[འཇར་མན]ཤུབ་ཕཱན་ཧེར།        ཆར་རླུང་གིས་བསྒྱུར།

 

དོན་ངོ་མར་རང་རྐྱ་འཕེར་བའི་བསམ་གཞིག་ཐུབ་མཁན་ནི། བསམ་བློའི་སྟེང་ནས་རྒྱལ་པོ་ཡིན།

དཔེ་མཛོད་ཁང་ཅི་འདྲའི་ཆེན་པོ་ཞིག་ཡིན་རུང་། གལ་སྲིད་དེར་དཔེ་ཆ་མང་ཡང་གོ་རིམ་མེད་ཅིང་རྙོག་འཛིང་ཆེ་ན། སྤྱོད་སྒོ་དངོས་ནི་གཞི་རྒྱ་ཆུང་ཡང་གོ་རིམ་ལྡན་ཅིང་གྲལ་འགྲིག་པའི་དཔེ་མཛོད་ཁང་དག་ཆེ་བ་ཡིན།

དེ་བཞིན་དུ། གལ་སྲིད་མི་ཞིག་གིས་ཤེས་བྱ་ཧ་ཅང་མང་པོ་ཤེས་ཀྱང་། རང་གི་ཀླད་པས་རང་རྐྱ་འཕེར་བའི་བསམ་གཞིག་བྱེད་ནས་བསྡུ་ལེན་མ་ཐུབ་ན། ཤེས་བྱ་དེ་དག་ནི་མང་པོ་མི་ཤེས་ཀྱང་གཟབ་ནན་གྱི་བསམ་གཞིག་བརྒྱུད་མྱོང་བའི་ཤེས་བྱ་དག་ལས་རིན་ཐང་ཆུང་བ་ཡིན། ཅིའི་ཕྱིར་ཞེ་ན། མི་ཞིག་གིས་ཁོ་རང་གིས་གང་ཤེས་པ་རྣམས་ཕྱོགས་མང་པོ་ཞིག་དང་ཟུང་འབྲེལ་གྱིས་རྟོག་ཞིབ་བྱེད་ནས། ཡང་དག་པར་རྟོགས་པ་རེ་རེ་ཕན་ཚུན་བསྡུར་བ་ན། ད་གཟོད་ཁོ་རང་གིས་ཤེས་རྟོགས་ཐུབ་ཅིང་གདེང་རྙེད་པར་མ་ཟད། དེ་རང་གི་ཤེས་བྱར་བསྒྱུར་པ་ཡིན། མི་ཞིག་གིས་རང་ཉིད་ཀྱིས་རྟོགས་པའི་ཆོས་ལ་ད་གཟོད་བསམ་བློ་ཞིབ་ཕྲ་གཏོང་ཐུབ་པས། ངེས་པར་དུ་ཤེས་བྱ་གསར་པ་བསླབ་དགོས། འོན་ཀྱང་གཟབ་ནན་གྱི་བསམ་གཞིག་བརྒྱུད་མྱོང་བའི་ཤེས་བྱ་ནི་ད་གཟོད་ཁོ་རང་གི་ཡང་དག་པའི་རྟོག་པར་འགྱུར་བ་ཡིན།

མི་ཞིག་གིས་ཅི་དགར་དཔེ་ཀློག་དང་སློབ་སྦྱོང་བྱེད་ཐུབ་མོད། འོན་ཀྱང་ཅི་དགར་བསམ་གཞིག་བྱེད་མི་ཐུབ།

བསམ་གཞིག་དང་དཔེ་ཀློག་གིས་མི་ཡི་བསམ་བློར་ཐེབས་པའི་ཤུགས་རྐྱེན་མི་འདྲ་ཞིང་། དེའི་ཁྱད་པར་ཆེ་བ་ནི་བློ་ངོར་ཤོང་དཀའ་བ་ཞིག་རེད། དེ་བས་འདིས་དང་མ་ནས་ཡོད་པའི་མི་རྣམས་ཀྱི་བསམ་བློའི་བར་ཁྱད་ཆེ་རུ་བཏང་ཡོད། ལྷན་སྐྱེས་ཀྱི་གཤིས་ཀ་མི་འདྲ་བའི་དབང་གིས། མི་འགའ་ཤས་བསམ་གཞིག་ལ་དགའ་ཞིང་འགའ་ཤས་དཔེ་ཀློག་ལ་མོས། དཔེ་ཀློག་ནི་ཕྱི་ནས་ཡོང་ཞིང་དེས་ངོ་བོ་མི་འདྲ་བའི་བསམ་བློ་དག་རང་གི་ཀླད་པར་བཙན་གྱིས་འགེལ་བ་ཡིན། བསམ་བློ་དེ་དག་དང་ང་ཚོའི་བསམ་བློ་ཕན་ཚུན་མི་མཐུན་པས། རྡོ་ཚིལ་སྟེང་དུ་བཙན་གྱིས་བརྒྱབ་པའི་ཐམ་གའི་རྗེས་ཤུལ་དང་ཡོངས་སུ་མཚུངས། དེ་བས་ང་ཚོའི་བསམ་བློར་ཕྱི་རོལ་ནས་ཡོང་བའི་གནོན་ཤུགས་ཐེབས་ཏེ། ཏོག་ཙམ་དུ་དེ་ལ་འཁོར་ཞིང་། ཡང་ཏོག་ཙམ་ནས་འདི་ལ་འཁོར་བར་བྱེད། འདི་ནི་རང་ནུས་ཀྱིས་མིན་ལ་དགའ་ཕྱོགས་ཀྱིས་ཀྱང་མིན།

གྲངས་མང་བའི་དཔེ་ཀློག་རྐྱང་པས་ང་ཚོའི་བསམ་བློ་ཡི་ཚོར་བ་སྐྱེན་པོ་ཉམས་པར་བྱེད། དེ་ནི་འཕར་ལེན་ཞིག་རྒྱུན་ཆད་མེད་པར་ལྗིད་ལྕི་མོས་གནོན་པ་ན་འཕར་ཤུགས་ཉམས་པར་འགྱུར་བ་དང་འདྲ། གལ་སྲིད་མི་ཞིག་གིས་ཀླད་པ་བཀོལ་ནས་བསམ་གཞིག་བྱེད་མི་འདོད་ཚེ། ཉེན་སྲུང་གི་བྱེད་ཐབས་ལེགས་ཤོས་ནི་ཁོམ་ལོང་བྱུང་ཙམ་ཉིད་ནས་དཔེ་དེབ་ཅིག་ལག་ལ་གཟུང་རྒྱུ་དེ་ཡིན། འདིས་ཤེས་བྱ་མང་པོ་ཤེས་པས་མི་མང་པོ་ཞིག་སྔར་ལས་ཀྱང་རྨོངས་ཤིང་རྟུལ་བར་གྱུར་ཏེ། ཁོང་ཚོའི་བརྩམས་ཆོས་ལེགས་འགྲུབ་འབྱུང་བར་ཡང་གེགས་བྱེད་པའི་ཚུལ་དེར་འགྲེལ་བཤད་བརྒྱབ་ཡོད། ཕོ་བོས་གསུངས་པ་ལྟར། དེ་དག་གིས་རྒྱུན་ཆད་མེད་པར་མི་གཞན་ཀློག་ཅིང་། དེ་དག་ནམ་ཡང་མི་གཞན་གྱིས་བཀླག་མི་འགྱུར།

མཁས་པ་ནི་ཉིན་གང་བོར་དཔེ་ཀློག་བྱེད་ཅིང་། དཔེ་ཆར་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ལ། བསམ་བློ་པ་དང་སྐྱེས་ཐོབ་ཅན་ཏེ། འཛམ་གླིང་ལ་འོད་སྣང་སྦྱིན་ཞིང་མིའི་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་མཁན་ནི། ཐད་ཀར་འཇིག་རྟེན་གྱི་དཔེ་ཆ་ཆེན་མོ་འདི་ཉིད་བཀོལ་མཁན་ཡིན།

དོན་དངོས་སུ། མི་ཞིག་གིས་རང་ཉིད་ཀྱི་རྩ་བའི་བསམ་བློ་ཁོ་ན་དངོས་སུ་རྫོགས་པར་རྟོགས་ཐུབ་པས། ད་གཟོད་འདི་དག་ལ་བདེན་པ་དང་གསོན་ཤུགས་མངའ་བ་ཡིན། མི་གཞན་གྱི་བསམ་བློ་ཀློག་པ་ནི། མི་གཞན་གྱི་ཟས་ལྷག་ཟ་བ་དང་། རྒྱུས་མེད་ཀྱི་མི་ཡིས་དོར་བའི་གོས་རྙིང་གྱོན་པ་དང་མཚུངས།

དཔེ་ཀློག་ལ་བརྟེན་ནས་ཐོབ་པའི་བསམ་བློ་དང་རང་གི་སེམས་ནས་སྐྱེས་པའི་བསམ་བློ་བསྡུར་ན། ལོ་རྒྱུས་སྔོན་གྱི་རྩི་ཤིང་གི་འགྱུར་རྡོ་དང་དཔྱིད་ཀར་ཡོངས་སུ་རྒྱས་ཤིང་རབ་ཏུ་སྟུག་པའི་རྩི་ཤིང་གི་ཁྱད་པར་ལྟར་ཡིན།

དཔེ་ཀློག་ནི་རང་རྐྱ་འཕེར་བའི་བསམ་གཞིག་གི་ཚབ་དངོས་ཙམ་ཡིན། དཔེ་ཀློག་གི་སྐབས་སུ། མི་གཅིག་གི་རང་ངོས་ཀྱི་བསམ་བློ་ནི་གཞན་གྱི་བསམ་བློའི་སྣེ་ཁྲིད་དང་དབང་འོག་ཏུ་ཚུད་ཡོད།

གཞན་ཡང་། དཔེ་ཆ་མང་པོ་ཞིག་ལ་ང་ཚོར་ནོར་འཁྲུལ་གྱི་ལམ་འགག་དེ་འདྲ་མང་པོ་ཡོད་རེད་ཅེས་གསལ་སྟོན་བྱེད་པ་ཙམ་ལས་ཕན་ཐོགས་ཅིའང་མེད།གལ་སྲིད་མི་ཞིག་གིས་དཔེ་ཆ་འདིའི་རིགས་ཀྱི་མཛུབ་སྟོན་ལ་ཉན་ན་ལོག་ལམ་ལ་འཇུག་པར་བྱེད། འོན་ཀྱང་། ལྷན་སྐྱེས་ཀྱི་མཛུབ་སྟོན་ཐོབ་པའི་མི་ནི། ཁེར་ཚུགས་ལྡན་ལ། རང་འགུལ་གྱིས་ཆས་ཤིང་། བསམ་བློ་ཡང་དག་གཏོང་བར་མ་ཟད། ཡང་དག་པའི་ཁ་ཕྱོགས་འཚོལ་བྱེད་ཀྱི་ཕྱོགས་སྟོན་འཁོར་ལོ་བཅངས་ཡོད། དེའི་ཕྱིར། མི་ཞིག་རང་ཉིད་ཀྱི་བསམ་བློའི་ཆུ་མིག་བསྐམ་ལ་ཉེ་དུས་གཟོད་དཔེ་ཀློག་ལ་འཇུག་འོས་པ་ཡིན་ལ། ཆེས་ཕུལ་དུ་བྱུང་བའི་ཀླད་པར་ཡང་རྒྱུན་དུ་འཕེལ་མེད་སོར་གནས་ཀྱི་གནས་སྟངས་འབྱུང་བ་ཡིན།

ལག་ཏུ་དཔེ་ཆ་བཟུང་ནས་རང་གི་དང་མའི་བསམ་བློ་འབྲོ་རུ་འཇུག་པ་ནི། ལྷ་ལ་ཕོག་ཐུག་གཏོང་བའི་ཉེས་པ་གསོག་པ་ཡིན།

རང་ཉིད་ཀྱིས་རང་རྐྱ་འཕེར་བའི་བསམ་གཞིག་ལ་བརྟེན་ནས་ཐོབ་པའི་ཤེས་བྱ་ཁོ་ན། ང་ཚོའི་བསམ་བློའི་མ་ལག་ཏུ་འཇུག་ཐུབ་ཅིང་། མ་ལག་ཡོངས་ཀྱི་གསོན་ཉམས་དོད་པའི་ཆ་གཅིག་ཏུ་འགྱུར་བར་མ་ཟད། མ་ལག་ཧྲིལ་པོ་དང་མཐུས་ཚང་ཞིང་སྲ་བརྟན་གྱི་འབྲེལ་བ་འཛིན།

རང་རྐྱ་འཕེར་བའི་བསམ་གཞིག་བྱེད་མཁན་གྱིས་རང་གི་ལྟ་བ་ཆགས་རྗེས་སུ་ད་གཟོད་དབང་གྲགས་དང་མ་བགྲོས་རང་མཐུན་ཡིན་པར་ཚོར་བ་ཡིན་ལ། དེ་ཡི་སྐབས་ཀྱི་དབང་གྲགས་དེས་ཁོང་གཉིས་ཀྱི་ནུས་ཤུགས་ཆེ་རུ་གཏོང་།

དཔེ་ཀློག་ནི་མི་གཞན་གྱི་ཀླད་པ་སྤྱད་དེ་བསམ་གཞིག་བྱེད་པ་ལས། རང་ཉིད་ཀྱི་ཀླད་པ་སྤྱད་དེ་བསམ་གཞིག་བྱེད་པ་མིན། ཅི་སྟེ་རང་ཉིད་ཀྱི་རང་རྐྱ་འཕེར་བའི་བསམ་གཞིག་ནི། དེ་འདྲ་དམ་པོ་དང་ཆ་ཚང་ཞིག་མིན་ཀྱང་རུང་། དེ་ནི་འབྲེལ་ཆགས་པའི་མ་ལག་ཅིག་ཆགས་པའི་ཕྱིར་དུ་ཡིན།

མི་ཚེ་གཅིག་གི་དུས་ཚོད་ཡོད་ཚད་དཔེ་ཀློག་ལ་བཏང་ཞིང་དཔེ་ཀློག་གི་ཁྲོད་ནས་ཤེས་རབ་ཐོབ་པའི་མི་རྣམས། ལྗོངས་རྒྱུ་བ་ཞིག་གི་ཁ་ནས་རྒྱབ་ཁབ་གཅིག་གི་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་བྱེད་པའི་མི་དང་མཚུངས།མི་འདི་དག་གིས་རྒྱལ་ཁབ་དེ་དང་འབྲེལ་བའི་ཆ་འཕྲིན་མང་པོ་ཞིག་མཁོ་འདོན་ཐུབ་ནའང་། དོན་དངོས་སུ་ཁོ་ཚོར་ས་གནས་དེའི་དངོས་ཡོད་གནས་ཚུལ་ལ་འབྲེལ་ཆགས་པ་དང་དཔྱིས་ཕྱིན་པ། གསལ་ཞིང་དག་པ་བཅས་ཀྱི་རྒྱུས་མེད། བསམ་གཞིག་གཏིང་ཟབ་མོ་བྱེད་པའི་མི་དག་རྒྱབ་ཁབ་གང་ལ་དངོས་སུ་བསླེབས་པའི་མི་དང་མཚུངས། ཁོང་ཚོ་འབའ་ཞིག་གིས་རང་ཉིད་ཀྱིས་གླེང་བཞིན་པའི་གནས་ཚུལ་ཤེས་ལ། ཁོང་ཚོས་ས་གནས་གང་དེའི་གནས་ཚུལ་ཡོངས་སུ་རྟོགས་པ་ནི། རང་ཁྱིམ་གྱི་ནོར་བུ་བརྩི་བ་ལྟར་རེད།

འོན་ཀྱང་འདི་ན་དཀའ་ངལ་ཆུང་ཆུང་ཞིག་སེལ་རྒྱུ་ལྷག་ཡོད། བསམ་གཞིག་ཟེར་བ་འདི་ང་ཚོའི་འདུ་ཤེས་གཅིག་པུར་ཐུག་པ་མིན། མི་ཞིག་ལ་མོས་པ་ཡོད་ཙམ་གྱིས་ག་དུས་ཡིན་ནའང་ས་རུ་བསྡད་དེ་དཔེ་ཀློག་བྱེད་ཐུབ་ཀྱང་། བསམ་གཞིག་ནི་ག་དུས་ཡིན་ནའང་བྱེད་ཐུབ་པ་ཞིག་མིན། བསམ་གཞིག་ནི་མགྲོན་པོ་དང་འདྲ་སྟེ། ང་ཚོས་རང་ཉིད་དགའ་བ་ཙམ་གྱིས་མགྲོན་པོ་འབོད་རྒྱུ་མེད་ལ། ངང་རྒྱུད་རིང་པོས་མགྲོན་པོ་བསླེབ་པར་སྒུག་རྒྱུ་དེ་རེད།

ཤིན་ཏུ་རླབས་ཆེ་བའི་སྐྱེས་ཐོབ་ཅན་གྱིས་ཀྱང་། དུས་ནམ་ཡིན་ལ་རང་རྐྱ་འཕེར་བའི་བསམ་གཞིག་བྱེད་མི་ཐུབ་པས། ང་ཚོས་ངེས་པར་དུ་འོས་འཚམ་གྱི་གོ་སྐབས་དེ་སྒུག་དགོས། དེའི་ཕྱིར། བསམ་གཞིག་ལས་གཞན་པའི་ཁོམ་ལོང་གི་དུས་ཚོད་དག་དཔེ་ཀློག་ལ་གཏོང་བ་ནི་ངོས་ལེན་ཐུབ་པའི་བྱེད་སྟངས་ཤིག་ཡིན། ངས་བཤད་མྱོང་བ་ལྟར་དཔེ་ཀློག་ནི་རང་རྐྱ་འཕེར་བའི་བསམ་གཞིག་གི་ཚབ་བྱེད་དངོས་པོ་ཡིན་པས། ནམ་རྒྱུན་ང་ཚོའི་བསམ་བློ་གཏོང་སྟངས་དང་ཡོངས་སུ་མི་འདྲ་བའི་རྣམ་པས་ཡིན་ནའང་། དཔེ་ཀློག་གིས་མི་གཞན་གྱི་བསམ་གཞིག་གཡར་ནས་ང་ཚོར་བསམ་བློའི་རྒྱུ་ཆ་མཁོ་འདོན་བྱེད།

རྒྱུ་མཚན་འདི་དག་གི་དབང་གིས། མི་ཞིག་གིས་དཔེ་ཆ་ཧ་ཅང་མང་པོ་ཀློག་མི་དགོས། འདི་ལྟར་བྱས་ན། ང་ཚོའི་ཀླད་པ་བསམ་གཞིག་གི་ཚབ་བྱེད་དངོས་པོར་གོམས་ཏེ། བྱ་དངོས་ལ་ཤེས་རྟོགས་བྱེད་པའི་ནུས་པ་བརྗེད་པར་འགྱུར་ལ། མི་གཞན་སོང་ཤུལ་གྱི་ལམ་དུ་འགྲོ་བར་གོམས་ཏེ། མི་གཞན་གྱི་བསམ་ཕྱོགས་གཞིར་བཞག་བྱས་ཏེ་རང་ཉིད་ཀྱི་བསམ་ཕྱོགས་བརྗེད་པར་འགྱུར། དེ་བཞིན་དཔེ་ཀློག་ཙམ་གྱི་ཆེད་དུ་དངོས་ཡོད་ཀྱི་འཇིག་རྟེན་ལ་དོ་སྣང་རྩ་ནས་མེད་པ་བྱེད་མི་རུང་།

མྱོང་བ་འབའ་ཞིག་གིས་ཀྱང་དཔེ་ཀློག་དང་འདྲ་བར། བསམ་གཞིག་གི་ཚབ་བྱེད་མི་ཐུབ། མྱོང་བ་རྐྱང་པ་དང་བསམ་གཞིག་གི་འབྲེལ་བ་ནི། ཟས་ཟ་བ་དང་ཟས་འཇུ་བ་གཉིས་ཀྱི་འབྲེལ་བ་དང་མཚུངས། མྱོང་བ་ཡིས་རང་ཉིད་ཀྱི་ཤེས་རྟོགས་བརྒྱུད་དེ། ད་གཟོད་མིའི་རིགས་ཀྱི་ཤེས་ཡོན་ཡར་རྒྱས་ལ་སྐུལ་འདེད་གཏོང་བ་ཡིན་ཟེར་ནས་འུད་སྒྲོག་བྱེད་པ་ནི། ཁ་ཡིས་ལུས་ཡོངས་ཀྱི་འཚོ་གནས་ནི་རང་ཉིད་ཀྱི་བྱས་རྗེས་ཡིན་ཞེས་སྒྲོག་པ་དང་འདྲ།

བསམ་བློ་ཡོད་པའི་མི་ཞིག་གི་བརྩམས་ཆོས་དང་གཞན་མི་ཕལ་པའི་བརྩམས་ཆོས་ཀྱི་ཁྱད་པར་ནི། ཁ་བྱང་གི་གསལ་ཁ་ཆེ་ཆུང་དང་། ནང་དོན་ལེགས་པར་གཏན་ལ་ཕབ་ཡོད་མེད་བཅས་ལ་ཐུག་ཅིང་། དེ་དང་འབྲེལ་ནས་མངོན་གསལ་དོད་མིན་དང་། ཚིག་སྦྱོར་ལེགས་མིན་བཅས་ཡོད་པ་ཡིན། ཅིའི་ཕྱིར་ཞེ་ན། ལྷུག་རྩོམ་དང་སྙན་ངག རོལ་དབྱངས་བཅས་གང་གི་རྣམ་པས་ཡིན་ཀྱང་རུང། མི་འདི་དག་གིས་ཧ་ཅང་གསལ་ཞིང་དག་པའི་ངང་ནས་རང་ཉིད་ཀྱིས་ཅི་ཞིག་མངོན་པར་མཚོན་འདོད་པ་ཤེས་ཀྱི་ཡོད། འོན་ཀྱང་ཕལ་བའི་མི་རྣམས་ལ་འདི་ལྟ་བུའི་ཐག་ཆོད་པ་དང་། གསལ་ཁ་དོད་པ་མེད་པས། དེ་གཉིས་བར་གྱི་ཁྱད་པར་ཕྱེད་སླ་བ་ཡིན།

བསམ་གཞིག་གི་ནུས་པ་ཚད་མཐོན་པོ་ལྡན་པའི་མི་ཡི་ཁྱད་ཆོས་གཙོ་བོ་ནི། ཁོང་ཚོས་བྱ་དངོས་ལ་བརྡར་ཤ་བཅད་པ་དེ་ཐད་ཀར་དང་གསལ་པོ་ཡིན། ཁོང་ཚོས་གང་བཤད་པ་ཐམས་ཅད་ནི་རང་གི་བསམ་གཞིག་གི་འབྲས་བུ་ཡིན་པས། ལྟ་བ་བརྗོད་པའི་ཐབས་ལམ་གྱི་ནང་ནས་ཀྱང་ཚུལ་འདི་མངོན་གྱི་ཡོད། དེའི་ཕྱིར། མི་འདི་དག་ནི་བསམ་བློའི་རྒྱལ་ཁམས་ཀྱི་རྒྱལ་པོ་དང་འདྲ་ཞིང་། ཁོང་ཚོར་རྩོད་གླེང་བྱེད་ཐབས་མེད་པའི་དབང་གྲགས་ལྡན། གཞན་དག་ནི་དེའི་ཁོངས་གཏོགས་ཀྱི་གོ་སར་ཡོད་ཅིང་། ཚུལ་འདི་ཁོ་ཚོའི་རང་གི་ཁྱད་ཆོས་ཀྱིས་སྟོངས་པའི་མཚོན་ཐབས་ཀྱི་ནང་ནས་མཐོང་ཐུབ།

དེས་ན། དོན་ངོ་མར་རང་རྐྱ་འཕེར་བའི་བསམ་གཞིག་བྱེད་ཐུབ་པའི་མི་ནི། བསམ་བློའི་ཁྱབ་ཁོངས་ནས་རྒྱལ་པོ་དངོས་ཡིན། དེ་དང་བསྡུར་ན། ཀླད་པ་སྤྱིར་བཏང་བ་ཡིན་པའི་མང་ཚོགས་ནི། འདྲ་མིན་སྣ་ཚོགས་པའི་ལྟ་བ་གསར་པ་དང་། དབང་གྲགས་ཅན་གྱི་བཤད་ཚུལ། ཐ་མལ་པའི་བསམ་ཚུལ་གྱི་རྗེས་སུ་གཡམ་རྒྱུག་བྱས་ཏེ། རང་གི་བསམ་གཞིག་ལ་ཚད་བཀག་ཐེབས་པར་བྱེད་དེ། དཔེར་ན། ཅིའང་མི་སྨྲ་བར་ཁྲིམས་དང་བཀའ་བརྩི་སྲུང་བྱེད་པའི་མི་སེར་ལྟ་བུའོ།།

དངོས་ཡོད་འཇིག་རྟེན་ཁྲོད། དེ་ནི་ཅི་འདྲའི་མཛེས་པ་ཞིག་དང་། དགའ་སྤྲོ་སྟེར་པ། ཡིད་སྨོན་འཆོར་བ། ཡིད་ལ་འབབ་པ་ཞིག་ཡིན་ནའང་། ང་ཚོས་དངོས་པོ་ཡོངས་ལ་འཐེན་ཤུགས་ཡོད་པའི་གཏན་སྲོལ་གྱི་ཚད་བཀག་འོག་བྱ་འགུལ་མི་སྤེལ་ཐབས་མེད་ཡིན། འོན་ཀྱང་བསམ་བློའི་འཇིག་རྟེན་ཁྲོད། ང་ཚོ་ནི་གདོས་བཅས་ལུས་ཀྱི་འཆིང་རྒྱར་ཚུད་པའི་སྤྱང་གྲུང་ཞིག་ཡིན་ལ། ས་སྙིང་འཐེན་ཤུགས་ཀྱི་ཚད་བཀག་མེད་ཅིང་། དེ་བཞིན་དབུལ་ཕོངས་ཀྱི་དཀའ་སྡུག་ཀྱང་མེད།

འདི་ནི་ཕུན་སུམ་ཚོགས་པའི་བསམ་བློའི་ཀླད་པ་ཞིག་གིས། ངོ་མཚར་བའི་སྐད་གཅིག་རེ་འགར་ཐོབ་པའི་དགའ་སྤྲོ་དང་བདེ་སྐྱིད་ནི། དངོས་ཡོད་ཀྱི་འཇིག་རྟེན་ནས་རྙེད་དུ་མེད་པའི་རྒྱུ་མཚན་ཡིན།

ཀླད་པར་ཤར་བའི་བསམ་བློ་ནི། མིག་མདུན་དུ་ལངས་པའི་མཛའ་མོ་ཞིག་གོ། ང་ཚོས་རང་གི་མཛའ་མོ་ནམ་ཡང་སེམས་འགྱུར་མི་སྲིད་པར་འཛིན་པ་བཞིན་དུ། བསམ་བློ་དེ་ནམ་ཡང་བརྗེད་མི་སྲིད་པའི་ཡིད་ཆེས་བྱེད་མོད། འོན་ཀྱང་། མིག་གིས་མ་མཐོང་ན་སེམས་ཀྱིས་མི་དྲན་ཞིང་། ངོ་མཚར་གྱི་བསམ་བློ་ཡང་དེ་མ་ཐག་ཡིག་ངོར་མ་ཕབ་ན། བརྗེད་ངས་དང་ཕྱིར་ལྡོག་མེད་པའི་དབང་དུ་འགྱུར་བའི་ཉེན་ཁ་ཡོད། དེ་ནི་ང་ཚོས་སྙིང་དུ་སྡུག་པའི་མཛའ་མོ་དང་མཉམ་དུ་གཉེན་སྒྲིག་མ་བྱས་ན། དེ་ཡིས་འདོར་བའི་ལས་དབང་ལས་གཡོལ་མི་ཐུབ་པ་དང་མཚུངས་སོ།།

广告位招租