གཅིག

ང་ཚོས་རང་སེམས་གོར་མོ་ལག་ཏུ་བླངས་ཏེ་ཞིབ་འདང་ཞིག་རྒྱོབས་དང་། ཁྱོད་ཀྱིས་རང་ཉིད་ཀྱི་ལས་དབང་ལ་ཀུ་རེ་རྩེས་པ་མིན་ན། ཁྱོད་ཀྱིས་རང་ལུས་གཙང་མའི་ལང་ཚོ་རྩེད་ཆས་བྱས་པ་མིན་ན། ཁྱོད་ཀྱིས་རང་སེམས་འོ་མ་འདྲ་བོ་ནག་ཐིག་ཕབ་པ་མིན་ན། ཁྱོད་ཀྱི་སྙིང་དབུས་སུ་བཞད་པའི་ཟླ་བའི་མེ་ཏོག་དེ་གཉིས་སུ་ཞིག་གིས་མཛུབ་རྩེ་ནས་བཏོགས་ཐུབ། སྙིང་དབུས་བརྩེ་སེམས་ཀྱི་རྨུ་ཐག་དཀར་པོ་སུ་ཞིག་གིས་ཁེ་གྲིས་བཅད་པ་ལྟར་གཅོད་ཐུབ། མི་ཐུབ་སྟེ། ཁྱོད་ལ་རང་ཚུགས་རྒྱབ་རི་ལྷུན་པོ་ལྟ་བུའི་རྟག་བརྟན་གྱི་བློ་གཤོག་ཅིག་ཡོད་པས། མི་འགྱུར་དམ་བཅའི་མནའ་ཚིག་དང་ཁ་ཆད་རྡོ་ཡི་རི་མོས་ཅི་བྱེད།

བདག་གིས་དེ་ལྟ་བྱེད་འདོད་མེད། དེ་ནི་བློ་གཏན་མེད་པའི་མི་དང་ཕན་ཚུན་ལ་འདང་བརྩེ་མི་གཏོད་པ་ཐབས་རྡུགས་ཚོའི་ལས་ཀ་ཞིག་རེད།

བདག་གིས་དེ་འདྲ་ཞིག་ཡེ་ནས་འཚོལ་འདོད་མེད། གལ་ཏེ་བློ་གཏོད་མེད་པ་ཞིག་དང་མཉམ་དུ་འདུག་དགོས་ཚེ་བདག་གིས་ད་ལྟ་ཉིད་ནས་དོར་ཟིན། རྒྱུ་མཚན་ནི་ཁོ་ཚོར་མནའ་ཚིག་དང་དམ་བཅའ་བཞག་རུང་སྟབས་ལེགས་དུས་དེར་འགལ་རྒྱུར་གཏན་ནས་མི་སྐྲག ཁོ་ཚོ་མ་གཞི་ནས་བློ་མི་བརྟན་པས་སོ། དེ་ལ་དམ་བཅའ་ཡོད་རུང་བློ་ཐུབ་ཅིག་ཡོང་མི་སྲིད། འདི་ནི་སྐད་ཅིག་གི་ཚོར་བའི་ན་ཟུག་དང་སྡུག་བསྔལ་མིན་ལ། དེ་ནི་ཚེ་གང་གི་སོས་ཐུབ་མེད་པའི་རྨ་ཁ་དང་མནར་གཅོད་ཀྱི་སྡུག་བསྔལ་ཡིན། ང་ཚོས་དེ་འདྲའི་མནར་གཅོད་དང་སྡུག་བསྔལ་གྱི་འཚོ་བ་རོལ་འདོད་པ་མ་ཡིན། སུས་ཀྱང་དེ་ལྟ་བུ་ཞིག་འདེམས་མི་སྲིད།

ང་ཚོས་ལྷང་འཇགས་དང་བདེ་སྐྱིད་ཀྱི་འཚོ་བ་ཞིག་ལ་འཚོལ་སྙེག་བྱེད་རྒྱུ་ཡིན་ན། ཕན་ཚུན་ལ་ཡིད་ཆེས་རྐྱང་རྐྱང་བྱེད་རྒྱུ་ཞིག་མ་ཡིན་ལ། ཕན་ཚུན་ལ་ཡིད་ཆེས་འཐོབ་པའི་བྱ་བ་ཞིག་ལས་དགོས། འདི་ནི་ཧ་ཅང་གི་གལ་གནད་ཆེ་ས་ཡིན། དེང་སྐབས་མི་མང་གིས་དོན་ཅི་བྱུང་ཡང་ཕན་ཚུན་ལ་ཡིད་ཆེས་བྱེད་དགོས་ཞེས་གླེང་བ་ལ་བསམ་བློ་ཞིབ་ཏུ་མ་བཏང་བའི་སྐྱོན་ཤོར་ཡོད། ཕན་ཚུན་ལ་བློ་ཐུབ་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མིན། ཡང་གང་བྱུང་དུ་ཁྱོས་ང་ལ་ཡིད་ཆེས་བྱས་ཟེར་བ་ལྟ་བུ། ཁྱོད་ང་ལ་ཡིད་ཆེས་མེད་པ་ཅི་རེད་ཟེར་ལྟ་བུ་ཡོད་པས་སོ། ཁྱོད་ཀྱིས་ང་ལ་ཡིད་ཆེས་དགོས་པའི་བྱ་བ་ཞིག་མ་ལས་པ་ཡིན་ན་ཅི་ལྟར་ཡིད་ཆེས་དགོས། གལ་ཏེ་ལྷག་པར་དུ་ཡིད་མི་ཆེས་པ་རེ་ལས་ཡོད་ན་དཔེ་སྲིད་དམ། དངོས་ནས་བཤད་ན་ཐོག་མ་ནས་ཡིད་ཆེས་དགོས་པ་ཁག་པོ་ཡིན། དེ་འདྲ་ཞིག་དཔེ་མི་སྲིད། གལ་ཏེ་ཁྱོད་ལ་ཡིད་ཆེས་པའི་དོན་བྱ་ཆེན་པོ་ཞིག་མ་ལས་པ་ཡིན་ན། ཐོག་མ་ཉིད་ནས་ཁྱོད་རང་གཞན་གྱི་གཡོ་འོག་ལ་ཚུད་སོང་བ་རེད། མདུད་པ་འདི་གྲོལ་ཤེས་མཁན་དཀོན་པས་དུས་རྒྱུན་ཕམ་ཁ་ཉོས་པ་རེད། དུས་རབས་འདིར་རྣམ་རིག་གྲིན་པོ་མ་ཡིན་ན་ད་དུང་གཡོ་འོག་ལ་ཚུད་ཉེན་ཡོད་པ་རེད། དེ་གང་རེད་ཅེ་ན། གཡོ་ཅན་རེ་འགས་སྔོན་ལ་ཡིད་ཆེས་པའི་རིགས་སྒྲུབ་པ་དང་མཇུག་ཏུ་རྙི་རྒྱ་རུ་ལྡིང་དུ་འཇུག་མཁན་མང་པས་དེར་གཟབ་ཏེ་ཡུན་རིང་བརྟག་དཔྱད་དང་ཞིབ་འཇུག་གལ་ཆེ། འདི་ནི་སྤྱིར་བཏང་གི་རྒྱུན་ཤེས་ཙམ་ཡིན། ང་ཚོ་ལ་དགོས་པ་ནི་མ་འོངས་པའི་མིག་རྒྱང་ཡིན་པ་ལས་སྐབས་བསྟུན་གྱི་བདེ་བ་མིན། སྐབས་བསྟུན་ལས་མི་ཤེས་པའི་མི་ནི་རླབས་ཆེན་གྱི་ཁྲི་ལ་འཛེགས་ཐུབ་དབེན། དེ་བས་ང་ཚོ་ལ་ཚེ་སྲོག་རྟ་རྔ་ལས་མེད་ཀྱང་སང་ཉིན་གྱི་ཆེད་དུ་འབུད་རྒྱུ་ཡིན།

གཉིས།

ང་ཚོས་ཕན་ཚུན་ལ་ཡིད་ཆེས་པའི་ལས་དོན་མང་པོ་བྱེད་དགོས་པ་མ་ཟད། ད་དུང་དེ་ཁོ་ནས་འགྲུབ་སོང་བ་ཞིག་མ་ཡིན། ཕན་ཚུན་རྒྱུས་ལོན་དགོས་ལ་ཕན་ཚུན་གྱི་སེམས་ཁམས་དེ་བས་ཀྱང་རྒྱུས་ལོན་དགོས། སེམས་ཁམས་ནི་གཤིས་ཀ་དང་འབྲེལ་ཡོད་པས་སོ། འགྲིག་མཐུན་གྱི་འཚོ་བ་ནི་བདེ་སྐྱིད་ཡིན། བདེ་སྐྱིད་ཀྱི་རྨང་གཞི་བློ་གཏོད་ཡིན། བློ་གཏོད་དེ་ཡང་རྒྱུ་དང་འབྲས་བུ་མེད་པའི་གང་བྱུང་ཅིག་མ་ཡིན། གལ་ཏེ་ནམ་ཞིག་ལ་རེ་བཞག་གི་སྐུད་ཐག་ཆད་སོང་བ་ཡིན་ན། དེ་ནི་ཆེས་གདུག་རྩུབ་ལྡན་པའི་ཉིན་མོ་ཞིག་ཡིན་ཨང་། ཕྱིར་ཡོང་མེད་པའི་ཚེ་སྲོག་ཅིག་ནུབ་པ་ལས་ཀྱང་སྡུག་བསྔལ་ཆེ་ཨང་། ཡིན་ནའང། ང་ཚོས་སྔར་བཞིན་དོན་དངོས་ལ་གདོང་གཏོད་དགོས། དོན་དངོས་ལ་གདོང་ཇི་ལྟར་གཏད་ཀྱང་མི་སེམས་ཀྱི་ནག་ཐིག་ཡལ་མི་སྲིད། ལྷག་པར་མི་རང་ཉིད་ཀྱི་སྟེང་ལ་ཚེ་གང་གསུབ་ཐུབ་མེད་པའི་གས་ཆག་གི་མིང་ཐོ་ནག་པོ་ཞིག་བསྐྲུན་ཡོད། དེ་ནི་འདག་མི་ཐུབ་པའི་ནག་ཉེས་ཤིག་གི་རྟགས་མཚན་ཡིན། རྟགས་མཚན་དེས་མི་སུ་ཡང་ཁྱོད་ལ་བློ་གཏོད་མི་ཐུབ་པའི་དཔང་བོ་བྱས་ཡོད། ཚབས་ཆེ་ན་དགྲ་བོ་
ཞིག་གི་ཇེ་མང་ལ་བཏང་བ་ཡིན་ནའང་ཐང་། དུས་རབས་འདིར་མི་གཞི་ལ་བརྩི་མཐོང་དར་བ་མ་ཟད། མི་གཞིའི་རིན་ཐང་ལ་དང་དོད་ཆེན་པོ་བྱེད་སྐབས་དེའི་སྐད་ཆ་དང་ལུགས་མཐུན་གྱི་མི་གཤིས་ཀུན་སྤྱོད་ལ་གོང་བཀུར་མ་བྱས་པ་ཡིན་ན། དེ་ནི་ཆེས་ཐ་ཤལ་བ་ཞིག་ཡིན་ལ། དེ་འདྲའི་ཐ་ཤལ་བ་ལ་སྤྱི་ཚོགས་ཐོག་གོ་གནས་ཅི་ཡང་མེད། ཐ་ན་ཅི་ཡང་ཐོབ་མི་སྲིད།

རྒྱུ་མཚན་ནི། འདི་ནི་ནོར་འཛོལ་ཙམ་གྱི་གནད་དོན་མིན། ཀུན་སྤྱོད་ཀྱི་གནད་དོན་ཡིན། ཀུན་སྤྱོད་ལ་གནད་དོན་ཤོར་བ་ནི་གཤིས་རྒྱུད་ལ་གནད་དོན་ཤོར་བ་རེད། མིའི་ཡོད་ཚད་གཤིས་ཀའི་ཐག་གཅོད་སྟབས། ང་ཚོས་དེ་ལ་དོ་སྣང་ཆེན་པོ་བྱེད་ངེས།

གལ་ཏེ་ང་ཚོས་རྒྱུ་འབྲས་དང་ལས་དབང་སྲུང་བ་ཡིན་ན་འདི་ལྷག་པའི་འཇིགས་སྐྲག་ཅིག་བཤད་ཡོད་པ་རེད། གང་ལྟར་ང་ཚོ་ཚུལ་མཐུན་དང་དྲང་བཞག་གིས་བསྐྱོད་དགོས། ང་ཚོས་མངོན་ལྐོག་གང་རུང་ནས་མི་འོས་མི་རུང་ཁྲེལ་མེད་ཀྱི་ལས་རྒྱབ་ཏུ་དོར། ཁྲེལ་འདས་ཀྱི་བྱ་བ་གཅིག་གིས་ཡོད་ཚད་ལ་རྫོགས་མི་འགོད་པའི་ཕྱིར་དུ་དེ་འདྲ་གཏན་ནས་གཏན་རིང་དུ་འཕངས་ཏེ། ཁ་མཐུན་ཞེ་མཐུན་གཅིག་སེམས་གཅིག་གིས་གཞུང་རྒྱུད་ནས་ལྷག་སེམས་དཀར་རྒྱུ་དེ་ནི་དགེ་བའི་རྩ་བའོ།།