(པེ་ཅིན་སློབ་ཆེན་གྱི་འཆད་ཁྲིད་སྤྱི་སྟེགས་ལས་བཏུས།)

གཅེས་ཕྲུག་དགའ་བོ།

དུས་ཀྱི་གོམ་བགྲོད་དང་བསྟུན་ཏེ་བསྐྱར་དུ་སློབ་དུས་གསར་པ་ཞིག་འགོ་ཚུགས་པའི་དུས་ལ་སླེབས་སོང་། ཨ་ཕས་ཤ་ཚའི་སྙིང་གཏམ་མང་པོ་ཞིག་གཅེས་ལོ་ཁྱེད་ལ་བཤད་རྒྱུ་ཡོད་མོད། ནམ་རྒྱུན་ཨ་མ་ང་གཉིས་ཀྱིས་བློ་མིག་ཁྱེད་ལ་གཏད་ནས་སེམས་གཏམ་གླེང་བའི་དུས་སུ། ཁྱེད་ལ་ནམ་ཡང་སྐད་ཆ་གཅིག་ལས་བཤད་རྒྱུ་མེད་དེ། མགྱོགས་པོ་སོང་། མགྱོགས་པོ་སོང་། ཞེས་པ་དེའོ།  ཁྱོད་ཀྱིས་ཕ་མའི་ལབ་རྡོལ་ལ་སུན་སྣང་སྐྱེ་བ་ངེད་གཉིས་ཀྱིས་སྔ་མོ་ནས་ཚོར་བྱུང་ལ། གནམ་འོག་ཕ་མའི་སེམས་པར་ཡང་སྙིང་རྗེ་ཚད་མེད་སྐྱེས་མྱོང་། འོན་ཏེ་ཁྱེད་ཀྱིས་བསམ་བློ་ཞིབ་མོ་ཞིག་ཐོངས་དང་།  དོན་ངོ་མར་ཁྱེད་ཀྱིས་ཨ་ཕའི་སེམས་ཁམས་ལ་རྒྱུས་ལོན་བྱ་མྱོང་ངམ།

མི་ལོ་གསུམ་གྱི་དཀའ་བས་ཞོགས་པ་གཅིག་ལ་འབྲས་བུ་སྨིན་དགོས་པའི་སློབ་གསོའི་ལམ་བར་དང་། ལོ་གསུམ་གྱི་རྣོ་ངར་དེ་སྐར་མའི་འགའི་ནང་དུ་གྲི་ཤུབས་ལས་ཐོན་ཏེ་འོད་སྣང་ཕྱོགས་བཞིར་བཀྱེད་པའི་རྩལ་ལག་ཁྱེད་ལ་མི་ཚང་ཡང་། ཁྱེད་ཀྱིས་ལམ་བར་གྱི་དཀའ་རྙོག་ཡོད་ཚད་སེལ་ནས་འབྲས་བུ་ཐོགས་ཀྱིན་རང་ཉིད་ཀྱི་ཕུགས་བསམ་དང་དགའ་ཕྱོགས་གྲུབ་སོང་ལ།  དེ་བས་རང་གི་འདོད་པ་བཞིན་སློབ་འབྲིང་ལྔ་པར་རྒྱུགས་འཕྲོད་སོང་།

སློབ་འགོ་ཚུགས་དུས། ཁྱེད་ཀྱིས་ལྗིད་ཏིག་ཏིག་གི་དཔེ་ཁུག་གིས་མནན་པའི་སྐེད་པ་ཕྲ་མོ་དེ་དང་། ཉིན་བརྒྱ་ཉིན་གཅིག་ལྟར་དུ་སློབ་སྦྱོང་ལ་འབད་པ་བྱེད་བཞིན་པ་དང་། ཐ་ན་གཟའ་མཇུག་གི་ཁོམ་པ་དེའང་གསབ་སྦྱོང་འཇིན་གྲྭའི་གཡས་གཡོན་དུ་རྒྱུགས་ཀྱིན་པའི་བྲེལ་འཚུབ་ཀྱི་རྒྱབ་གཟུགས་བཅས་ཨ་ཕའི་འདྲེན་ལམ་དུ་ཡང་ཡང་འཆར་དུས། ཨ་ཕའི་སེམས་པ་ལྗིད་ཏིག་ཏིག་ཅིག་འདུག་སྟེ། ལྗིད་ཚད་རྒྱ་ཕྲག་གིས་སྡེབས་གཅིག་ཏུ་མནན་པ་དང་མཚུངས།

ཨ་ཕས་ཤེས་བཞིན་ཡོད་དེ། ད་ལྟ་ཁྱེད་ཀྱིས་སློབ་སྦྱོང་གི་གལ་ཆེའི་རང་བཞིན་རྟོགས་ཡོད་ལ། རྒྱང་རིང་གི་ཕུགས་བསམ་ཞིག་ཀྱང་སེམས་ཀློང་དུ་རུམ་ཡོད་ངེས། དགོངས་དག་ཞུའོ། ངའི་སྙིང་གི་གཅེས་ལོ། ཨ་ཕས་སྔོན་མ་ཁྱེད་ལ་བསྟན་པའི་ཁོང་ཁྲོའི་རྣམ་འགྱུར་དང་། ཁྱེད་ལ་སྐད་ཆ་རྩུབ་ངན་དག་བཤད་པ། དེ་བཞིན་སྣང་མེད་དུ་བཤད་པའི་ཨ་ཕའི་སྐད་ཆ་རེ་རེས་ཁྱེད་ཀྱི་རང་བཀུར་གྱི་སེམས་པ་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་ངེས། འོན་ཀྱང་། ཨ་ཕའི་བསམ་པར་ཁྱེད་ནས་རང་གི་ཨ་ཕ་ལ་སྙིང་ནས་བསམ་ཤེས་བྱ་ངེས་ཏེ། དེ་དག་ནི་ཨ་ཕའི་རེ་བ་མགྱོགས་དྲགས་པ་དང་།  དེ་བཞིན་དངངས་འཚབ་ཀྱི་སེམས་ཁམས་ཤན་ཆེ་བས་ཡིན་སྙམ་ངེས།  ད་ལྟ་ཨ་ཕས་རང་ཉིད་ལ་འགྱོད་བཤགས་དང་ངོ་གནོང་མང་པོ་བྱ་བཞིན་ཡོད།

ཁྱེད་ཀྱིས་ཤེས་དགོས་ཏེ། ཆུང་སྦར་མོ་གང་ནས་བསམ་ཤེས་ཐོངས་ཆེ་བའི་ཁྱེད་ལ་སྔ་ཕྱི་བར་གསུམ་དུ་ཁྱིམ་མི་ཚང་མའི་གཅེས་སྐྱོང་དང་དགའ་སྣང་ཐོབ་བཞིན་ཡོད། གང་ལྟར་སུ་ཚང་ལ་ཡིན་རུང་སློབ་སྦྱོང་གི་སྦྱང་འབྲས་གཡུར་དུ་ཟ་བ་དེའང་ཁྱིམ་མིའི་སྤོབས་པ་ཆེན་པོ་ཞིག་ཏུ་བརྩི་ཨང་།   འོན་ཏང་ཨ་ཕས་ཁྱེད་ཉིད་གནོད་འཚེའི་མ་རྩ་རུ་མི་འགྱུར་བར་སེམས། གང་ལ་ཞེ་ན། ཁྱེད་ནི་ཕ་མ་ངེད་གཉིས་ཀྱི་ཡོད་ཚད་ཡིན་ཞིང་། ཁྱེད་འཚར་ལོངས་བྱུང་དུས་ཅི་ཡང་འགྲུབ་མི་ཐུབ་མཁན་ཞིག་ཏུ་མི་འགྱུར་བའི་ཆེད་དང་། སྤྱི་ཚོགས་ཀྱི་ཐོག་ལ་དགེ་བའི་རིན་ཐང་མེད་པ་དང་། མི་གཞན་གྱིས་དམོད་མོ་དང་མིག་ལོག་འོག་ཏུ་འཚོ་མི་དགོས་པའི་ཆེད་དུ་ཡིན།

ཁྱེད་ཀྱིས་ཤེས་དགོས་ཏེ།  ངེད་ཚོའི་རྒྱལ་ཁབ་དང་ལམ་ལུགས་འདི་དག་གི་་འོག་ཏུ། གཏམ་དོན་དུ་མཐུན་པ་ནི་ནགས་ཚལ་གྱི་ཆོས་ཉིད་ལྟ་བུ་ཞིག་ཡིན་ཏེ། དབུལ་པོ་སྟོབས་ཀྱིས་མནན་ཞེས་པ་དེ་ཡིན།   དེའང་ཁྱི་མིག་ཅན་གྱིས་མི་ལ་དམའ་པོར་བལྟ་བའི་སྤྱི་ཚོགས་ཤིག་གི་ནང་དུ་འཚོ་བཞིན་ཡོད་པས། ཁྱེད་ཀྱིས་རང་ཉིད་སྟོབས་ཆེན་དུ་འགྱུར་བའི་རྗེས་སུ། ཁྱེད་ཀྱི་འཚོ་བ་བདེ་བདེ་ཐང་ཐང་དང་། རང་གི་འདོད་པ་ལྟར་གྱི་མི་ཞིག་བྱ་ཐུབ་ངེས་ལ།  ཀྲུང་གོའི་ལོ་རྒྱུས་ཐོག་གྲགས་པ་རབ་ཏུ་འབར་བའི་གྱད་མི་ཤང་ཡུས་②དང་། འགག་སྒོ་ལྔ་དང་དམག་དཔོན་དྲུག་ལ་རྒྱལ་བའི་ཀོན་ཡུས་③ལྟ་བུའོ།

དེ་ཡིན་ནའང་། ལུས་ཀྱི་སྟོབས་གཅིག་པུ་ལ་བསྟེན་པའི་དུས་རབས་དེ་རྡོག་པས་ཕར་ལ་མནན་ཟིན་ཞིང་། དཔེ་ཀློག་དང་སློབ་སྦྱོང་གིས་རང་ཉིད་སྟོབས་ཆེན་དུ་འགྱུར་བའི་དུས་རབས་འདི་ཚུར་ལ་བསུས་ཟིན།  ཤེས་བྱས་མིའི་ལས་དབང་ལ་འགྱུར་བ་གཏོང་ངེས་ཏེ།     ཤེས་བྱའི་སྟོབས་ཀྱིས་འགྲོ་བ་མིའི་སྟོབས་འཕེལ་བ་ནི་ལོ་ངོ་སྟོང་དུ་མི་འགྱུར་བའི་བདེན་པ་དང་ཆོས་ཉིད་ཉག་ཅིག་ཡིན།  དེ་བས་ཀྱང་རྒྱལ་ཁབ་ཀྱི་གནས་ཚུལ་འདིའི་འོག་ཏུ་ཤེས་བྱ་ནོར་གྱི་མཆོག་ཡིན་པའང་སྨོས་སུ་མེད། གཅིག་བྱས་ན། ཁྱེད་ཀྱི་ལུང་ཡིང་ཐེ་④ཡིས་ཁོ་མོའི་བུ་མོར་བསྐུར་བའི་འཕྲིན་ཡིག་དེ་བཀླགས་མྱོང་ངེས། “གཅེས་ཕྲུག་དགའ་བོ། ངས་རྒྱུན་དུ་ཁྱེད་རང་དཔེ་ཀློག་ལ་འབད་འབུངས་བྱ་རྒྱུར་སྐུལ་བ་དེ།    སློབ་གྲོགས་གཞན་ཚོ་དང་བསྡུར་བ་བྱ་བའི་ཆེད་དུ་མིན་ཏེ། ངའི་རེ་བར་མ་འོངས་པའི་དུས་ཤིག་ལ། ཁྱེད་ལ་གདམ་ཀ་བྱ་བའི་དབང་ཆ་དང་།   དོན་སྙིང་དང་རང་དབང་དུས་ཁོམ་མངའ་བའི་ལས་ཀ་ཞིག་གདམ་ཀ་བྱ་བའི་དབང་ཆ་ཐོབ་ཆེད་ཡིན་ཏེ། དེ་ལས་ལྡོག་པའི་འཚོ་བའི་ཆེད་དུ་ལས་ཀ་གདམ་པ་ཙམ་ཞིག་ཅི་ནས་ཀྱང་མིན།   སྐྱེས་བུ་སུ་ཞིག་ཡིན་རུང་རང་གི་ལས་ཀས་སེམས་ནང་དུ་དོན་སྙིང་ཆེས་ཆེར་ལྡན་པའི་དུས་ཤིག་ལ། ཁྱེད་ལ་འབྲས་བུའི་ཚོར་བ་ཞིག་ངང་གིས་སྐྱེ་སྲིད་ཅིང་།  ཁྱེད་ཀྱི་ལས་ཀས་ཁྱེད་ལ་དུས་ཚོད་ལྷག་འཕྲོ་ཞིག་སྦྱིན་དུས། ཁྱེད་ཀྱི་ལས་ཀས་ཁྱེད་ཀྱི་འཚོ་བ་མི་བཅོམ་ཞིང་། ཁྱེད་ལ་རང་བཀུར་སྦྱིན་ལ། རང་བཀུར་གྱིས་ཁྱེད་ལ་འབྲས་བུའི་བདེ་བ་ཞིག་སྦྱིན་ངེས།”དེ་ནི་ཨ་ཕའི་སེསམ་ཀྱི་འབོད་སྒྲ་ཡིན་ཞིང་།  ཁྱིམ་མི་ཡོངས་ཀྱི་རེ་བའང་ཡིན།

ཁྱེད་ཀྱིས་ཤེས་དགོས་ཏེ།  ལོ་ན་ག་དུས་ཙམ་ལ་ལས་གང་འདྲ་ཞིག་བྱ་དགོས་ཤིང་། བརྒྱ་ལ་དུས་ཚོད་དག་ལམ་བར་ནས་རྫོགས་སོང་ཚེ། མཐའ་མར་རེ་བའི་འབྲས་བུ་སྨིན་མ་སྲིད་ཅིང་། མཐའ་མར་འགྱོད་པའི་མཐིལ་དུ་ལྷུང་སྲིད།   དུས་ད་ལྟ་ནི་ཁྱེད་ཀྱིས་ཤེས་བྱར་སྐོམ་པ་ཆུ་འདོད་ལྟར་དུ་རེ་ཞིང་གཞོལ་བའི་དུས་ཚིགས་ཤིག་སྟེ། དམིགས་ཡུལ་ཞིག་སེམས་ནས་བཙུགས་ཤིང་དེ་ལ་ཕྱོགས་ནས་འབད་དགོས།

ཁྱེད་ཀྱིས་ཤེས་དགོས་ཏེ།  སློབ་འབྲིང་ལྔ་པར་སོང་བ་ནི་ལེ་དབར་ཁྲི་ཕྲག་བཅད་ནས་གངས་རི་ཆུང་ཆུང་ཞིག་བརྒལ་བ་དང་མཚུངས།  ཐག་རིང་གི་དམིགས་ཡུལ་ཆེད་ཁྱེད་ཀྱིས་ད་དུང་འབད་པ་བྱ་དགོས་ཤིང་།  རེ་བ་དང་ཡིད་ཆེས།  བློ་རྩ་བརྟན་པོས་འདམ་རྗབ་སོགས་པའི་དཀའ་བ་སྣ་ཚོགས་ལས་རྣམ་པར་རྒྱལ་ཚེ།  ད་གཟོད་ཁྱོད་གཞི་ནས་དམིགས་སར་སླེབས་སྲིད།    ཁྱེད་ཀྱིས་དུས་རྟག་ཏུ་ཨ་ཕར་བཤད་མྱོང་བའི་དགེ་རྒན་གྱི་སྐད་ཆ་ཞིག་ནི།  སྐྱོ་བ་དང་དཀའ་ངལ་ལ་མ་སྐྲག་ཚེ་གནས་སྐབས་གཅིག་གི་སྐྱོ་བ་དང་། སྐྲག་ཚེ་ཚི་གང་པོ་ཡི་སྐྱོ་བའོ།  ཨ་ཕའི་རེ་བར་ཁྱེད་ཀྱིས་གནས་སྐབས་ཀྱི་སྐྱོ་བ་ལས་རྣམ་པར་རྒྱལ་ཏེ་རང་ཉིད་ཀྱི་མི་ཚེ་གཅིག་གི་རང་བཀུར་དང་བདེ་སྐྱིད་ལ་བརྩོན་ལེན་བྱ་དགོས་སྙམ།

ཁྱེད་ཀྱིས་ཤེས་དགོས་ཏེ།  བརྩེ་བ་ཅི་ཙམ་གྱིས་ཆེ་ན་སྡུག་རྩུབ་དེ་ཙམ་གྱིས་མང་ངེས་ཏེ། ཨ་ཕས་ལན་འགར་ཁྱེད་ལ་བཙན་གནོན་གྱིས་སློབ་སྦྱོང་བྱེད་དུ་བཅུག་པའང་གནད་འགག་དེ་ལ་ཐུག་པས་སོ།   རྒྱུ་མཚན་ནི་རྔུལ་ཆུ་དང་ཁྲག་དྲོན་གྱི་ལང་ཚོའི་དུས་སྐབས་ལ།  འབད་པ་གཞན་ལས་ལྡབ་འགྱུར་གྱིས་མང་བ་བྱས་ཚེ།   མ་འོངས་ཀྱི་ལམ་ཁའི་བདེ་སྐྱིད་དག་གཞན་ལས་ལྡབ་འགྱུར་གྱིས་ཆེ་བ་ལྡན་ངེས།

ཀུན་པོའི་ཞལ་རྒྱུན་ལ། བུ་མོ་ནི་ཨ་ཕའི་ཚེ་སྔོན་མའི་བརྩེ་གྲོགས་རེད་ཟེར། གཅིག་བྱས་ན་དེ་བདེན་པ་ཡིན་ཤས་ཆེ། ཨ་ཕས་ལོ་ངོ་འདི་དག་གི་ནང་དུ་ཁྱེད་སློབ་གྲྭ་ནས་བསུ་སྐྱེལ་གྱི་གོ་སྐབས་གཅིག་ཀྱང་བློས་གཏོང་བྱ་མ་མྱོང་དེ།  ཁྱེད་ཀྱིས་དེའི་ལྟག་རྒྱབ་ཏུ་སྦས་ཀྱིན་པའི་རྒྱུ་མཚན་དེ་ཤེས་སམ།  གཅིག་བྱས་ན་ཁྱེད་ཀྱི་ལུང་ཡིས་ཐའེ་ཡི་དཔེ་ཆ་《སྐྱེལ་མ》⑤ཞེས་པ་དེའང་བཀླགས་མྱོང་ཡོད་སྲིད།

“ངས་རིམ་བཞིན་ནས་རིམ་བཞིན་དུ་རྒྱུས་ལོན་བྱུང་བ་ནི།  ཕ་དང་བུ་མོ། མ་དང་བུ་གཉིས་དབར་དུ་བཅའ་བའི་ཕན་ཚུན་གྱི་བརྩེ་བ་ནི་འདི་ཚེའི་ཁྲོད་དུ་ག་ལེར་སྐྱེལ་མ་བྱས་པ་དང་།  རིང་ནས་རིང་དུ་ཡལ་བའི་རྒྱབ་གཟུགས་དང་འདྲ་སྟེ། ཁྱེད་ཀྱིས་ལམ་ཆུང་དེའི་ཟུར་ཁ་ནས་ཕར་ཕྱོགས་ལམ་ཟུར་གྱི་དཀྱོག་མཚམས་ནས་ཕ་མ་ཕེབས་བཞིན་པར་སྐྱེལ་མ་ཞུས་པ་ཙམ་ཡིན།  དེ་བས།  ཁོའི་རྒྱབ་གཟུགས་ཀྱིས་ག་ལེར་ཁྱེད་ལ་བཤད་དོན།“མཇུག་འདེད་ནས་མ་ཡོང་།”ཟེར་བ་དེའོ།”

རེད་དེ། ཨ་ཕས་ཁྱེད་ནར་སོན་པའི་རྗེས་ང་དང་བྲལ་བའི་དུས་ཚིགས་དེར་བསམ་བློ་གཏོང་མ་ཕོད། དེ་དུས་ཀྱི་ངའི་སེམས་པ་ནི་ཅི་འདྲ་ཞིག་ཨང་། ཨ་ཕས་ཤེས་ཏེ། ཁྱེད་གང་ལྟར་ཨ་ཕ་དང་ཁ་བྲལ་ངེས་ཤིང་། རང་སོ་སོའི་རང་དབང་གི་འཚོ་བ་ཞིག་ལ་རོལ་ངེས། ཁྱོད་སློབ་ལོ་འགྲུབ་པར་ད་དུང་ལོ་གསུམ་ཙམ་འདུག་སྟེ།  སྲབ་ཅིང་ཕྲ་བའི་སློབ་བསྡུའི་བརྡ་ཐོ་དེ་ཕལ་ཆེར་ཨ་ཕ་ཨ་མས་ཚེ་གང་དགའ་བའི་གཅེས་ཕྲུག་དང་བྲལ་བའི་མཚམས་ཐིག་གཅིག་ཀྱང་ཡིན་སྲིད། དེའི་རྐྱེན་གྱིས། ཨ་ཕས་ཁྱེད་བསུ་སྐྱེལ་གྱི་གོ་སྐབས་གཅིག་ཀྱང་བློས་གཏོང་མ་མྱོང་། དེ་ལྟར་བགྱིས་ཚེ་ངེད་ཕ་མ་བུ་ཕྲུག་དབར་གྱི་བརྩེ་བ་དམ་དུ་འཆིང་ཐུབ་ལ། མཛེས་པའི་དྲན་གསོ་མང་ཙམ་འཇོག་ཐུབ་པའི་ཕྱིར་ཡིན།  ལོ་ངོ་མང་པོ་ཞིག་སོང་བའི་རྗེས་སུ། ཁྱེད་གཅིག་པུ་སྤྱི་ཚོགས་ཐོག་ཏུ་འགྲོ་བའི་དུས། ཁྱེད་ལ་ཁྱེད་ཀྱི་འཚོ་བ་མངའ་ཞིང་། ནམ་མཁའི་བྱ་འཕུར་བཞིན་རྒྱང་ནས་རྒྱང་དུ་འཕུར་ངེས་མོད། ཨ་ཕས་བྱ་འཕུར་གྱི་སྣེ་གཅིག་འཛིན་རོགས་བགྱིས་ཏེ། ཁྱེད་དེ་བས་མཐོ་ཙམ་ཞིག་འཕུར་ཐུབ་པའི་རེ་སྨོན་བྱ་གིན་ཁྱེད་ལ་སྒུལ་ཤུགས་གང་ནུས་སྦྱིན་ཐུབ་པར་འབད་ངེས།

ཨ་ཕས་ཡང་ཁྱེད་ལ་ལབ་རྡོལ་མང་པོ་ཞིག་ཤོར་སོང་། གཅིག་བྱས་ན་སྐད་ཆ་དེ་དག་གིས་ཁྱེད་ལ་སུན་སྣང་སྐྱེ་སྲིད། འོན་ཏང་ཁྱེད་ཀྱིས་ཤེས་དགོས་པ་ཞིག་ལ། ཕ་མ་དང་བུ་ཕྲུག་དབར་གྱི་བརྩེ་བ་ཆུ་མོའི་རྒྱུན་བཞིན་རིང་དུ་གནས་ངེས།  ད་ལྟ་ཁྱེད་ཀྱི་གནས་འབབ་ནི་སློབ་མ་ཞིག་ཡིན་ཏེ། སློབ་མས་སློབ་སྦྱོང་བྱ་དགོས་པ་ནི་ལས་འགན་གཙོ་བོ་དང་།  བདེ་ཐང་ནི་མ་རྩ། ཞི་ལྷོད་ནི་སེམས་ཁམས་རེད། སེམས་ཁམས་དང་གཟུགས་གཞིའི་བདེ་ཐང་འོག་ཏུ་ཞི་ལྷོད་ཅེས་པའི་གྲོགས་ཤིག་དང་འགྲོགས་ཏེ། སློབ་སྦྱོང་ལ་འབད་པ་ལྷུར་ལེན་བྱ་དགོས།  དེ་མིན་ཚེ་ནམ་ཞིག་ཅི་ཡང་བཤད་མི་ཕོད་པའི་མི་ཞིག་ལ་འགྱུར་སྲིད།

མཚན་ལམ་རིང་མོའི་ཤུལ་ན། ངེད་ཕ་དང་བུ་མོ་གཉིས་ཐབས་ཤེས་འདི་གཅིག་པུ་བརྒྱུད་ནས་སེམས་གཏམ་ལྷུག་པོར་གླེང་ཆོག་པ་དེ་ཁྱད་མཚར་ཨང་།

ཁྱེད་ལ་ཤ་ཚ་བའི་ཨ་ཕས།

 

མཆན་འགྲེལ།

①ལི་ཧྥེ། རྩོམ་པ་པོ། ཐའེ་ཡན་(太原)དུ་གནས་བཅའ་བའི་ལྕགས་ལམ་གྱི་བཟོ་པ་ཞིག་ཡིན་ཞིང་། ནམ་རྒྱུན་དཔེ་ཆས་དུས་ཚོད་འབུད་ཐབས་ལ་དད། ཡིག་གཟུགས་དང་ལུས་རྩལ་ལའང་དགའ།

②ཤང་ཡུས།  སྤྱི་ལོའི་སྔོན་གྱི་ལོ་༢༣༢ནས་༢༠༢བར། ཆིན་རྒྱལ་རབས་མཇུག་མའི་སྐབས་ཀྱི་མི་ཡིན་ཞིང་། ཀྲུང་གོའི་དམག་དོན་བསམ་བློའི་ཚབ་མཚོན་མི་སྣ་དང་། ཀྲུང་གོའི་ལོ་རྒྱུས་ཐོག་གི་སྟོབས་ཆེ་ཤོས་ཀྱི་དམག་དཔོན་གྲས་ཤིག

③ཀོན་ཡུས།  སྤྱི་ལོ་༡༦༡ནས་༢༢༠བར། ཧྲུའུ་རྒྱལ་ཁབ་ཀྱི་དམག་དཔོན་གྲགས་ཅན་ཞིག

④ལུང་ཡིང་ཐེ།  སྤྱི་ལོ་༡༩༥༢ལོར་ཐའེ་ཝན་དུ་འཁྲུངས་ཤིང་། དེང་རབས་རྩོམ་པ་པོ་གྲགས་ཅན། ཚབ་མཚོན་བརྩམས་ཆོས་ལ་《སྐྱེལ་མ་》དང་《གཅེས་ཕྲུག ག་ལེར་གྱིས་》《གཅེས་པའི་ཨན་ཏ་ལེད་》སོགས་ཡོད།

⑤《སྐྱེལ་མ》ལུང་ཡིང་ཐེ་ཡི་ཚབ་མཚོན་བརྩམས་ཆོས། འཁོར་བའི་སྐྱིད་སྡུག་མཚོན་པའི་དངོས་མཚོན་བརྩམས་བྱ་ཞིག