ཟླ་བ་གཞོནནུ།

འདི་ནི་རཀ་ར་རིན་པོ་ཆེའི་སྤྲིན་འགྲེལ་གློག་ཕྲེང་མ་བྱ་བར་མ་ཚང་བའི་ཤོ་ལོ་ཀ་དག་རིག་པའི་གྲོགས་པོ་ཞིག་གིས་བསྐུལ་བ་བཞིན་བསྒྱུར་བའོ།།

༥༣
ཁྱོད་ནི་གལ་ཏེ་ཆུ་འཐུངས་བསམས་ན་ལུས་ཕྱེད་ཕྱི་མ་མཁའ་ལས་འཕྱང་བ་ནི།།
ལྷ་ཡི་གླང་བོ་བཞིན་ཏེ་ཆུ་དེའི་ཞིང་ནི་དྲི་མེད་དཀར་བའི་ཤེལ་བཞིན་སྣང་བ་ཉིད།།
ཆུ་བོ་དེ་ལ་ཁྱོད་ཀྱི་གྲིབ་མ་བབས་པས་འཕྲལ་ལ་ཡང་དག་འབྱུང་འགྱུར་མཛེས་པ་ནི།།
ཡ་མུ་ན་ཡི་ཆུ་དང་གངྒཱ་འགྲོགས་པའི་མཛེས་པ་ལས་འོངས་གྱུར་ལ་གནས་མ་ཡིན།།

ཞེས་པ་ནི།
ཀྭ་ཡེ་སྤྲིན་པ། ཁྱོད་ནི་ལྷ་ཡི་གླང་བོ་བཞིན་དུ་མཁའ་ནས་ལུས་ཕྱེད་སྔ་མ(ཁོག་སྟོད)་དཔྱངས་ནས་དྲི་མེད་ཤེལ་བཞིན་གཙང་བའི་གངྒཱའི་ཆུ་འཐུང་བར་བསམས་ན་ནི། དེ་མ་ཉིད་དུ་གངྒཱའི་རྒྱུན་ལ་ཤར་བའི་ཁྱོད་ཀྱི་གཟུགས་བརྙན་ལས། གནས་མ་ཡིན་ཡང་(དོན་དུ་གངྒཱ་དང་ཡ་མུ་ན་འདྲེས་ས་ནི་པྲ་ཡཱ་ག་བྱ་བའི་ཡུལ་ཡིན་པས་འདིར་གནས་མ་ཡིན་ཡང་ཞེས་པའོ)ཆུ་བོ་ཡ་མུ་ན་དང་འགྲོགས་པ་བཞིན་དུ་མཛེས་པར་སྣང་ངེས་སོ།། ཞེས་པའོ།།

༥༤
རྡོ་ལེབ་སྟེང་དུ་རི་དྭགས་གནས་པའི་རི་དྭགས་ལྟེ་བའི་དྲི་བཟང་འཛིན་པའི་རྡོ་ལྡན་ཞིང་།།
གངྒཱ་ཉིད་ཀྱི་ཡབ་གྱུར་ཁ་བས་དཀར་བའི་གཡོ་མེད་གངས་ལྡན་དེ་ཉིད་ཐོབ་བྱས་ནས།།
ལམ་གྱི་ངལ་བ་རྣམ་པར་འདུལ་བའི་ཆེད་དུ་དེ་ཡི་རྩེ་ལ་སླེབས་ནས་འདུག་པ་ཡི།།
མཛེས་པ་མིག་གསུམ་པ་ཡི་བཞོན་པ་དཀར་བའི་ཁྱུ་མཆོག་རྭ་ཡིས་འདམ་ནི་བླངས་པ་བཞིན།།

ཞེས་པ་ནི།
ཀྭ་ཡེ་སྤྲིན་པ! རི་དྭགས་གླ་བའི་ལྟེ་བ་ལས་དྲི་བཟང་བསྒོས་པའི་རྡོ་དང་ལྡན་པའི་གངྒཱའི་ཡབ་ཏུ་གྱུར་བ་སྟེ་འབྱུང་གནས་སུ་གྱུར་བ་རི་བོ་གངས་ཅན་ཁ་བས་གཡོགས་ཏེ་དཀར་བོར་གྱུར་བ་དེའི་རྩེ་མོར་རང་གི་དུབ་པ་བསལ་བའི་སླད་དུ་ཁྱོད་སྡོད་པར་འགྱུར་ན་ནི། མིག་གསུམ་པའི་བཞོན་པ་གླང་མོ་དཀར་མོས་ས་རྩེད་ལས་གཏོར་བའི་འདམ་ལ་བསྒྲུན་དུ་རུང་བའི་མཛེས་པ་འཛིན་པར་འགྱུར་རོ་ཞེས་པའོ།།

༥༥
དེ་ལ་གལ་ཏེ་རླུང་གིས་རབ་བསྐྱོད་ཐང་ཤིང་ལག་པ་ཀུན་ཏུ་འཐབས་པ་ལས་བྱུང་བའི།།
མེ་ཡི་དུགས་དང་མེ་སྟག་དག་གིས་འབྲོང་གི་དགའ་མའི་སྤུ་ཚོགས་མང་བོ་སྲེག་བྱེད་ན།།
ཁྱོད་ཀྱིས་དེ་རྣམས་ཞི་བའི་ཆེད་དུ་ཆུ་འཛིན་སྟོང་ཕྲག་མང་བོའི་ཆར་ནི་བྱ་བར་འོས།།
གང་ཕྱིར་ཆེན་པོ་རྣམས་ཀྱི་ཕུན་ཚོགས་འབྲས་བུ་མང་བོའི་སྡུག་བསྔལ་ཞི་བར་བྱེད་པ་ཉིད།།

ཅེས་པ་ནི།
སྤྲིན་པ!
གལ་ཏེ། རླུང་རབ་ཏུ་བསྐྱོད་པས་ཐང་ཤིང་གི་ཡལ་ག་ཕན་ཚུན་གཙུབས་པ་ལས་བྱུང་ཞིང་འབྲོང་གི་རྔ་སྤུ་བསྲེགས་པར་བྱེད་པའི་ནགས་ཀྱི་མེས་རི་བོ་གངས་ཅན་གཙེས་པར་བྱེད་ན་ནི། ཁྱོད་ཀྱིས་ཆུ་རྒྱུན་སྟོང་ཕྲག་ལོང་བ་ཕབས་ནས་དེ་ངེས་པར་ཞི་བར་བྱའོ།། གང་གི་ཕྱིར་ན། སྐྱེས་བུ་ཆེན་པོ་རྣམས་ཀྱི་ཕུན་ཚོགས་ཀྱི་འབྲས་བུ་ནི་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་སེལ་བར་བྱེད་པ་དེ་ཉིད་དོ་ཞེས་པའོ།།

བཀྲ་ཤིས!