག་ཏུ་བཞུགས་པའི་ཏ་ལའི་ལོ་མའི་དཔེ་རྙིང་དག་འཚོལ་སྒྲུབ་བྱས་ཚུལ་དང་འབྲེལ་ཏེ་ཡུལ་དེ་དག་གི་གནའ་བོའི་སྲོལ་རྒྱུན་དང་དེ་ལས་འཕྲོས་པའི་ཡུལ་སྲོལ་གོམས་གཤིས་སོགས་བརྗོད་བྱའི་ཨ་ལོང་ནང་བསུས་འདུག་ལ། སྐབས་དེའི་སྟོད་དབུས་གཙང་ཕྱོགས་ཀྱི་འཚོ་བ་ངན་ངོན་ཡིན་རུང་། མཚན་མོར་ཡུལ་མི་རྣམས་ཀྱིས་སེམས་གཡེང་ཆེད་པི་ཝང་དཀྲོལ་བ་དང་། བྲོ་རྡུང་གླུ་གཞས་གཏོང་ཚུལ་སོགས་བྲིས་འདུག་པའི་གཏམ་རྒྱུད་དེ་དག་སྙན་པ་ལ་ཚད་མེད་པ་ཞིག་བྱུང་།

པཎ་ཆེན་རཱ་ཧུལ་ལགས་དཀའ་ཚེགས་གང་མང་བརྒྱུད་དེ་བོད་ལུང་པར་ཕེབས་ཏེ་ཏ་ལའི་ལོ་མའི་དཔེ་རྙིང་དག་འཚོལ་སྒྲུབ་གནང་བ་བཀའ་དྲིན་ཆེན་པོ་རེད་སྙམ་མོད། འོན་ཀྱང་ཁོང་གིས‘‘ལྷ་ལ་ཡིད་ཆེས་པའི་དད་པ་ནི་སྨྱོན་པ་རེད། ཆོས་ཀྱིས་མགོ་སྐོར་གཏོང་བ་དང་། དངུལ་ལེན་ཆེད་དུ་སྐུ་རྫུན་མ་བཟོས་བཞག་པ་རེད།’’ལྟ་བུ་མཐོང་སྐབས། ཁོང་གི་ཕྱག་ལས་དང་དད་པ་གཉིས་ཀྱི་བར་ན་འགལ་བ་ཞིག་ཡོད་པར་ཤེས་ལ། ལྷག་པར་དུ་ཁོང་ནི་ཁ་བཤད་ཚིག་ལ་མི་གནས་པའི་སྐྱེས་བུ་ཞིག་ཡིན་པའང་དེབ་འདི་བརྒྱུད་ནས་ཤེས་བྱུང་། ཕྱོགས་གཞན་ཞིག་ནས་བཤད་ན། ལོ་ཤས་ཀྱི་སྔོན་ལ་ཆག་ལོའི་རྣམ་ཐར་བཀླགས་སྐབས། ཆག་ལོས་ལེགས་སྦྱར་གྱི་སྐད་ཧ་ཅང་ཡག་པོ་མཁྱེན་པས་རྡོར་གདན་གྱི་དགེ་སློང་དག་གིས་ཁོང་བོད་པ་ཞིག་ཡིན་པར་ཡིད་མ་ཆེས་ནའང་། ཞབས་ལ་གཟིགས་ཏེ་ཡིད་ཆེས་བྱུང་བ་དང་། དེ་ནས་གར་ལོག་དམག་གིས་རྡོར་གདན་སོགས་བཅོམ་སྐབས་ཆག་ལོས་དགེ་རྒན་ཁུར་ནས་བྲོས་ཚུལ། ད་དུང་ཆག་ལོས་བལ་ཡུལ་ནས་པོ་ཏི་མང་པོ་དྲེལ་ལ་བཀལ་ནས་བོད་དུ་ལོག་ཕེབས་གནང་བའི་ལོ་རྒྱུས་དེ་ཚོ་ཤིན་ཏུ་སྙན་པོ་བྱུང་ལ། ཡིད་ཀྱང་སྐྱོ་བར་གྱུར་མྱོང་། ཆག་ལོའི་རྣམ་ཐར་དེ་ནི་རཱ་ཧུལ་ལགས་ཀྱིས་རྒྱ་གར་དུ་ཁྱེར་ཏེ་ཉར་ཚགས་བྱས་པ་རེད་ལ། ད་དུང་ང་ལ་ངོ་བཤུས་ཐོབ་པའི་དཔེ་རྙིང་དེ་དག་གི་ནང་ནའང་རཱ་ཧུལ་ལགས་ཀྱིས་ཉར་ཚགས་བྱས་པའི་དེབ་ག་ཚོད་ཅིག་ཡོད་དམ་སྙམ།

ཡིད་ཕངས་པ་ཞིག་ལ། དེབ་འདིའི་ནང་རཱ་ཧུལ་ལགས་ཀྱི་ཕུགས་བསམ་དང་དགེ་ཆོས་ཀྱི་བསམ་བློའི་སྐོར་དེ་ཤོག་ངོས་གཅིག་ཙམ་ལས་བྲིས་མི་འདུག་མོད། དེབ་འདིའི་ནང་དགེ་ཆོས་ལགས་ཀྱི་སྐོར་མེད་པའང་མ་རེད། དཔེར་ན། དགེ་ཆོས་ལགས་དང་ཕེ་ནེ་མུ་ཁར་ཇི་ལགས་གཉིས་བཀྲ་ཤིས་ལྷན་པོར་བཞུགས་པའི་བསམ་བློ་དགེ་བཤེས་མཆོག་ལ་མཇལ་སྐབས་ཀྱི་གནས་ཚུལ་དེ་གླེང་སྐབས་ཐོར་རེ་བ་ཞིག་འབྱུང་བར་མ་ཟད། དེབ་འདིའི་མཇུག་ཏུ་དགེ་ཆོས་ལགས་ཀྱི་མཛའ་མོའི་སྐོར་གླེང་སྐབས་ཀྱང་རགས་རིམ་ཞིག་བྲིས་ཡོད་པ་མཐོང་། དེ་དག་ཧ་ཅང་སྙན་པོ་བྱུང་། རྒྱས་པ་ཞིག་བྲིས་ཡོད་ན་ཅི་མ་རུང་སྙམ་མོད། རྩོམ་པ་པོས་དགེ་ཆོས་ལགས་དང་རཱ་ཧུལ་ལགས་གཉིས་ཀྱིས་གླེང་མོལ་གང་གནང་སོགས་ཀྱི་གནས་ཚུལ་ཞིབ་འབྲི་མ་བྱས་པའི་རྒྱུ་མཚན་ནི་ཁོང་གིས་བོད་སྐད་དང་ལེགས་སྦྱར་སྐད་མ་ཤེས་པའི་སྟབས་ཀྱིས་ཡིན་པ་འདྲ། རྩོམ་པ་པོས་དགེ་ཆོས་ལགས་ལ‘‘སྙིང་རྗེ་ཅན’’དང‘‘བྱང་སེམས་ཅན’’སོགས་སྤྱད་འདུག་པས། ཁོང་དགེ་ཆོས་ལགས་ལ་བརྩེ་སེམས་ཡོད་པ་འདྲ་ལ། རྩོམ་པ་པོས་དགེ་ཆོས་ཀྱི་མཛའ་མོ་མཐོང་སྐབས‘‘ཁྱེད་ཀྱིས་རྒྱ་སེ་མེ་ཏོག་འདི་གང་ནས་རག་བྱུང་།’’ཞེས་ཟུར་ཟའི་དྲི་བ་ཞིག་བཏོན་རྗེས། དགེ་ཆོས་ལགས་ཀྱིས‘‘འདི་ནི་ངའི་ཆུང་མ་ཁམས་མོ་རེད།’’ཅེས་བརྗོད་སྟངས་ལ་བལྟས་ན། དགེ་ཆོས་ལགས་ནི་མི་ཁུ་རུ་ཁ་ཐུག་ཅིག་ཀྱང་མིན་ནམ་སྙམ། སྐབས་དེར་དགེ་ཆོས་ལགས་ཀྱིས་ཁོང་གི་མཛའ་མོ་ཁམས་མོ་དེར་བྲིས་པའི་སྙན་ངག་དེ་ཁོང་གི་གསུང་རྩོམ་ཁྲོད་དུ་ཡོད་པ་མ་མཇལ་མོད། ཁོང་གིས་མོའི་སྐྲ་ལོ་མཐུག་པོ་ཕྱོགས་གཉིས་སུ་བསླས་པ་ནི་ཀླུ་རྒྱལ་ནག་པོར་དཔེ་མཚོན་དུ་བཞག་ཡོད་པ་དང་། འགྲམ་པ་ནི་ཀསྨིར་གྱི་ཀུ་ཤུ་ཆ་འགྲིག་གཅིག་དང་མཚུངས་ཆོས་སུ་བརྗོད་ཡོད་པ་སོགས་མཐོང་སྐབས། སྙན་ངག་དེ་ཡང་ལན་གཅིག་མཐོང་ན་སྙམ་པའི་འདུན་པ་ཞིག་འགོག་མེད་དུ་སྐྱེས་བྱུང་།

ད་དུང་དེབ་འདིའི་ནང་དགེ་ཆོས་ལགས་ཀྱིས་ཨིན་ཡིག་ལོ་ག་ཚོད་ཅིག་སྦྱངས་པ་དང་། ཁོང་ལ་རྒྱ་གར་བ་ཚོས‘‘དགེ་བཤེས’’ཞེས་འབོད་པ་དེ་ལའང་རྒྱུ་མཚན་གཞན་ཞིག་ཡོད་པ་ཤེས་བྱུང་། འདིས་སྔར་བདག་གིས་དགེ་ཆོས་ལགས་ཀྱི་སྐོར་ལ་བྲིས་པའི་དཔྱད་རྩོམ་ཞིག་ཡོད་པ་དེ་ལའང་རྣམ་ཤེས་གསར་པ་ཞིག་བསྐྲུན་བྱུང་། ད་དུང་རྩོམ་པ་པོས་དབུས་གཙང་ཁུལ་གྱི་གོམས་གཤིས་དགོད་བྲོ་ལ་ཡིད་དབང་འཕྲོག་པའང་ཇི་སྙེད་ཅིག་བྲིས་ཡོད་པ་དེ་དག་སྐབས་དེའི་དངོས་འབྲེལ་ལོ་རྒྱུས་དོན་གཉེར་བྱེད་པ་དག་ལ་མཚོན་ན་དཔྱད་གཞིའི་ཡིག་ཆ་གསར་པ་ཞིག་ཏུ་འཁུམས། འདིར་ཞུ་འདོད་གཞན་ཞིག་ལ། ལྷ་སའི་བག་ལེབ་འདི་ནི་ཐོག་མར་གཞིས་ཀ་རྩེར་འབྱོར་བའི་རྒྱ་ཁ་ཆེ་བ་ཚོས་བཟོས་ཏེ་རིམ་གྱིས་དབུས་གཙང་ཕྱོགས་སུ་དར་འཕེལ་བྱུང་བའི་སྐོར་གླེང་སྐབས་དོན་དག་ཆེན་པོ་ཞིག་ཤེས་སོང་སྙམ་པའི་དགའ་སྣང་སྐྱེས་བྱུང་། ད་དུང་དེབ་འདིར་གསལ་བའི་གནད་དོན་ཁ་ཤས་ངོ་སྤྲོད་རོབ་ཙམ་ཞུ་དགོས་སྙམ་ནའང་། ད་ལྟ་ཁོམ་ལོང་མི་འདུག་ཀྱང་། མདོར་བསྡུས་ན་རྩོམ་པ་པོ་འདིས་བོད་ཀྱི་དངོས་ཡོད་ཀྱི་འཚོ་བ་རྟོག་བཟོ་མ་བྱས་པར་ཇི་མ་ཇི་བཞིན་དུ་བྲིས་འདུག་ལ། ལྷག་པར་དུ་ཁོང་བོད་ཀྱི་རྒྱལ་ཁབ་དང་མི་རིགས་འདིར་བློ་སེམས་དཀར་པའི་མི་ཞིག་ཡིན་པ་དེབ་འདིའི་མགོ་མཇུག་བར་གསུམ་གྱི་ཟུར་ཁ་རེ་རེ་ནས་གསལ་པོར་མཐོང་ཐུབ་པས། རྩོམ་པ་པོ་ཕེ་ནེ་མུ་ཁར་ཇི་ལགས་ཐུགས་རྗེ་ཆེ་ཞུས་པ་ཡིན།

མཇུག་ཏུ། དེབ་འདིའི་རྩོམ་པ་པོས་དགེ་ཆོས་ལགས་ལ་བྲིས་པའི་ཚིག་རྐང་གཅིག་འདིར་འདྲེན་རྒྱུ་ཡིན། ‘‘འཇིགས་ཞུམ་མེད་པའི་སྙིང་སྟོབས་ཅན་གྱི་དགེ་བཤེས་དགེ་འདུན་ཆོས་འཕེལ་ལགས་གཅིག་པུས་ཧི་མ་ལ་ཡའི་ཕ་རོལ་གྱི་བོད་ནང་དུ་འཐབ་རྩོད་བྱེད་བཞིན་སྐུ་ཚེ་རྫོགས་པ་ནི་ངའི་སེམས་ཁོང་གི་རྙི་ལྟ་བུ་དྲན་པའི་ཡུལ་དུ་གྱུར།’’ འདི་ནི་དེབ་འདིའི་ཆེས་མཐའ་མཇུག་གི་ཚིག་རྐང་དེ་ཡིན་པ་རེད།