གཏམ་གྱི་གླེང་སློང་བ།

ད་ནི་ཕྱི་དྲན་ལྟ་བུའི་ལོ་གསར་དེའང་ཚར་སོང་བས་ཡུལ་འདིའི་སྲོག་ཆགས་ཀུན་ཀྱང་སྔར་བཞིན་སོས་དལ་ངང་འཇམ་ཅག་གེར་གནས་འདུག  མ་འོངས་པ་ཟེར་བ་དེ་ལ་རེ་འདུན་བཅོལ་བའི་སློབ་མ་དག་ཀྱང་ལྗིད་ཏིག་གེར་སོང་བའི་རྒྱབ་ཁུག་རེ་ཁུར་བཞིན་ལམ་ལ་ཕྱིན་ཚར་སོང་། ཕྱི་ཡི་ཁོར་ཡུག་གི་ཁ་དོག་དང་དེས་བསྐྲུན་པའི་སེམས་ཁམས་ནི་ནང་གྲོགས་གློད་ཀྱི་སྒེར་དེབ་《མགུར》གྱི་ནང་གི་སྙན་ངག་(གོམ་པས་ལ་མོ་བརྒྱབ་འགྲོ)ཞེས་པ་བཀླགས་པའི་ཚོར་བ་དང་ཧ་ཅང་འདྲ་བ་འདུག སྙན་ངག་འདིའི་ནང་དུ་རྩོམ་པ་པོ་རང་ཉིད་ལ་སྤྱི་ཚོགས་ཀྱིས་སྤྲད་པའི་སུན་སྣང་དང་རེ་ཆད་རང་ཉིད་ཀྱིས་སྤྱི་ཚོགས་ལ་བཟུང་པའི་རྣམ་འགྱུར་དང་སྣང་ཚོར་ཏེ།  ན་གཞོན་སྙན་ངག་པ་ཞིག་གི་ངར་ཤུགས་དང་འཚོལ་སྙེག  དགའ་སྐྱོ་ཆགས་སྡང་གི་རང་གཤིས་སམ་རང་བཞིན་ནས་གྲུབ་པའི་གཉུག་གཤིས་ཀྱིས་བག་ཆགས་ཟབ་མོ་སྤྲད་པའི་རྩོམ་ཡིག་ཅིག་རེད་འདུག་བསམ་པའི་ཚོར་སྣང་བྱུང་།

ངའི་སྣང་ངོའི་གློད།

སྤྱིར་ངེད་གཉིས་ནི་དགའ་མོས་གཅིག་པའི་ངོ་ཤེས་སུ་གྱུར་པ་ལས་དགོས་མཁོ་དང་ཁེ་ཕན་གྱི་ཆེད་དུ་ངོ་ཤེས་གྱུར་པ་དང་ཆོས་གྲོགས་དང་སློབ་གྲོགས་སོགས་གང་ཡང་མིན།

ཁོ་ནི་ཧོབ་ཀྱིས་བལྟས་ན་གླེན་ཞད་ཆེ་ལ་ཞིབ་ཏུ་བལྟས་ན་སྤྱང་གྲུང་ལྡན་ལ་མི་ཚེའི་གོ་རྟོགས་ཅུང་ཙམ་ཡོད་པས།  ཚོར་སྣང་གཅིག་པོས་འགྲེལ་རྒྱག་སར་མི་འགྲོ་བའི་མི་ཕོ་ཁྱད་མཚར་ཞིག་ཡིན་ལ། ཆ་རྒྱུས་དེ་ཙམ་མེད་མཁན་ཀུན་གྱི་ཅི་བཤད་ཀྱི་གཏམ་ལན་ཕལ་ཆེར་”ཝུན་ཝུན”ཟེར་བཞིན་བདེན་ཁ་སྟེར་ཞིང་། ཆ་ཡོད་ནང་གྲོགས་དག་གིས་ཅི་བཤད་ཀུན་ལ་ཞིབ་མོ་རྣམ་འཐག་གིས་ཚིག་གི་ཤུན་པ་བཤུས་ནས་ལོག་འགྲེལ་དང་ཉེས་འདོགས་ཅི་རིགས་བཟོ་བཞིན་ཀུ་རེའི་ཞོར་དུ་བགྲོ་གླེང་གི་མགོ་རྩོམ་རྒྱུ་ལ་ཧ་ཅང་དགའ། ང་རང་ཁོའི་གཤིས་ཀ་ལ་དགའ་མོས་ཡོད་ས་ཞིག་ནི་ཁེར་འགྲོ་ཁེར་སྡོད་ངང་དུ་འཆར་སྒོ་སྣ་ཚོགས་ཁྲོད་ནས་རང་སྐྱ་འཕེར་བའི་བསམ་གཞིག་གི་ས་བོན་འདེབས་རྒྱུ་དེ་དང་།  དུས་རབས་ཀྱི་འགྱུར་ལྡོག་སྣ་ཚོགས་ཁྲོད་ནས་མི་ཕལ་མོ་ཆེའི་ཕུགས་བསམ་དང་དགའ་མོས་སོགས་མི་བརྟན་པར་འགྱུར་བཞིན་ཡོད་མོད། འོན་ཀྱང་ཁོ་ནི་རང་ཉིད་ཀྱི་དགའ་མོས་ལ་འགྱུར་ལྡོག་དེ་ཙམ་མི་མང་པ་སྔར་བཞིན་བརྟན་པ་དེའོ། །ཉུང་བསྡུས་ཤིག་བཤད་ན། གློད་ནི་ཀུ་རེ་དང་སྤྲ་ཆལ་གྱི་ཁྲོད་ནས་མི་ཚེའི་དོན་སྙིང་འཚོལ་མཁན་གྱི་མི་ཕོ་ཁེར་ཚུགས་ཅན་ཞིག་དང་ཁ་པར་འཆར་ངོས་སུ་ཅེར་རྒྱུ་དང་ཉལ་རྒྱུ་ལ་མོས་པའི་ན་གཞོན་སྒྱིད་ལུག་ཅན་ཞིག་ཀྱང་ཡིན། གང་ལྟར་ད་ལྟའི་བར་སྒྱུ་རྩལ་ལ་དད་མོས་བྱེད་ཀྱིན་བདེན་དོན་ལ་གློ་སྙིང་གཏད་ཞོར་གུ་དོག་གི་རྒྱ་རུ་མ་ཚུད་པར་མི་ཡུལ་ནས་ཟས་རིན་འཚོལ་བཞིན་ཡོད་ལ།  མ་གཞི་མི་ཞིག་གི་གཤིས་སྤྱོད་ཕལ་མོ་ཆེ་ཞིག་ཐ་སྙད་ཀྱི་ཕྲེང་བ་ཁ་ཤས་ཀྱིས་མཚོན་དུ་མེད་པས་དེ་ཙམ་གྱིས་འཐུས་པར་བྱ།

གོམ་པ་ལ་མོའི་ཕྱི་ནང་།

སྤྱིར་འཇིག་རྟེན་འདིར་ཁེར་ཚུགས་ཀྱི་བསམ་བློས་སྐྱེས་བུ་མང་པོ་ཞིག་ལ་རེ་བའི་འོད་སྣང་བསྩལ་ཡོད་ལ།  ན་གཞོན་སྙིང་མེད་མང་པོ་ཞིག་ལ་དེ་ལས་ལྡོག་སྟེ་རེ་བའི་དམིགས་འབེན་གཏོར་ནས་མྱི་མིན་ཟོག་མིན་ས་སྟེང་གང་བཟོས་ཡོད།

གོམ་པ་ལ་མོའི་ནང་སྙིང་ནི་དགོས་མཁོ་དང་ཁེ་ཕན་གྱིས་གྲུབ་པའི་སྤྱི་ཚོགས་ཀྱི་ནང་རང་ཉིད་ཀྱིས་རང་ཉིད་ལ་གཅེས་སྤྲས་བྱེད་མ་ཤེས་ན་གཞན་སུ་ཞིག་གིས་ཀྱང་བསྐྱབ་མི་སྲིད་པའི་གནས་ལུགས་མང་པོ་ཞིག་དཔེ་འཇོག་མཚར་པོ་རེའི་སྒོ་ནས་བསྟན་ཡོད་དེ།  “ཉེ་མི་ཤིག་རྙིད་འདྲ་”དང་“གྲོགས་པོ་དགྲ་བོ་”འདྲ་སོགས་ཀྱིས་མཚོན་ནས་དངོས་ཡོད་འཚོ་བའི་ཁྲོད་དུ་གོ་རྒྱུ་དང་མྱོང་རྒྱུ་ཡོད་པའི་དཔེ་མཚོན་གསར་པ་སྙིང་རྗེ་པོ་འགས་འཇིག་རྟེན་གྱི་གནས་ལུགས་མང་པོ་གསལ་བཤད་བཟོས་ཡོད།  ཞོར་དུ་རྩོམ་པ་པོ་རང་ཉིད་ཀྱིས་ཀྱང་ཁེར་རྐྱང་དང་སུན་སྣང་གི་ཁྲོད་ནས་ཨུ་ཚུགས་དང་རེ་བའི་ཕག་ནས་རང་ཉིད་བཙོག་པ་འཁོར་རྒྱུག་གི་སྤྱི་ཚོགས་ཀྱི་ནང་དུ་འཐིམ་མ་བཅུག་པ་ངལ་དུད་དང་སྐྱོ་སྣང་མང་པོ་ཞིག་ལ་གདོང་གཏད་ནས་མདུན་སྐྱོད་བྱས་ཡོད་པ་གསལ་པོར་ངེས་ཡོང་།  སྙན་ངག་པ་མང་ཤོས་ནི་སེམས་པ་ཅུང་སྙི་མོའི་རིགས་དེ་ཡིན་པས་ཁོ་ཡང་དེ་ལས་འདས་མི་འདུག  སྤྱིར་གོམ་པ་ལ་མོའི་བརྒྱ་ཆ་གོ་དགུ་ངར་ཤུགས་དང་སྤོབས་པས་ཁེངས་འདུག་མོད། “གནས་མོ་སེམས་དྲོད་ཅན་”དང་„གཙང་པོ་ཀོ་གྲུ་ཅན་”གྱི་ཚིགས་བཅད་ཤོ་ལོ་ཀ་དེའི་ཁྲོད་དུ་ཞར་དང་ཞོར་ནས་མི་ཡི་གཉུག་གཤིས་འཇམ་པོ་ཞིག་ལྷང་ངེར་མངོན་འདུག་པས་གློད་ཀྱི་བར་ཐག་ཉེ་བའི་རང་གཤིས་ངོ་མ་ནི་དེ་མིན་འགྲོ་སྙམ་པ་ཞིག་འདུག   སྤྱི་ཚོགས་ཟེར་བ་ནི་ཚུལ་འཆོས་དགོས་མཁོ་སོགས་ཀྱིས་རྨང་གཞི་བྱས་པ་ཡིན་ཙང་།  དེའི་ནང་དུ་འཚོ་ཞིང་གནས་དགོས་ན་བཟོ་བཅོས་དང་བཅོས་མ་ཡིས་འཚོ་དགོས་མོད། འོན་ཀྱང་ངེས་པ་དོན་གྱི་སྙན་ངག་པ་ཞིག་ཡིན་ན་སྙན་ངག་གི་ས་ལམ་ཁྲོད་ནས་ལྷད་མེད་ཀྱི་གཉུག་གཤིས་ཤིག་དང་འཚོ་སྟངས་ཤིག་རྙེད་རྒྱུ་ཡོད་སྐད་ཐོས། དེ་ནི་སྐྱོ་སྣང་གི་ཁྲོད་ནས་བདེ་སྐྱིད་འཚོལ་ཚུལ་གཞན་ཞིག་ཀྱང་ཡིན་པ་འདྲ།

ཁོ་རང་ཉིད་ཀྱིས་བཤད་པ་ལྟར་“སྐྱེས་ཕོ་སྨ་ར་ཅན་”འདིས་“བྱེ་མའི་ལ་”“མུན་པའི་དོང་”གང་ལའང་མི་འཇིགས་པར་ཐ་ན་འགྱོད་བཤགས་ཀྱི་ཡིག་སྒམ་དེའང་མི་ཡུལ་དུ་མི་འཇོག་ཚུལ་བལྟས་ན་གཉུག་གཤིས་ཀྱི་ལམ་སྣེ་ཅུང་ཙམ་ཟིན་མེད་འགྲོ་སྙམ་པ་ཞིག་བྱུང་།

གང་ལྟར་ད་རུང་མུ་མཐུད་ནས་གོམ་པས་ལ་མོ་བརྒྱབས་ནས་རང་ཚུགས་ངང་འགྱེལ་ཞོར་ལངས་ཞོར་གྱིས་རང་གི་དམིགས་འབེན་ཀྱི་ས་ཚུགས་སུ་འབྱོར་བར་སྨོན།

 

ཕ་ཡུལ་ནས་མགོ་བཟུང་ཞིང་སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་དུ་མཇུག་གྲུབ་པར་བྱས།