དུས་རབས་བཅོ་བརྒྱད་པའི་ཧྥ་རན་སི་ནི‘‘འོད་གསལ་བཀོལ་ནས་མུན་ནག་མཐར་བསྐྲོད”ཀྱི་དུས་སྐབས་ཤིག་ལ་འཁེལ་ཡོད། ཧྥ་རན་སིའི་ལོ་རྒྱུས་ཁག་ཏུ་དུས་རབས་འདི་ལ“་བློ་འབྱེད་ཀྱི་དུས་རབས’’དང‘‘འོད་སྣང་གི་དུས་རབས’’ཞེས་བྲིས་ཡོད།  “འོད་གསལ་བཀོལ་ནས་མུན་ནག་མཐར་རུ་བསྐྲོད”ཅེས་པའི་ལས་འགུལ་དེའི་ནང་དུ་ཧྥ་རན་སིའི་བློ་འབྱེད་པ་ཚོས་བཀས་བཀོད་རྒྱུད་འཛིན་གྱི་སྲིད་དབང་སྒེར་གཅོད་ལ་ངོ་རྒོལ་དང་། རང་དབང་དང་འདྲ་མཉམ་དང་དམངས་གཙོ་བཅས་ལ་བརྩི་མཐོང་བྱེད་དགོས་པའི་རེ་བ་བཏོན་ཡོད།

དུས་རབས་བཅོ་བརྒྱད་པའི་ནང་ཧྥ་རན་སིར་སྐད་གྲགས་ཅན་གྱི་བསམ་བློ་བ་དང་། རྩོམ་པ་པོ་མང་པོ་བྱོན་ཡོད་པར་བཤད་ཅིང་། དེ་དག་ལས་ཕུལ་དང་མཆོག་ཏུ་གྱུར་པ་ནི་ མོང་དེ་སི་ཁུ (Montesquie1689-1755)མཆོག་དང་། བེའོ་ཌིལ(Voltaire 1694-1778) ཝོ་སོའོ(Rousseau 1712-1778) སྡུས་སྡེ་ཝོ (Denis Diderot 1713-1784)སོགས་ཡིན་པར་གྲགས།

མོང་དེ་སི་ཁུ།

མོང་དེ་སི་ཁུ་མཆོག་ནི་སྲིད་དོན་རིག་པ་དང་། སྤྱི་ཚོགས་རིག་པ་བ། ལྟ་གྲུབ་སྨྲ་བ་ཞིག་རེད། ཁོང་སྐུ་ན་ཆུང་དུས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་ལྟ་སྐོར་ལ་ཕེབས་ཡོད་པ་དང་། ཁོང་གིས་རྒྱལ་ཁབ་གཞན་གྱིས་འདྲ་མཉམ་དང་། རང་དབང་།  བདག་དབང་སོགས་ལོངས་སུ་སྤྱོད་བཞིན་པར་དོ་སྣང་བྱུང་འདུག དེ་བཞིན་དུ་ཨིན་ཇིའི་རྒྱལ་ཁབ་ཀྱི་རྒྱལ་པོའི་ལམ་ལུགས་ཀྱི་རྩ་ཁྲིམས་ཀྱི་འགྲོ་སྟངས་ལ་དོ་སྣང་མཛད་དེ། ཁྲིམས་བཟོ་ལྷན་ཚོགས་ནི་མི་གཅིག་གིས་སྟངས་འཛིན་བྱེད་ཀྱི་ཡོད་པ་དེ་ཐུགས་ལ་མ་བདེ་བར་ཕྱིར་ཧྥ་རན་སིར་ལོག་རྗེས། ཁོང་གིས་ཉེས་དོན་གཏུག་བཤེར་དང་། དམངས་གྱོད་གཏུག་གཤེར།  སྲིད་འཛིན་གྱི་དབང་ཆ། ཁྲིམས་འཛུགས་ཀྱི་དབང་ཆ་སོགས་དབྱེ་བའི་དེབ་སྐད་གྲགས་ཅན«ཁྲིམས་ཀྱི་འདུ་ཤེས»ཞེས་པ་མཛད་ཅིང་། ཁོང་གིས་རྒྱལ་ཁབ་ཅིག་ལ་རྩ་ཁྲིམས་ཡོད་དགོས་ཤིང་། གཞུང་དེ་ཁྲིམས་ཀྱིས་དབང་བསྒྱུར་བ་མ་གཏོགས་གང་ཟག་གིས་དབང་སྒྱུར་བྱེད་མི་རུང་བའི་སྐོར་ལ་ལྟ་ཚུལ་བཏོན་པ་དང་། དམངས་གཙོ་ཞེས་པ་འདི་གལ་ཆེན་ཡིན་སྐོར་ཁྱབ་བསྒྲགས་ཤུགས་ཆེན་གནང་འདུག

ཁོང་ཆུང་དུས་ནས་ཚན་རིག་ལ་ཐུགས་མཉེས་པོ་ཡོད་པར་བཤད་ཅིང་། རྟོག་སྒྲུང་གི་སྐོར་ལའང་དོ་སྣང་བྱུང་སྟེ‘‘པར་ཟིག་གི་འཕྲིན་ཡིག”ཅེས་པ་བྲིས་ཡོད་ཅིང་། དེབ་དེའི་བརྗོད་བྱ་གཙོ་བོ་ནི་པར་ཟིག་གི་མི་ཞིག་གིས་ཧྥ་རན་སིའི་སྲིད་དོན་ལ་ལྟ་སྟངས་ཇི་འདྲ་བཟུང་བའི་སྐོར་གྱི་སྒྲུང་ཞིག་ཡིན་པ་རེད། དེབ་འདི་ལ་གྲགས་སྐད་ཆེན་པོ་ཡོད་ཅིང་། ཧྥ་རན་སིའི་མི་དམངས་ཀྱིས་དེབ་འདི་ལ་བརྟེན་ནས་ཁོང་ངོ་ཤེས་ཤིང་། «ཁྲིམས་ཀྱི་འདུ་ཤེས»ལ་བརྩི་བཀུར་ཆེན་པོ་ཐོབ་པ་རེད།

བེའོ་ཌིལ།

བེའོ་ཌིལ་མཆོག་ནི་མཚན་ཉིད་རིག་པ་བ་དང་། རྩོམ་པ་པོ། ཟློས་གར་མཁན། སྙན་ངག་པ། བློ་འབྱེད་མཁན་གྱི་སྐྱེས་བུ་ཞིག་ཡིན་པ་དང་། ཁོང་ནི་འགྲོ་བ་མིའི་ལོ་རྒྱུས་སུ་གསུང་ཚིག་གཞན་གྱིས་ལུང་དུ་དྲངས་པ་ཆེས་མང་པའི་རྩོམ་པ་པོའི་ནང་གི་གཅིག་དེ་རེད་ཅེས་བཤད།  ཁོང་གིས་པེ་རི་སི་ནས་ཁྲིམས་རྩོད་པ་ཞིག་གི་ལག་རོགས་ཀྱི་ཕྱག་ལས་གནང་ཡོད་མོད། དུས་ཚོད་མང་པོ་ཟུར་ཟའི་སྙན་ངག་འབྲི་བའི་ཕྱོགས་སུ་བཀོལ་ཏེ་རང་ཉིད་ཀྱི་འཇོན་ཐང་དང་བསམ་བློ་ཕྱིར་མངོན་གནང་ཡོད། ཁོང་གིས་བརྩམས་ཆོས་ཀྱི་ཁ་གཏད་ཡུལ་དེ་མཐོ་རིམ་སྤྱི་ཚོགས་དང་། མཐོ་རིམ་སྐུ་དྲག་ཚོའི་བླུན་རྨོངས་ཀྱི་ལྟ་བ། ཁོང་ཚོའི་ཚུལ་མཐུན་མིན་པའི་གདུག་རྩུབ་ཀྱི་བྱ་སྤྱོད་རྣམས་རེད། ཁོང་གིས་དུས་རྒྱུན་དུ་སྐབས་དེའི་སྤྱི་ཚོགས་ཀྱི་མཚང་འབྱིན་པ་དང་གཞུང་གི་སྲིད་དོན་གྱི་ལངས་ཕྱོགས་ལ་དགག་སྒྲུབ་བྱས་པའི་རྐྱེན་གྱིས་ཁོང་སྐབས་དེའི་སྲིད་གཞུང་གི་མིག་ནང་ལ་མི་འགྲོ་བའི་མི་ཞིག་ཏུ་གྱུར་འདུག དེ་ལྟ་ནའང་ཁོང་གིས་རང་ཉིད་ཀྱི་ལྟ་གྲུབ་རྩོམ་རིག་ལ་བརྒྱུས་སྟབས། སྐབས་དེར་ཧྥ་རན་སིའི་གཞུང་གིས་ཁོང་གི་དགག་གཞག་གི་བརྩམས་ཆོས་ཁག་ལ་བསྙད་དེ་ཁོང་བཙོན་དུ་བཅུག་ཡོད་ནའང་། ཁོང་གིས་བཙོན་ཁང་ནང་ནས་དཔེ་ཆ་གཟིགས་པས་རིག་པ་ཀློང་འདྲ་པོ་བརྡོལ་ནས་ཟློས་གར་འབྲི་འགོ་བརྩམས་ཤིང་།  སྲིད་གཞུང་ཐེར་འདོན་གྱི་སྙན་ངག་དང་། སྲིད་ལུགས་དང་འབྲེལ་བའི་སྙན་ངག་མུ་མཐུད་དུ་བྲིས་འདུག

ཁོང་བཙོན་ཁང་ནས་གློད་རྗེས། ཁོང་སྐུ་དྲག་ཅིག་ལ་མ་འགྲིག་པར་བརྟེན་ཨིན་ཇིའི་རྒྱལ་ཁབ་ལ་རྒྱང་ཕུད་ལ་བཏང་། ཁོང་གིས་ཨིན་ཇི་རྒྱལ་ཁབ་ནས་ཕྱག་ལས་གནང་ཞོར་དུ་ཨིན་ཇིའི་དངོས་གཙོ་རིང་ལུགས་ཀྱི་མཚན་ཉིད་སྨྲ་བ་དང་རྩོམ་རིག་གི་སློབ་སྦྱོང་བྱས་ཏེ། ཉིག་ཁྲོན་གི་ལྟ་བ་དེ་ཧྥ་རན་སིར་འཁྱེར་ཡོང་འདུག ཁོང་ལ་བརྩམས་ཆོས་དཔེར་ན«མཚན་ཉིད་རིག་པའི་སྤྲིངས་ཡིག »དང་། « ཕྱོགས་སུ་མ་ལྷུང་བ» « མི་རྣམས་འདི་ལྟར་འགྲོ་དགོས»སོགས་ཡོད།

ཝོ་སོའོ་ནི་མཚན་ཉིད་རིག་པ་བ་དང་རྩོམ་རིག་པ་གྲགས་ཅན་ཞིག་དང་། ཆུང་དུས་ནས་དྭ་ཕྲུག་ཏུ་ལུས་པའི་མི་ཞིག་རེད། ཁོང་གིས་ཀྱང« མཐོལ་བཤག»ཅེས་པ་དང་། « སྤྱི་ཚོགས་གན་རྒྱ» « མོང་ཌིན་གྱི་འཕྲིན་ཡིག»སོགས་ཀྱིས་གཙོས་

ཝོ་སོའོ།

པའི་དེབ་སྣ་ཚོགས་མཛད་ཡོད་མོད། ཁོང་གི་མཐར་ཐུག་གི་བསམ་བློ་ནི་མི་སུ་དང་སུ་ཞིག་ཡིན་རུང་། ཨ་མའི་མངལ་ནས་སྐྱེས་པ་ནས་བཟུང་། མི་ཚང་མ་འདྲ་མཉམ་ཡིན་པ་དང་། ཁོང་ཚོར་རང་དབང་ཡོད་པ། དབང་ཆ་འདི་མི་དམངས་ལ་དབང་བ་ཞིག་ཡིན་པར་མ་ཟད། མི་རིགས་དང་སྤྱི་ཚོགས་གང་དང་གང་ཞིག་ཡིན་ནའང་། དེ་དབང་སྒྱུར་མཁན་གྱི་མི་དེའི་དབང་ཆ་ནི་དབང་ཆ་དངོས་གནས་མ་ཡིན་ཏེ། མི་དམངས་ལ་དབང་ཆ་དེ་རྩ་གཏོར་དུ་གཏོང་བའི་དབང་ཆ་ཡོད་པ་བཅས་རེད། ཁོང་གི་ལྟ་གྲུབ་དེས་ཕྱིས་སུ་ལངས་པའི་ཧྥ་རན་སིའི་གསར་བརྗེ་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་པར་གྲགས།

དུས་རབས་བཅོ་བརྒྱད་པར་བྱོན་པའི་ཧྥ་རན་སིའི་བསམ་བློ་བ་མོང་དེ་སི་ཁུས་དམངས་གཙོ་རིང་ལུགས་ཀྱི་ལྟ་ཚུལ་བཏོན་པ་དང་། བེའོ་ཌིལ་གྱིས་ཁྲིམས་ཀྱི་མདུན་སར་མི་ཡོད་ཚད་འདྲ་མཉམ་ཡིན་ཚུལ་བསྒྲགས་ཡོད། ད་དུང་ཝོ་སོའོ་ཡིས་མི་རྣམས་སྐྱེས་པ་ནས་འདྲ་མཉམ་ཡིན་པའི་དགོངས་ཚུལ་གླེང་བ་དེས་སྒེར་གཅོད་ཅན་གྱི་སྲིད་གཞུང་མང་པོ་ཞིག་ཕམ་ཉེས་སུ་ཕྱིན་ཡོད།

སྡུས་སྡེ་ཝོ།

ཡང་གཅིག་བཤད་ན། ཧྥ་རན་སིའི་དུས་རབས་བཅོ་བརྒྱད་པ་ནི་བློ་འབྱེད་ཀྱི་དུས་རབས་སམ་ཡང་ན་འོད་སྣང་གི་དུས་རབས་ཞེས་འབོད་དགོས་གཞན་ཞིག་ནི། དུས་རབས་དེར་བྱོན་པའི་ཧྥ་རན་སིའི་སྐད་གྲགས་ཆེ་བའི་བསམ་བློ་བ་སྡུས་སྡེ་ཝོས་ཡི་གེ་བམ་པོ་བཅུ་བདུན་དང་རི་མོ་བམ་པོ་བཅུ་གཅིག་ལས་གྲུབ་པའི«རིག་གནས་ཤེས་བྱ་ཀུན་ཁྱབ»ཞེས་པ་གཙོ་སྒྲིག་མཛད་པ་རེད། ས་སྡེ་ཝོས་ནི་བློ་འབྱེད་བྱ་འགུལ་དུས་སྐབས་ཀྱི་རིག་གནས་མི་བོ་ཆེ་ཞིག་ཡིན་ལ། ཁོང་གིས་རྩོམ་སྒྲིག་མཛད་པའི་རིག་གནས་ཤེས་བྱ་ཀུན་ཁྱབ་ཏུ་རིག་གནས་སོ་སོའི་ཤེས་བྱ་དང་མ་ལག་བཙུགས་ཡོད་ཅིང་། དེ་དག་གིས་ཡེ་ཤུའི་ཆོས་ཚོགས་ཁག་ལ་ངོ་རྒོལ་དང་། གསར་བརྗེའི་བསམ་བློ་དྲིལ་བསྒྲགས་གནང་ཡོད་པ་རེད།

དུས་སྐབས་དེར་སྙན་ངག་པའི་ངོས་ནས་བཤད་ན། ལི་ཧྥི་ཝང (Jean-Jacques Lefranc  1709-1784) དང་།  ཧྥི་ལོ་ཝང་ གཞིས་སྦེ (Nicolas Joseph Florent Gilbert 1750-1780) རྡེ་ལས་ལུ (Jacques Delille 1738-1813) སྡུ ཧྥོ་གཞུ (Évariste Désiré de Forges 1753-1814)  ཞུ་ནའེ (André Chénier1762-1794 )སོགས་བྱོན་ཡོད་ལ། ད་དུང་དུས་རབས་དེར་རྟོག་སྒྲུང་ལ་སྦྱར་བའི་རང་རྣམ་འབྲི་བའི་ལུགས་སྲོལ་དེའང་བྱུང་འདུག དཔེར་ན།  ཝེ་སུ་དེ་ཧྥུ(Nicolas Edme Restif 1734-1806)ལགས་ཀྱིས་བརྩམས་པའི«ངའི་ཡབ་ཆེན་གྱི་སྐུ་ཚེ»ཞེས་པ་དང་། ལྷག་པར་དུ་ ཝོ་སོའོ་ཡིས་བརྩམས་པའི«མཐོལ་བཤག»སོགས་ཡིན་པར་གླེང་ངོ་། །

 

(ད་ལོའི་དཔྱིད་ཀར་ཕྲན་གྱིས་རྩོམ་རིག་གླེང་ངམ་ཞེས་པའི་སྐད་ཚོམས་སུ‘‘ཧྥ་རན་སིའི་རྩོམ་རིག་གི་བྱུང་འཕེལ་ངོ་སྤྲོད་མདོར་བསྡུས’’ཤིག་བཤད་པ་ལས་ལེའུ་གསུམ་པ་སྟེ‘ ‘དུས་རབས་བཅུ་དགུ་པའི་ཧྥ་རན་སིའི་རྩོམ་རིག’’ཅེས་པ་སྣོན་འཕྲི་ཅུང་ཙམ་བགྱིས་ཏེ་ཡིག་ཐོག་ཏུ་ཕབ་པ་ཡིན་མོད། ཡིད་ཚིམ་པ་ཞིག་མ་བྱུང་། ཁོམ་ལོང་དང་བསྟུན་ནས་ལེའུ་གཞན་དག་ཀྱང་ཡིག་ཐོག་ཏུ་དབབ་ངེས་ཡིན་པས། བརྗོད་གཞི་འདི་ལ་ཐུགས་རྒྱུས་ཡོད་པ་དག་གིས་དགོངས་འཆར་གནང་རོགས་ཞེས་ཞུའོ།། ཁ་བྲོ། བཀྲ་ཤིས།)

 

广告位招租