ངེད་ཚང་ལ་ལོ་གྲངས་བཅུ་གཉིས་ལས་བརྒལ་བའི་སྒོ་ཁྱི་སྙིང་ཉེ་བ་ཞིག་ཡོད།སྤྱིར་ཁྱི་ཚད་ལོ་དགུ་ཞེས་གྲགས་ཀྱང་།དེ་ནི་ཤོད་རྒྱུན་མ་དག་པ་ཞིག་སྟེ།ང་ཚོའི་སྡེ་བ་རུ་ངེད་ཚང་གཅིག་པུ་མིན་པར་ཁྱི་རྒན་ལོ་བཅུ་ལས་བརྒལ་བ་མཛུབ་མོར་བགྲང་དགོས་པ་ཞིག་ཡོད།ཁ་སང་ཞོགས་པར་སྟབས་མ་འགྲིག་པའི་བར་གླགས་ཤིག་ནས་ངེད་ཚང་གི་སྒོ་ཁྱི་སྒོར་ཤོར་སོང་བ་དེ་ཐོག་མར་ཨ་མས་ཤེས་རྗེས་ཨ་ཕ་དང་ང་ཚོས་ག་རེར་བཙལ་ཀྱང་རྙེད་རྒྱུ་མ་བྱུང་།དེའི་ཐོག་ཉེ་ལམ་ངེད་ཀྱི་སྒོ་ཁྱི་ལ་ཁྱི་ནད་ཅིག་བྱུང་ནས་འགྲོ་འདུག་ལ་ཡང་དཀའ་ལས་ཆེན་པོ་ཡོད་པས་སེམས་སུ་བཟོད་དཀའ་བའི་སྙིང་རྗེ་ཞིག་རང་ཤུགས་སུ་བསྐྱེད་པར་བྱེད།དེ་བས།ཁྱི་དེ་ལྟར་བོར་སོང་བ་ནི་ངེད་ཚང་ལ་མཚོན་ན་གཏམ་ངན་འབའ་ཞིག་ཡིན།

ཨ་མས་བཤད་ན།ཁྱི་ཤི་གད་པར་ལྐོག་ཤི་ཟེར་བ་རེད་པས་སྒོ་ཁྱི་བཟང་བོ་ནི་རང་ཉིད་ཤི་ལ་ཉེ་ཚེ་རང་ཤུགས་ཀྱིས་ཤེས་ཐུབ་ཅིང་མི་ཚད་མི་རྣམས་ཀྱིས་མི་མཐོང་བའི་གད་པ་སོགས་སུ་འགྲོ་ནས་འཆི་བ་རེད་ཟེར་བས་ངེད་ཚང་གི་ཁྱིའང་གད་པ་ཞིག་གམ་ཡང་ན་ཁུག་ཤུལ་གང་ཞིག་ཏུ་འཆི་རུ་སོང་བ་ཡིན་གཤིས།ང་ཚོས་སྡེ་བའི་ཡས་མས་དང་དགོན་པའི་མཐའ་སྐོར་སོགས་འགྲོ་བའི་སྲིད་ཕྱོད་མཐོ་བའི་གནས་མང་པོར་སོང་ནས་བཙལ་གྱི།དེ་ནི་སྤང་ནང་ལ་བོར་བའི་རྣ་ལུང་ཞིག་འཚོལ་བ་བཞིན་རྙེད་མ་བྱུང་།ད་ནི་ཇི་ལྟར་བྱས་ཀྱང་འཆི་རུ་བུད་སོང་བ་ནི་བདེན་པར་སྣང་།

ངེད་ཚང་གི་སྒོ་ཁྱི་ནི་ངའི་བྱིས་དུས་དང་མཉམ་དུ་ནར་སོན་པ་ཡིན་ཞེས་བཤད་ཀྱང་ཆོག།ང་རང་སློབ་ཆུང་དུ་འགྲོ་བའི་དུས་ག་ཚོད་ཅིག་ལ།ཨ་ཕས་ཐོག་མར་གཉེན་ཉེ་ཚང་ཞིག་གི་ཁྱི་མོར་བཙས་མ་ཐག་པའི་ཁྱི་ཕྲུག་དག་ལས་གཅིག་ངེད་ཚང་ལ་བཟུང་ནས་ཡོང་བ་ནི་ཏག་ཏག་བོར་ཟིན་པའམ་འཆི་རུ་སོང་བའི་ཁྱི་འདི་ཡིན།ངེད་ཚང་གི་ཁྱི་ལ་མིང་མེད།དང་ཐོག་འདི་ནི་ཁྱི་ཕྲུག་འབའ་ཞིག་ཡིན་པས་ར་སྐོར་ནང་དུ་གང་དགར་བཏང་ཀྱང་མི་ལ་ཟུག་པའམ་རྨུག་པ་སོགས་ཨེན་ཙམ་ཡང་མི་ཤེས།

ང་རང་སློབ་གྲྭ་ནས་ཡུལ་ལ་ལོག་ཐེངས་རེ་རེར།ངས་ཁྱི་ཕྲུག་ར་སྐོར་ནང་དུ་བདའ་སྐོར་ལན་མང་བྱས་པ་དང་ཁྱི་ཕྲུག་གིས་ཀྱང་ང་རང་བདའ་བར་བྱེད་ཅིང་།བསམ་གཟས་དང་མ་གཟས་པའི་བརྒྱུད་རིམ་ཁྲོད་ངེད་གཉིས་ལ་རྩེད་རོགས་ཤིག་གི་འདང་ཆགས་པའང་ད་ལྟ་གཞི་ནས་ཚོར་འོང་།འོན་ཀྱང་།དུས་ཚོད་ཀྱིས་ངེད་གཉིས་མུ་ནས་མུ་རུ་ལག་ཆགས་པར་བསྐྱངས་མོད།ཁྱི་ཕྲུག་ནི་གཟུགས་པོ་དེ་འདྲ་མ་ཆེ་ན་ཡང་།ཁྱི་ཞིག་གི་མཚན་མ་ཕྱི་རུ་མངོན་ནས་སུ་ཞིག་མཐོང་ཚེ་ཟུག་པར་དགའ་ཞིང་བདའ་བར་རྩོམ་པས།ནམ་ཞིག་ནས་སྙིང་ཆུང་བའི་ང་རང་ངེད་ཀྱི་ཁྱི་ལ་བཤོལ་ཅི་ཐུབ་དང་གཞའ་ཅི་ཐུབ་ཀྱིས་ཐ་ན་ར་སྐོར་ནང་དུ་འགྲོ་བའང་དཀའ་ངལ་ཆེ་ཤོས་ཤིག་ཏུ་གྱུར།

དེ་ལྟར།ངེད་ཚང་གི་ཁྱི་ཕྲུག་ལྕགས་ཐག་མེད་པ་དང་ལས་འགན་མེད་པ་ནས་ལྕགས་ཐག་བསྐོན་པ་དང་ལས་འགན་ཅན་ཞིག་ཏུ་གྱུར་ཏེ།ཉིན་མོའི་མགྲོན་པོ་དང་མཚན་མོའི་རྐུན་མ་ཐ་དག་ཟུག་སྐད་ཀྱིས་དཀྲོགས་པའི་སྒོ་ཁྱི་ངོ་མ་ཞིག་གི་ལས་གནས་ཁུར་ཏུ་ཁྱེར་བ་རེད།དུས་དེ་ནས་བཟུང་།ང་རང་མུ་མཐུད་སློབ་གྲྭ་ལ་ཆས་ཅིང་ཁྱིམ་ལ་ཐོན་དུས་མཚམས་མཚམས་སུ་ཁྱི་ཆས་རེ་ལྡུད་པ་ཡིན་མོད།ཁྱི་ཞིག་གི་ལས་དབང་ལ་བསམ་བློ་ཡེ་ནས་གཏང་མ་མྱོང་ལ་ཁྱི་ཞིག་གི་དྲིན་གཟོ་ནི་རླབས་ཆེན་ཞིག་ཡིན་པ་དེ་བས་ཀྱང་མ་རྟོགས།

ཉིན་ཞིག་ངས་དགེ་རྒན་གྱིས་མཚམས་སྦྱོར་འོག་༼མི་དང་ཁྱི་ཡི་ལས་འཕྲོ༽ཞེས་པའི་ཁྱི་དང་འབྲེལ་བའི་གློག་བརྙན་ཞིག་ལ་བལྟས་ཤིང་ཡིད་སེམས་འགུལ་བའི་གློག་བརྙན་དེས་ང་རང་ལ་ཁྱི་ནི་བློས་ཐུབ་ཀྱི་སྲོག་ཆགས་ཤིག་ཡིན་པ་ཤེས་སུ་བཅུག།རྗེས་སུ་ངས་ཡང་གངས་ཞུན་གྱི་སྙན་ངག་༼སྒོ་ཁྱིའི་ལས་དབང༽ཞེས་པ་མཐོང་ཞིང་བབ་ཆགས་ཅིང་ལྷོད་ཀྱིས་བསྟར་བའི་ཡིག་འབྲུ་རེ་རེ་ལས་ང་རང་ལ་ཁྱི་ནི་རང་གི་ལས་འགན་གཙུག་ཏུ་བཀུར་བའི་སྲོག་ཆགས་ཤིག་ཡིན་པའི་བསམ་བློ་སྐྱེ་རུ་བཅུག།ལྷག་པར་སྟག་འབུམ་རྒྱལ་གྱི་ཁྱི་དང་འབྲེལ་བའི་བརྩམས་སྒྲུང་༼ཁྱི་མོ་བདེ་སྐྱིད༽དང་༼ཧྭ་པ་གསོས་པའི་ཟིན་བྲིས༽སོགས་བཀླགས་པ་བརྒྱུད་ང་ནི་ཁྱི་ལ་དོ་སྣང་བྱེད་དགའ་བར་གྱུར་ཅིང་རིམ་གྱིས།ངེད་ཚང་གི་སྒོ་ཁྱི་ནི་ངའི་རྩོམ་ཡིག་མང་པོའི་ཟ་ཟུར་གྱི་གླེང་གཞི་རུ་གྱུར་ཅིང་ང་རང་ཡང་སྒོ་ཁྱི་འབྲི་བར་དུངས་ཞེན་ཟབ་མོ་ཞིག་ཆགས་སོང་།

སློབ་གྲྭ་ནས་ཕ་ཡུལ་ལ་ལོག་ཐེངས་རེ་རེར་ང་ནི་ངེད་ཚང་གི་སྒོ་ཁྱིའི་ཟུག་སྐད་ཁྲོད་ཁྱིམ་གྱི་སྒོ་ཐེམ་བརྒལ་བ་ཡིན་ཞིང་ངར་ཤུགས་འདྲེས་པའི་ཟུག་སྐད་ཀྱིས་ང་ལ་ཁྱིམ་ཚང་འདིའི་དྲོད་ཁོལ་དྲན་དུ་འཇུག་ཅིང་ཟུག་སྐད་དེ་ནི་ང་རང་བསུ་བ་བྱེད་པའི་དགའ་འབོད་ཅིག་ཡིན་པ་ལས་ང་རང་གཞན་པའི་རྒྱུས་མེད་ཀྱི་མགྲོན་པོ་ཞིག་ཏུ་འཁྲུལ་བའི་རྨུག་འདོད་ཀྱི་ཟུག་སྐད་ཅིག་མིན་པ་གསལ་བོར་ཚོར་ཐུབ།དེ་ལྟར་མིན་ཚེ་ང་རང་གམ་དུ་བཅརཏ་ཀྱང་ང་ལ་མི་རྨུག་པར་ས་ལྡིང་གནམ་ལྡིང་དང་ཡར་རྒྱུགས་མར་རྒྱུགས་བྱེད་མི་སྲིད།ཐ་ན་ང་རང་ཟླ་བ་ལྔ་དྲུག་ལ་ཡུལ་ལ་མ་འབྱོར་བར་ནམ་ཞིག་གློ་བུར་ཁྱིམ་ལ་བསླེབས་ནའང་ཁོས་དེ་མ་ཐག་ནས་ང་ནི་ཁྱིམ་ཚང་འདིའི་མི་ཞིག་ཡིན་པ་མྱུར་མོར་ཚོར་ཐུབ་པས་ཁྱི་ནི་སྲོག་ཆགས་བློས་ཐུབ་ཅིག་ཡིན་ཟེར་བ་ཨ་ཅང་བདེན།

དེ་བས་ཀྱང་།ངེད་ཚང་གི་སྒོ་ཁྱིས་ངེད་ཚང་གི་བཟའ་མི་དག་མ་ཟད་ངེད་ཀྱི་སྒོ་ཟོག་དག་ཀྱང་རེ་རེ་ནས་ཤེས་ཤིང་མི་རྨུག་པ་བཞིན།རང་ཉིད་ཀྱི་འདོགས་མགོར*་ཇི་ལྟར་ཡོང་ནས་ཐ་ན་ཁྱི་ཆས་ལྷག་མ་དེའང་འཐུང་གི།ཁོ་རང་རྒྱུགས་རྒྱུགས་ལན་འགའ་བྱེད་ཀྱིན་ཅི་བྱ་བརྟོལ་མེད་ཀྱི་རྣམ་འགྱུར་ཙམ་སྟོན་པ་ལས་དྲག་པོས་རྨུག་མི་སྲིད་དེ།ལྷག་པར་ངེད་ཚང་གི་རྟོལ་ལུ་ནི་ཁོའི་རྩེད་རོགས་བཟང་ཤོས་ཏེ་ཁོ་གཉིས་ཀྱིས་ནམ་རྒྱུན་ཟུག་སྐད་དང་རྭ་ཅོ་གཉིས་ཀྱིས་འཐབ་འཛིང་བྱེད་པ་ཡིན།

འོན་ཀྱང་།སྒོ་ཟོག་གཞན་པ་གང་ཞིག་ངེད་ཚང་གི་སྒོ་ཁྱིའི་འདོགས་མགོ་ཙམ་མ་ཟད་ར་སྒོ་རུ་ཡོད་པ་མཐོང་ཀྱང་།ཁོས་ལྕགས་ཐག་ལ་སོ་འདེབས་ཞོར་ཤེད་ཀྱིས་འཐེན་ཅིང་ཤེད་ཀྱིས་ཟུག་པས་དངོས་གནས་ཤོར་སོང་བ་ཡིན་ཚེ་གླང་ཆེན་སྨྱོན་པ་ལྟ་བུ་ཞིག་ཡིན་མི་སྲིད་ཅེས་སུས་ཀྱང་བརྗོད་དཀའ།

ཡིན་ཡང་།ང་ཚོ་ལ་བློ་ཉེ་བའི་སྒོ་ཁྱི་དེ་ད་ནི་ཕྱིར་ཡོང་མི་འདུག།སྤྱིར་ངེད་ཚང་གི་སྒོ་ཁྱི་ས་ཕྱོགས་གང་དུ་བརྒྱུགས་ཀྱང་ཕྱིར་ཁྱིམ་དུ་ལོག་མི་སྲིད་པ་མི་དཔེ་སྟེ།ང་ཚོ་ཁྱིམ་མི་རེ་རེ་དང་སྒོ་ཟོག་རེ་རེ་ཡང་གསལ་རྒྱུས་ཀྱིས་རྟོགས་པས་རང་ཁྱིམ་ལ་ལོག་པའི་ལམ་ཞིག་རྙེད་མི་སྲིད་ཟེར་བ་ནི་ཅི་འདྲའི་རྣར་མི་འགྲོ་བའི་གཏམ་ཞིག་ཡིན་ན་ཡང་།རང་ཉིད་ཀྱི་ཚེ་ཚད་རྟོགས་པའི་སྒོ་ཁྱི་དེ་ཕྱིར་མིག་མེད་པར་ཆས་སོང་བ་ནི་དངོས་གནས་ཁྱི་བཟང་ཞིག་གི་འཆི་ཁའི་གཏམ་རྒྱུད་ཡིན་པའང་བསྙོན་དུ་མེད་དོ།།

གལ་སྲིད་ཁྱི་ཞིག་གི་ཚེ་གཅིག་ནི་ཁྱིམ་བདག་གི་ངོ་སོ་འཚོ་ཞོར་ཟད་དགོས་པ་རེད་ཅེས་སྨྲ་ཚེ།ང་ནི་ཅིས་ཀྱང་སྐད་ཆ་དེ་ལ་རྒོལ་ལན་སྤྲོད་མཁན་གཅིག་པུ་བྱེད་དགོས་ཀྱང་བྱེད་ངེས་ཡིན་ཏེ།སྐད་ཆ་དེ་ནི་སྒོ་ཁྱི་ལ་དམའ་འབེབས་དང་མི་སེམས་ཀྱི་བརྩེ་བས་མ་ཟིན་པའི་འཆལ་གཏམ་འབའ་ཞིག་ལས།ཏན་ཏན་བསམ་བློ་བཞི་གསུམ་བཅུ་གཉིས་ཀྱིས་ཞིབ་འདང་ཞིག་རྒྱག་པ་ཡིན་ཚེ།ཁྱོད་ཀྱིས་ཁྱི་ནི་ཁྱིམ་ཚང་ཞིག་གི་བཟའ་མི་གཞན་ཞིག་ཡིན་པ་ཤེས་ཐུབ།

ང་ཚོས་ནམ་རྒྱུན་ཁྱོད་རང་ཁྱི་ཞིག་ལའང་མི་དོ་ཞེས་དམོད་ཀྱི།ཏག་ཏག་ང་ཚོར་ཁྱི་ལྟ་བུའི་བློས་ཐུབ་ཀྱི་བསམ་བློ་ཞིག་ལྡན་ཚེ་མིའི་རིགས་ཀྱི་འབྲེལ་འདྲིས་ནི་དེ་འདྲའི་འཇིགས་སུ་རུང་བ་ཞིག་དང་དོགས་ཟོན་གྱི་མིག་ཟུང་རིག་རིག་བྱེད་དགོས་པ་ཞིག་ཡེ་ནས་ཡིན་མི་སྲིད།ཁྱི་ལ་ཟས་ལྡུད་པ་ནི་དྲིན་གཟོའི་རིགས་ཤིག་དང་ཁྱི་ཡིས་སྒོ་ཁྱིམ་སྲུང་བའང་དྲིན་གཟོའི་རིགས་ཤིག་ཡིན་པ་རེད།དེ་ཕྱིར།ང་ཚོས་དྲིན་ལ་དྲིན་དུ་གོ་བའི་བསམ་བློ་ཡག་པོ་ཞིག་གིས་མི་དང་སྲོག་ཆགས་ཀྱི་འབྲེལ་བར་ངོས་འཛིན་བྱེད་པ་ནི་ཤིན་ཏུ་གལ་གྱི།ནམ་ཡང་ཁེ་ཕན་དང་མཐོ་དམའི་ལྟ་སྟངས་ཤིག་གིས་བྱ་དངོས་ལ་དབྱེ་ཞིབ་བྱེད་པ་ནི་ནོར་བ་འབའ་ཞིག་གོ།

འཇིག་རྟེན་འདིར།སྒོ་ཁྱིས་མཚོན་པའི་སྲོག་ཆགས་མང་པོ་ཞིག་ང་ཚོ་མིའི་རིགས་ནང་བཞིན་སྐྱེ་རྒ་ན་འཆིའི་ཁྲོད་འཚོ་ཞིང་གནས་ལ།དེ་དག་ཚང་མ་ནི་སྐད་སྨྲ་དང་མི་སྨྲའམ།དྲན་ཤེས་ཀྱི་ཀླད་པ་མྱུར་དང་མི་མྱུར་ཙམ་ལས།བརྩེ་སེམས་དང་དྲིན་བྱས་དྲིན་དུ་གོ་བའི་འདུ་ཤེས་ཟབ་མོས་ནི་སྐབས་དང་སྐབས་སུ་ང་ཚོ་མིའི་རིགས་ལ་ངོ་གནོང་དགོས་པའི་གཏམ་རྒྱུད་འཆད་ཀྱིན་ཡོད་དོ།།

2018-8-
འདོགས་མགོ*ཁྱི་སོགས་བཏགས་ཅིང་གནས་དེ་རུ་ཕན་ཚུན་ལ་འགྲོ་ཐུབ་པའི་རྒྱ་ཁྱོན།