ན་གཞོན་རྩོམ་པ་པོ་སྒོ་ཡོན་གྱིས་ཕ་ཡུལ་གྱི་ཡི་གེ་པ་ཞེས་པའི་འཕྲིན་ཚོམས་སུ་བཤད་པའི་གཏམ་བཤད་སྒྲ་བཤུས།

སྤྱིར་ཡི་གེ་པ་ཟེར་བར་སྒྲ་ཡངས་དོག་གཉིས་ཡོད་ཀྱང་། འདིར་སྒྲ་དོག་པོའི་སྒོ་ནས་བཤད་ན་རྩོམ་རིག་དང་འབྲེལ་བ་ཡོད་པ་ཞིག་རེད། རྩོམ་རིག་ཟེར་དུས་ཧ་ཅང་གི་རྒྱ་ཆེ་བར་མ་ཟད་དེར་ངོས་འཛིན་ཚུལ་ཡང་མི་འདྲ་བ་སྣ་ཚོགས་རེད། ནུབ་ཕྱོགས་པས་རྩོམ་རིག་ངོས་འཛིན་ཚུལ་དང་ཤར་ཕྱོགས་པས་རྩོམ་རིག་ངོས་འཛིན་ཚུལ་མི་འདྲ་ལ། དེ་བཞིན་ནུབ་ཕྱོགས་པ་ནང་ཁུལ་ལ་གནའ་རབས་དང་ཉེ་རབས། དེང་རབས་གསུམ་གྱི་ངོས་འཛིན་མི་འདྲ་བ་དང་། དེང་རབས་ལའང་དེང་རབས་སྔ་མ་དང་དེང་རབས་ཕྱི་མ་གཉིས་སུ་བཀར་ཞིང་། དེང་རབས་ཕྱི་མ་ལའང་ནང་གསེས་ཀྱི་མི་འདྲ་བ་ཁ་ཅིག་ཡོད་པ་རེད། དེ་ལྟར། རྩོམ་རིག་ཟེར་བ་དེ་ཐམས་ཅད་ཀྱི་རྣ་བར་བྱང་བའི་ཐ་སྙད་ཅུང་སྤྱིར་བཏང་བ་ཞིག་ཡིན་ནའང་། ནང་དོན་དང་ངོས་འཛིན་མི་འདྲ་བ་ཤིན་ཏུ་མང་པོ་རེད།

དེ་རིང་འཕྲིན་ཕྲན་གྱི་ཚོམས་འདིར་ཡོད་པ་ཐམས་ཅད་ཀྱང་། སྤྱིར་བཏང་གཟུགས་མེད་ཀྱི་དགའ་ཕྱོགས་ཤིག་གིས་མཉམ་གཅིག་འདུས་པ་མིན་ནམ་སྙམ་པ་ཞིག་བྱུང་། དེ་ནི་རྩོམ་རིག་གི་དགའ་ཕྱོགས་རེད། མི་མང་པོ་ཞིག་བྱ་དངོས་གང་རུང་ལ་ཐོག་མར་འཇུག་པའི་སྐབས་སུ་དགའ་ཕྱོགས་ཤིག་གི་བསླུ་བྲིད་དམ། གཟུགས་མེད་ཀྱི་རླབས་རྒྱུན་ཞིག་གིས་དེ་ལ་འབྲེལ་ཐག་འཛིན་པ་རེད། དཔེར་ན། དབྱངས་མཁན་ཞིག་ཐོག་མར་དབྱངས་ཀྱི་ལམ་དུ་ཞུགས་པ་ཡིན་ན་འདྲ། རི་མོ་མཁན་ཞིག་ཐོག་མར་རི་མོའི་ལམ་དུ་ཞུགས་པ་ཡིན་ནའང་འདྲ། ཀུན་ལ་ཁྱབ་མཉམ་གྱི་འགྲོ་སྟངས་ཤིག་ཡོད་པ་ནི་དགའ་ཕྱོགས་ཤིག་གིས་ཤེས་མེད་ཚོར་མེད་ངང་སོ་སོའི་ལམ་ཁར་ཞུགས་འགྲོ་བ་རེད། རྩོམ་རིག་གི་ལམ་དུ་འགྲོ་བ་ཡང་ཕལ་ཆེར་དེ་འདྲ་རེད།

ང་རང་ཉིད་ལ་མཚོན་ན། ལོ་བཅུ་གསུམ་དང་བཅུ་བཞི་ཡི་སྐབས་ཙམ་ནས་རྩོམ་རིག་ཟེར་བའི་ཆ་རྒྱུས་མེད་པའི་ལམ་འདིར་ཧ་ཅང་དགའ་པོ་བྱུང་སོང་། དགའ་ཕྱོགས་དེའི་དབང་གིས་རིམ་བཞིན་དེར་བསམ་གཞིག་མང་ཙམ་བྱ་དགོས་བྱུང་། ད་ལྟ་བལྟས་ན། གྲུབ་འབྲས་ཀྱི་ངོས་ཐད་ནས་མངོན་གསལ་དོད་པོ་ཅི་ཡང་བླངས་མ་ཐུབ་ཀྱང་། དུས་ཚོད་ཀྱི་དབང་དུ་བྱས་ན་ཅུང་རྒྱུན་རིང་པོ་འགོར་ཡོད་པ་རེད། མ་མཐར་ཡང་ད་ལྟ་འཕྲིན་ཚོམས་འདིར་བཞུགས་པའི་ལྷན་རྒྱས་དང་བསྡུར་ན། རྩོམ་རིག་ལ་འཇུག་པའི་ཡུན་གྱི་ངོས་ནས་ང་ལས་རིང་བ་ཕལ་ཆེར་ཡོད་ཀྱི་མ་རེད། དང་ཐོག་ང་རང་རྩོམ་རིག་ལ་འཇུག་སྐབས། འུ་ཚོའི་ཕ་ཡུལ་གྱི་ཉེ་འཁོར་དུ་རྩོམ་རིག་ལ་དགའ་ཕྱོགས་ཡོད་མཁན་ཧ་ཅང་ཉུང་ཉུང་རེད།

དེ་ལྟར་ན། བྱ་གཞག་མང་པོ་ཞིག་དུས་ཚོད་ཀྱིས་བདེན་དཔང་བྱ་དགོས་པ་རེད། ལེགས་འགྲུབ་རིག་པ་མཁན་ཨན་ཐོ་ནིས་རོ་བྷེན་(Anthony Robbins)ལགས་ཀྱིས་རྒྱལ་ཁ་མང་པོ་ཞིག་དུས་ཡུན་རིང་པོར་རྒྱུན་སྐྱོང་བྱས་པ་ལས་འཐོབ་ཚུལ་བཤད་ཅིང་། ཧྥི་རོམ་(Fromm)ལགས་ཀྱིས་ཀྱང་བརྩེ་དུངས་ཀྱི་མཐའ་མཇུག་ནི་དུས་ཚོད་ལ་དབང་བར་བཤད། འོན་ཀྱང་། རྩོམ་རིག་ལ་མཚོན་ན། དུས་ཚོད་རྐྱང་རྐྱང་གིས་ཐག་གཅོད་ཐུབ་པ་ཞིག་ཀྱང་མ་རེད། དུས་ཚོད་ནི་ཚེ་སྲོག་གི་རྒྱུད་སྐུད་དེ། རྒྱུད་སྐུད་དེའི་མཚམས་ཆད་སོང་ན་ཚེ་སྲོག་ཀྱང་འཇུག་སྒྲིལ་འགྲོ་བ་རེད་མོད། དུས་ཚོད་རིང་ཐུང་ཙམ་གྱིས་རྩོམ་རིག་གི་རིན་ཐང་འབྱེད་པའང་གནད་ལ་འཁེལ་བ་ཞིག་མ་རེད། དེའི་དབང་གིས། ང་ལྟ་བུར་མཚོན་ན། གོང་དུ་བཤད་པ་བཞིན་དགའ་ཕྱོགས་ཤིག་གིས་ལོ་ངོ་བཅུ་ལྷག་གི་རིང་ལ་རྩོམ་རིག་ལ་དང་དོད་བྱེད་ཁུལ་བྱས་ཀྱང་། ད་ལྟ་བལྟས་ན། རྩོམ་རིག་ཟེར་བ་ནི་དགའ་ཕྱོགས་ཙམ་གྱིས་ལེགས་གྲུབ་མི་འབྱུང་བ་ཉིན་རེ་བས་ཉིན་རེར་ཧ་གོ་ཡི་འདུག

དེས་ན། ཡང་སྙིང་ཅི་ཞིག་བྱས་ན་འགྲིག་གམ་ཞེ་ན། སྐད་ཆ་རགས་པས་བཤད་ན་རྩོམ་རིག་ནི་འཚོ་བ་ཞིག་ཡིན་ན་འགྲིག་པ་རེད། འོ་ན། འཚོ་བ་ནི་ཅི་ཞིག་ཡིན་ནམ། སེམས་ཁམས་རིག་པ་མཁན་དང་བདག་གཉེར་རིག་པ་མཁན་སོགས་ཁྱབ་ཁོངས་མི་འདྲ་བས་འཚོ་བ་ལ་འགྲེལ་སྟངས་སྣ་ཚོགས་འདུག་ལ། ཆོས་ལུགས་དང་རིགས་གཞུང་ཐ་དད་པའི་ཤུགས་རྐྱེན་འོག་འཚོ་བའི་དབྱིབས་དང་ཁ་དོག་ཀྱང་ཐ་དད་པར་འཆར་གྱིན་ཡོད་པ་རེད། སེམས་ཀྱི་སྒེའུ་ཁུང་མི་འདྲར་སྣང་བའི་དབྱིབས་དང་ཁ་དོག བྲོ་བ་མི་འདྲ་བ་རྣམས་ཀྱང་འཚོ་བ་མ་རེད་ཟེར་ས་འགྲོ་རྒྱུ་མ་རེད། དེས་ན། ཕལ་བའི་མིག་དང་བསམ་བློའི་ཐད་ནས་སྟབས་བདེ་བོས་བཤད་ན། འུ་ཚོའི་ལུས་ངག་ཡིད་གསུམ་གྱི་ཁྲོད་ན་འབྲལ་དུ་མི་རུང་བའི་དོན་བྱ་ཁ་ཤས་ཏེ། མེད་ན་སྟོང་ཆར་གྱུར་འགྲོ་བ་དང་། ཡོད་ན་ཁ་སྐོང་དུ་གྱུར་པའི་རིགས་ལ་འཚོ་བ་ཟེར་ན་མི་འགྲིག་པ་ཆེར་མེད་ཅིང་། ང་ལྟ་བུར་མཚོན་ན། རྩོམ་རིག་ནི་སེམས་ཀྱི་སྟོང་ཆ་ཁ་སྐོང་བྱེད་པའི་དམིགས་བསལ་གྱི་འཚོ་བ་ཞིག་རེད་དྲན་གྱིན་འདུག དེ་ལྟ་བུའི་འཚོ་བ་དེ་ཉིད་རྟག་བརྟན་དང་ཐེར་ཟུག་ཅན་ཞིག་ཡིན་སྲིད་དམ། དེ་ནི་གནད་དོན་ཞིག་རེད། རང་རེའི་ནང་བསྟན་མཚན་ཉིད་རིག་པའི་ངོས་ནས་ཡིན་ཡང་འདྲ། འཇར་མན་གྱི་ཁན་ཐི་(Immanuel Kant)དང་ཞོ་ཕེན་ཧ་ཝུར་(Schopenhauer)ལྟ་བུའི་ངོས་ནས་ཡིན་ཡང་འདྲ། འུ་ཚོ་སོ་སྐྱེ་ཕལ་བར་བྱུང་དང་འབྱུང་བར་འགྱུར་བ་ཐམས་ཅད་ཀྱང་རྟག་བརྟན་མིན་པ་གསལ་བོ་རེད། དེའི་དབང་གིས། རྩོམ་རིག་ལ་དགའ་ཕྱོགས་ཡོད་མི་ཚོས་འཚོ་བའི་བདེན་པ་ཞེས་བཤད་ཀྱི་ཡོད་ཀྱང་། བདེན་པ་ཟེར་བའང་རྟག་བརྟན་ཞིག་ཡིན་པ་མ་རེད།

ང་རང་ལ་མཚོན་ན། ལོ་ངོ་འགའི་གོང་དུ་བདེན་པ་ཟེར་བའི་ཚིག་འདི་བཀོལ་སྤྱོད་ཤུགས་དྲག་བྱས་པ་ཡིན། འོན་ཀྱང་། ད་ལྟ་བལྟས་ན་འཇིག་རྟེན་འདི་ནས་བདེན་པ་ཟེར་བ་དངོས་གནས་རྙེད་ཁག་པོ་རེད། ཆོས་ལུགས་དང་གྲུབ་མཐའ་བྱེ་བྲག་པའི་ར་སྐོར་གྱིས་བདེན་པ་ལ་ཚད་ཅིག་བཞག་ཡོད་ཀྱང་། སྐབས་འདིར་རྩོམ་རིག་ནི་འཚོ་བ་ཞིག་དང་། འཚོ་བ་ནི་བདེན་པ་ཞིག་ཡིན་སྲིད་ན། བདེན་པ་ནི་ཧ་ཅང་བཤད་ཁག་པོ་ཞིག་རེད། རྩོམ་ཆོས་ཤིག་དཔེར་དྲངས་ན། ཤིག་སི་ཕེར་(Shakespeare)གྱི་སྐྱོ་གར་གྱི་ཟློས་གར་ཆེན་མོ་བཞི་ལ་བལྟས་ཚེ། བརྩེ་བ་དང་ཁོང་ཁྲོ། གཉེན་དང་དགྲ་སོགས་རྒྱུ་རྐྱེན་མང་པོ་ཞིག་གིས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་གྲུབ་ཡོད་པ་ལས། དམིགས་བསལ་བདེན་པ་ཟེར་བའི་ཆིག་རྐྱང་ཞིག་བསྟན་ཡོད་པ་མ་རེད། གལ་ཏེ་བདེན་པ་ཞིག་བཞག་དགོས་ཚེ། ཕན་ཚུན་གྱི་བར་ལ་གནས་པའི་རྒྱུ་རྐྱེན་གྱི་འབྲེལ་བ་དེ་དག་ནི་བདེན་པ་ཡིན་སྲིད། འུ་ཚོར་ཁ་ལ་ལེན་རྒྱུར་དགའ་བའི་སྐད་ཆ་ཞིག་ཡོད་པ་ནི། བདེན་པའི་ཆེད་དུ་རང་གི་སྲོག་ཀྱང་འདོར་ཐུབ་ཅེས་པ་རེད། ཡིན་ནའང་། སོ་སོས་བདེན་པ་ཟེར་བར་ཚད་ཐིག་ཅིག་བཏབ་ནས་ཚད་ཐིག་དེའི་ནང་ལྡན་པ་ཡིན་ན་བདེན་པ་དང་། ཚད་ཐིག་དེའི་ནང་མི་ལྡན་ཚེ་བདེན་པ་མིན་ཟེར་བ་འདྲ་བོ་མ་གཏོགས། སྤྱིར་བདེན་པའི་ཚད་ཐིག་ཅིག་གཞི་གྲུབ་ཏུ་གནས་པར་བསམ་བློ་གཏོང་དཀའ་བ་རེད་དྲན་གྱིན་འདུག འུ་ཚོ་ཚང་མ་དགའ་ཕྱོགས་ཤིག་གིས་འདིར་མཉམ་དུ་འཛོམས་ཤིང་། དགའ་ཕྱོགས་དེ་ཉིད་ཀྱང་རྩོམ་རིག་ཡིན་ན། རྩོམ་རིག་ནི་འཚོ་བ་ཞིག་ཏུ་འགྱུར་ན་འགྲིག་གིན་འདུག འོ་ན། རྩོམ་རིག་ནི་འཚོ་བའི་མཐར་ཐུག་གི་འབབ་ས་ཡིན་ན་འགྲིག་གམ། ངས་བལྟས་ན། རྩོམ་རིག་ནི་འཚོ་བའི་མཐར་ཐུག་གི་འབབ་ས་ཡིན་ན་འགྲིག་རྒྱུ་མ་རེད། སྤྱིར་བཏང་གོང་དུ་བཤད་པ་བཞིན་རྩོམ་རིག་ལ་གོ་དོན་སྣ་ཚོགས་ཡོད་པས་གཞི་གཅིག་ཏུ་འབབ་ས་ཉུང་ཉུང་རེད། དེ་བཞིན་རྩོམ་ལུས་ཀྱི་ངོས་ནས་སྒྲུང་རྩོམ་མཁན་དང་སྙན་ངག་མཁན་སོགས་ཀྱིས་རྩོམ་རིག་ལ་བཟུང་བའི་རྣམ་འགྱུར་མི་འདྲ་ལ། སྒྲུང་རྩོམ་མཁན་ནང་གསེས་ནས་ཀྱང་རྩོམ་རིག་གི་ངོས་འཛིན་འདྲ་ཀི་མི་འདུག དཔེར་ན། ཉི་ཧོང་གི་མུ་ར་ཀ་མི་ཧ་རུ་ཀི་(Murakami Haruki)དང་རྒྱ་ནག་གི་མོ་ཡན་(莫言)ལྟ་བུར་མཚོན་ན། ཁོང་གཉིས་ཀ་ཡང་སྒྲུང་རྩོམ་མཁན་ཁྱད་པར་བ་གཉིས་རེད་ལ། དམིགས་བསལ་སྒྲུང་རྩོམ་མང་པོ་བཞེངས་སྐྲུན་མཛད་ཡོད་ཀྱང་། སྒྲུང་རྩོམ་བརྒྱུད་དེ་རྩོམ་རིག་གི་ངོས་འཛིན་བྱེད་སྟངས་མི་འདྲ་བ་གཉིས་ཆགས་འདུག འོན་ཀྱང་། ཐུན་མོང་ལ་ཉམས་ཤིག་ཡོད་པ་གང་རེད་ཅེ་ན། རྩོམ་རིག་ནི་འཚོ་བ་ཞིག་ཡིན་པ་དེ་རེད། འོ་ན། འུ་ཚོའི་འཚོ་བའི་ཡོད་ཚད་རྩོམ་རིག་རེད་དམ། དེ་ནི་ཧ་ཅང་བཤད་ཁག་པོ་རེད། འཚོ་བ་ནི་ཡན་ལག་སྣ་ཚོགས་པ་ཞིག་གིས་གྲུབ་པས། རྩོམ་རིག་ཀྱང་རྩོམ་རིག་མཁན་གྱི་འཚོ་བའི་ཁྲོད་ཀྱི་ཡན་ལག་གཅིག་ཙམ་རེད། ཡང་ན། རྩོམ་རིག་ནི་ཕྱི་ཡི་པགས་པར་ངོས་བཟུང་ན། རྩོམ་རིག་ནི་འཚོ་བའི་ལག་ཆ་ཙམ་ཞིག་རེད། འཚོ་བ་ནི་རྩོམ་རིག་གི་ནང་སྙིང་རེད། འཚོ་བ་ལ་རྩོམ་རིག་བས་ཀྱང་ལྷག་པའི་སྙིང་པོ་གཞན་ཡོད་པ་རེད།

ད་ཡར་མར་མང་པོ་བཤད་བཞག་ཐལ། མདོར་བསྡུས་ན། རྩོམ་རིག་ནི་མཐར་ཐུག་གི་འབབ་ས་ཡིན་ཚུལ་དེ་དོགས་གཞི་ཅན་གྱི་གནད་དོན་ཞིག་རེད་བསམ་གྱིན་འདུག དེའི་དབང་གིས་འུ་ཚོ་ཡི་གེ་ལ་ཅི་ཙམ་དགའ་ན་ཡང་། ཡོད་ཚད་རྩོམ་རིག་གོ ། རྩོམ་རིག་ནི་མཐའ་ཐུག་གི་གྲུབ་དོན་ནོ།། བདེན་པ་མཐར་ཐུག་གོ ། འདི་ལས་ལྷག་པའི་བདེན་པ་ནི་མེད་དོ་སྙམ་པ་ལ་གནད་དོན་འདུག ཅིའི་ཕྱིར་འདི་ལྟ་བུའི་སྐད་ཆ་བཤད་པ་ཡིན་ཟེར་ན། འདས་པའི་ཆར་ང་རང་ཉིད་ལ་འདི་ལྟ་བུའི་ཆགས་ཞེན་ཡོད་མྱོང་།
སྐབས་དེར་བདེན་པ་ཟེར་བ་ནི་དཀར་པོ་ཞིག་གམ་ནག་པོ་ཞིག གལ་ཏེ་དཀར་པོ་དང་ནག་པོ་གཉིས་ཀ་མིན་ན་ཁྲ་ཁྲ་ཞིག་ཁོ་ཐག་ཡིན་སྙམ་ནས། དེ་ལྟར་བསམ་བློ་བཏང་ཞིང་སྐད་ཆ་མང་པོ་བཤད། ཡིན་ན་ཡང་། ད་ལྟ་བལྟས་ན་འཇིག་རྟེན་འདིར་ཚུགས་ཐུབ་ཀྱི་བདེན་པ་ཞིག་རྙེད་ཀི་མི་འདུག དེའི་དབང་གིས། འཇིག་རྟེན་གྱི་བདེན་པ་ནི་དཀར་པོ་མ་རེད་ལ་ནག་པོ་ཡང་རེད་མི་འདུག དེ་བཞིན། རྩོམ་རིག་ཀྱང་ཧ་ལས་པའི་རླབས་པོ་ཆེ་དེ་འདྲ་ཅི་ཡང་མ་རེད། རྒྱུ་མཚན་དེ་དག་གིས། ཡོད་ཚད་རྩོམ་རིག་རེད་འདུག་སྙམ་པའི་བསམ་བློ་དེ་གནད་དོན་ཅན་གྱི་བསམ་བློ་ཞིག་རེད་འདུག་དྲན་བྱུང་། གོང་དུ་རྩོམ་རིག་ནི་འཚོ་བ་ཞིག་ཡིན་དགོས་པའི་རྒྱུ་མཚན་གཞན་ཡང་། རྩོམ་རིག་དེ་འཚོ་བ་ཞིག་ཡིན་ན། འཚོ་བས་འུ་ཚོར་བསླུ་བྲིད་བྱ་རྒྱུ་ཨེ་རེད། འུ་ཚོས་འཚོ་བ་ལ་ཁྲེལ་མེད་བྱ་རྒྱུ་ཨེ་རེད། གནད་དོན་དེ་འདྲ་ཞིག་ཀྱང་འདུག མདོར་ན། རྩོམ་རིག་ནི་འཚོ་བ་ཞིག་ཡིན་ན་འགྲིག་གིན་འདུག ཡིན་ནའང་། འཚོ་བ་ནི་བྱེ་བྲག་མང་པོ་ཞིག་གིས་གྲུབ་འདུག དེ་བཞིན་འཚོ་བའི་བདེན་པ་ཡང་བྱེ་བྲག་མང་པོ་ཞིག་གིས་གྲུབ་འདུག རྒྱུ་མཚན་དེ་དག་གིས། བདེན་པ་ལ་ཚད་གཞི་བཞག་སྔ་ན་འགྲིག་གིན་མི་འདུག་ལ། རྩོམ་རིག་ཀྱང་འཚོ་བ་ལས་ཡ་བྲལ་དུ་གྱུར་ན་འགྲིག་གིན་མི་འདུག་བསམ་གྱིན་ཡོད། །

 

གླིང་ལོ་མ་སེར་པོས་ཡིག་འགོད་བྱས།