ཉེ་ཝའི་ཁྲོམ་དུ།     མི་འགའ་ཞིག་དལ་དལ་ལྷོད་ལྷོད་ཀྱིས་མདུན་ལ་འགྲོ་བཞིན་གདའ། ཁོ་ཚོ་ནི་རིམ་པ་བཅུ་གཉིས་དང་བཅུ་བཞིའི་ཞི་དཔོན་འབའ་ཞིག་ཡིན་ལ། སྐབས་འདིར་ལས་མཚམས་བཞག་ནས་ཡུན་རིང་མ་འགོར་བ་དང་། སཱི་ཐི་ལུའུ་ཆི་ཁ་ཧྥུའི་རྗེས་སུ་འབྲངས་ཏེ་ཁོའི་ཁྱིམ་ལ་མིང་འདོགས་དུས་ཆེན་གཏོང་བར་འགྲོ་བཞིན་ཡོད།

“རྣམ་པ་ཚོ། ང་ཚོས་ལམ་སེང་ཁ་ལག་རྒྱགས་ཚད་ཅིག་ཟ་ཆོག”མིང་འདོགས་དུས་ཆེན་གཏོང་མཁན་གྱིས་ཟས་ལ་རོལ་འདོད་ཀྱི་སྲེད་པ་མནོན་པར་མ་ནུས་ཏེ “རྔམ་ཟ་རྔམ་འཐུང་ཞིག་བྱ། ངའི་ཆུང་མས་སྔ་ས་ནས་ཤ་བག་ལེབ་བཟོས་ཡོད་ངེས། མདང་དགོང་། ང་རང་དངོས་སུ་སོང་ནས་གྲོ་ཕྱེ་ཉོས་པ་ཡིན། ཨ་རག་པུ་རན་ཏི······ཨོ་ལོང་ཚོ་ཨོ་ནས་ཐོན་སྐྱེད་བྱས་པའི······ཆུང་མར་ཕལ་ཆེར་འཚུབ་ཆ་ལྡང་བཞིན་ཡོད་ངེས” ཞེས་བཤད།

་ཐི་ལུའུ་ཆི་ཁ་ཧྥུའི་ཁྱིམ་ནི་མི་མེད་ལུང་སྟོང་གི་ས་རྒོད་ཞིག་ན་ཡོད་པས། ཡུན་རིང་ལ་ཕྱིན་པ་ན། ད་གཟོད་གཞི་ནས་སླེབས་བྱུང་། ཁྱིམ་གྱི་སྒོ་ལ་འཛུལ་མ་ཐག  བག་ལེབ་དང་ངང་ཤ་སྲེག་མའི་དྲི་ཞིམ་སྣ་ལ་འཐུལ་བྱུང་།

“དྲི་མ་ཚོར་བྱུང་ངམ།” སཱི་ཐི་ལུའུ་ཆི་ཁ་ཧྥུས་མགྲོན་པོར་དེ་ལྟར་དྲིས་རྗེས། དགའ་སྤྲོས་མྱོས་ནས་གད་མོ་དགོད་བཞིན“སྐུ་ཞབས་ལྷན་རྒྱས། ཚང་མས་ལྭ་རིང་འཕུད་དང་། ལྤགས་པའི་ལྭ་རིང་ཆ་སྒམ་སྟེང་དུ་ཞོག ཁཱ་ཅར་གང་དུ་འདུག ཁཱ་ཅར། ཚན་པ་ཁག་གི་ལས་རོགས་ཚང་མ་འཛོམས་སོང་། ཨཱ་ཁུ་ལི་ན། སྐུ་ཞབས་ཁོང་ཚོའི་སྟོད་གོས་འཕུད་རོགས་གྱིས་ཤིག”ཅེས་བཤད།

“འདི་ནི་ཅི་ཞིག་ཡིན་ནམ།”མི་དེ་དག་ཁྲོད་ཀྱི་གཅིག་གིས་གྱང་ངོས་ལ་མཛུབ་མོ་བཙུགས་ནས་དེ་ལྟར་དྲིས།

གྱང་ངོས་སུ་གཟེར་མ་ཆེན་པོ་ཞིག་བརྡབས་འདུག  གཟེར་མགོར་མངོན་གསལ་དོད་པོར་ཞྭ་མོ་གསར་རྐྱང་ཞིག་བཀལ་ཡོད་པ་དང་། ཞྭ་འདབས་དང་ཞྭ་རྟགས་ནས་འོད་ལམ་ལམ་དུ་འཕྲོ་བཞིན་གདའ། སྐུ་ངོ་ཚོས་གཅིག་གི་གདོང་ལ་གཅིག་གིས་བལྟས་པ་ན། གདོང་མདོག་སྐྱ་བོར་གྱུར་སོང་།

“འདི་ཁོའི་ལས་ཞྭ་རེད།”དེར་ཡོད་ཀུན་གྱིས་ཤབ་ཤུབ་ངང “ཁོ······འདི་གར་ཡོད་དམ”ཞེས་དྲིས།

“རེད། ཁོ་འདི་གར་འདུག” སཱི་ཐི་ལུའུ་ཆི་ཁ་ཧྥུས་ཅི་འཆད་འདི་འཆད་མེད་པའི་ངང་ནས“ཁོ་ཁཱ་ཅར་ལྟ་བར་ཡོང་བ་རེད། སྐུ་ཞབས་རྣམ་པ། ང་ཚོ་ཕྱི་ལ་འགྲོ། ཟ་ཁང་གང་རུང་ཞིག་ཏུ་འཁྱུག་ཙམ་སྡོད་པར་འགྲོ།  ཁོ་ཕྱིན་རྗེས་སླར་ལོག་ཡོང”ཞེས་བཤད།

ཚང་མས་ལྭ་རིང་གི་ཐེབས་ཆི་རྒྱབ་པ་དང་། ཁྱིམ་སྒོ་ནས་ཐོན་རྗེས། ཉབ་བེ་ཉོབ་བེར་ཟ་ཁང་གི་ཕྱོགས་སུ་བསྐྱོད།

“མ་གཞིར་ཁྱོད་ཀྱི་ཁྱིམ་དུ་ངང་ཤའི་དྲི་མ་འཐུལ་བ་དེ་ནི། ཁྱིམ་ལ་ངང་ཕོ་ཆེན་པོ་ཞིག་སླེབས་པས་རེད།” ཡིག་ཚགས་ལས་རོགས་པས་ཁྲེལ་དགོད་ཅིག་བྱས་རྗེས“གདོན་འདྲེ་སུ་ཞིག་གིས་ཁོ་འདི་གར་མངགས་པ་ཡིན་ནམ། ཁོ་མགྱོགས་པོར་འགྲོ་སྲིད་དམ”ཞེས་དྲིས།

“མགྱོགས་པོར་འགྲོ་སྲིད། ཁོ་འདི་གར་ཆེས་མང་ནའང་ཆུ་ཚོད་གཉིས་ལས་སྡོད་མི་སྲིད། ཧེ། ད་ནི་ལྟོགས་བྱུང་། ཟ་རྒྱུ་ཁོ་ན་ལས་བསམ་གྱི་མི་འདུག ང་ཚོས་སྔོན་ལ་ཨ་རག་ཧྥུ་ཐེ་ཅ་གྷི་ལ་སི་གང་རེ་འཐུངས་རྗེས། ཉ་ཤ་ཉུང་ཙམ་ཆང་སྐྱོར་བྱེད།·····དེ་ནས་ཡང་བསྐྱར་གྷི་ལ་སི་གང་འཐུང་བར་བྱ། གྷི་ལ་སི་དོ་འཐུངས་རྗེས། དེ་ནས་བག་ལེབ་ཟ། དེ་མིན་ན་ཡིད་ཚིམ་པ་ཞིག་ཟ་ཐུབ·····ངའི་ཆུང་མ་ཤ་བག་ལེབ་བཟོ་བར་ཤིན་ཏུ་མཁས།  ད་དུང་ཚལ་ཁུ······”

“ཉ་ཧྲ་ཏིང་ཉོས་ཡོད་དམ།”

“སྒམ་ཆུང་གཉིས་ཉོས་ཡོད། ད་དུང་རྒྱུ་མ་ཁག་བཞི་ཉོས་ཡོད།······ངའི་ཆུང་མ་ཡང་ཕལ་ཆེར་ཟ་མ་ཟ་འདོད་ལངས་ཡོད་ངེས།······ཁོ་ཏག་ཏག་དུས་ཚོད་འདི་ལ་ཤོར་ཡོང་།  ལྟས་ངན་རང་རེད།”

ཁོ་ཚོ་ཟ་ཁང་ནང་དུ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ལ་བསྡད་པ་དང་། མི་རེ་རེས་ཇ་ལྷི་ལ་སི་རེ་འཐུངས་ཏེ་ཟས་ལ་རོལ་བའི་རྟགས་ཙམ་བསྟན་རྗེས། སཱི་ཐི་ལུའུ་ཆི་ཁ་ཧྥུའི་ཁྱིམ་ལ་ལོག  ཁྱིམ་ལ་སླེབས་པ་ན། ཁྱིམ་ལ་སྔར་ལས་ལྷག་པའི་དྲི་ཞིམ་ལྡང་གིན་གདའ། ཕྱེད་ཙམ་ཕྱེ་བའི་ཐབ་ཚང་གི་སྒོ་དེ་བརྒྱུད་བལྟས་པ་ན། ཁོ་ཚོས་ངང་ཤ་གཅིག་དང་ཧྭོང་ཀྭ་སྡེར་མ་གང་མཐོང་བྱུང་། དེ་དུས་ཏག་ཏག་གཡོག་མོ་ཨཱ་ཁུ་ལི་ཎས་ལྕགས་ཐབ་ནང་ནས་ཅ་ལག་ལེན་བཞིན་འདུག

“རྣམ་པ་ལྷན་རྒྱས། ཡང་སྟབས་ལེགས་པར་འདུག”

“ཡང་ག་རེ་གནང་སོང་།”སྐུ་ངོ་ཚོའི་ཕོ་བ་ལྟོགས་ནས་འཁུམས་འདུག བཀྲེས་ལྟོགས་ཀྱི་མནར་གཅོད་ལ་གཟོད་ཐབས་མི་འདུག འོན་ཀྱང་། གཟེར་མ་ལྟས་ངན་དེའི་མགོ་ལ་ཨོག་ལྤགས་ཀྱིས་བཟོས་པའི་ཞྭ་མོ་ཞིག་བཀལ་འདུག

“འདི་ནི་ཧྥུ་ལའོ་ཁཱ་ཅི་ལུའུ་ཕུ་ཡི་ཞྭ་མོ་རེད།” སཱི་ཐི་ལུའུ་ཆི་ཁ་ཧྥུས “ང་ཚོ་ཕྱི་ལ་འགྲོ་དང་། སྐུ་ཞབས་རྣམ་པ། ས་ཆ་ཞིག་བཙལ་ནས་སྔོན་ལ་ཁོ་རང་ཕྱི་ལ་འགྲོ་བར་སྒུག་་་་་་མི་འདིའང་དུས་ཡུན་རིང་པོརསྡོད་མི་སྲིད ་་་་་”ཅེས་བཤད།

“ཁོ་ལྟ་བུའི་མི་སྐྱུག་བྲོ་བ་ཞིག་ལ་ཁྱོད་ཀྱི་ཆུང་པ་ལྟ་བུའི་སྐྱེས་མ་ཡིད་དུ་འོང་བ་ཞིག་ཐོབ་སོང་།”མགྲོན་ཁང་ནང་ནས་སྐྱེས་པ་ཞིག་གི་འཛེར་སྐད་དམའ་པོ་ཞིག་གྲགས་འོང་།

“ལྐུགས་པར་ལྐུགས་པའི་ཨ་བསོད་ཡོད། སྐུ་ངོ་།”སྐྱེས་མ་ཞིག་གིས་དེ་ལྟར་ཨ་ལན་སྤྲད།

“ང་ཚོ་མགྱོགས་པོར་འགྲོ” སཱི་ཐི་ལུའུ་ཆི་ཁ་ཧྥུས་འཁུན་སྒྲ་འདོན་བཞིན་སྨྲས།

ཁོ་ཚོ་ཡང་བསྐྱར་ཟ་ཁང་དེའི་ནང་དུ་སླེབས་པ་ན། ཚང་མས་སྦི་རག་ཀྱང་བླངས་སོང་།

“ཧྥུ་ལའོ་ཁཱ་ཅི་ལུའུ་ཕུ་ནི་འགྲན་ཟླ་བྲལ་བའི་མི་ཞིག་རེད།”སྐུ་མགྲོན་ཚང་མས་སཱི་ཐི་ལུའུ་ཆི་ཁ་ཧྥུར་སེམས་གསོ་བྱེད་ཆེད“ཁོས་རང་གི་ཆུང་མའི་སར་ཆུ་ཚོད་གཅིག་བསྡད་ན། ཁྱེད་རང་ལོ་བཅུ་ཐམ་པ་བདེ་སྐྱིད་ལ་རོལ་ཆོག  གྲོགས་པོ།  རླུང་རྟ་ཡར་འགྲོ་རེད་འདུག  སེམས་པ་མ་སྐྱིད་པ་བྱེད་དོན་ག་རེ་འདུག དེ་ལ་སེམས་སྡུག་བྱེད་མི་དགོས”ཞེས་བཤད།

“ཁྱོད་ཚོས་བཤད་མི་དགོས། ངས་ཀྱང་སེམས་སྡུག་བྱེད་མི་དགོས་པ་ཤེས་ཀྱི་ཡོད། དེར་མ་གཞི་ནས་སྐྱོན་ཅི་ཡང་མིན་འདུག  ང་རང་ནི་ང་ཚོའི་ཟ་མའི་ཆེད་དུ་འཚུབ་པ་རང་ཡིན།”

དེ་ནས་ཡང་ཆུ་ཚོད་གཅིག་དང་ཕྱེད་ཀ་འདས་རྗེས། ཁོ་ཚོ་སླར་ཡང་སི་ཐ་ལུ་ཆི་ཁ་ཧྥུའི་ཁྱིམ་དུ་ལོག་སླེབས་དུས། ཨོག་ལྤགས་ཀྱི་ཞྭ་མོ་དེ་སྔར་བཞིན་གཟེར་མགོའི་སྟེང་བཀལ་འདུག་པས།  ཕྱིར་འཐེན་ཐེངས་གཅིག་མ་བྱེད་ཀ་མེད་བྱུང་།

དགོང་མོའི་ཆུ་ཚོད་བདུན་པར་སླེབས་དུས། གཞི་ནས་གཟེར་མགོ་སྟོང་པར་ལུས་འདུག་པས། ད་གཟོད་ཟས་ཐུན་དེ་སྤྱོད་བསྐལ་བྱུང་། ཤ་བག་ལེབ་བསྐམས་ནས་མཁྲེགས་པོར་འགྱུར་ལ།  ཚལ་ཁུ་འཁྱགས་ཤིང་།  ངང་ཤ་ཡང་འཚོས་དྲགས་ཐག་ཆོད་འདུག······ སྒྲོག་རྩེའི་སྟེང་གི་ཞིམ་ཟས་ཡོད་ཚད་སཱི་ཐི་ལུའུ་ཆི་ཁཱ་ཧྥུའི་དཔོན་འབྲེལ་གྱིས་འཕྲོ་བརླག་བཏང་སོང་། ཡིན་ནའང་། ཚང་མས་སྣང་བ་སྤྲོ་པོས་ཟས་ཐུན་དེ་སྤྱད་སོང་།