སྔོན་གླེང་།

 

དུས་རབས་བཅུ་དགུ་པའི་སྐབས་སུ་ནུབ་གླིང་དུ་མཚོན་རྟགས་རིང་ལུགས་དང་། རྟོག་པ་འཆར་ཡན་རིང་ལུགས། འབྱུང་འགྱུར་རིང་ལུགས། མངོན་མཚོན་རིང་ལུགས། གཞི་གྲུབ་རིང་ལུགས་སོགས་ཀྱིས་མཚོན་པའི་དེང་རབས་རྩོམ་རིག་གི་གྲུབ་མཐའ་ཆེ་ཆུང་བཞི་བཅུ་ལྷག་དར་བར་བཤད། དེང་རབས་རིང་ལུགས་ཀྱི་སྙན་ངག་ཐོན་སྔ་ཤོས་དེ་མཚོན་རྟགས་རིང་ལུགས་ཞེས་པ་ཡིན་ཞིང་། ཧྥ་རན་སིའི་སྙན་ངག་མཁན་ཞག་ལི བྷོ་དྷི་ལེར (Charles Baudelaire)ཞུ་བས་རྩོམ་རྒྱུན་འདི་བཏིངས་པར་བཤད། རྩོམ་རྒྱུན་འདིའི་ཚབས་མཚོན་བརྩམས་ཆོས་ལྟ་བུ་ནི་ཁོང་གི་སྙན་དེབ«མི་དགེ་མེ་ཏོག» (Les fleurs du mal)ཏུ་གསལ་བའི་སྙན་ངག་དག་ལ་ངོས་འཛིན་བྱེད་ཅིང་། «མི་དགེ་མེ་ཏོག»ཅེས་པ་དེ་སྤྱི་ལོ་༡༨༥༧ལོར་པར་སྐྲུན་བྱས་ཡོད། སྙན་དེབ་འདི་ལ་བརྟེན་ནས་ཧྥ་རན་སིའི་རྩོམ་རིག་དེ་སྔར་སྲོལ་གྱི་ལམ་བུ་ནས་ཕྱིར་བཤོལ་གྱིས་སྲོལ་ལུགས་གསར་པ་ཞིག་གི་ཕྱོགས་སུ་བསྐྱོད་པ་མཚོན་ལ། འདིས་དེང་རབས་རིང་ལུགས་ཀྱི་སྙན་ངག་དངོས་སུ་དབུ་བརྙེས་པའང་མཚོན་གྱི་ཡོད།

དེང་རབས་རིང་ལུགས་ཀྱི་སྙན་ངག་གི་ནང་གསེས་ཏེ་མཚོན་རྟགས་རིང་ལུགས་ཀྱི་རླབས་རྒྱུན་འདི་འཛམ་གླིང་རྩོམ་རིག་གི་གྲུ་ཁར་འཕྱུར་ནས་ད་བར་དུ་མི་ལོ་བརྒྱ་དང་དྲུག་ཅུ་ལྷག་འགོར་ཡོད་པ་དང་། རྩོམ་རྒྱུན་འདི་ལ་བརྟེན་ནས་ཞག་ལི བྷོ་དྷི་ལེར་གྱི་བརྩམས་ཆོས་དག་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཙམ་མ་ཟད་རྒྱ་ནག་ཏུའང་གྲགས་སྐད་ཆེ། འོན་ཀྱང་། རང་རེའི་སྙན་ངག་པ་རེ་ཟུང་གིས་ཁོང་གི་ལོ་རྒྱུས་དང་ཁོང་གི་བརྩམས་ཆོས་ཁག་ལ་དོ་སྣང་བྱེད་འགོ་ཚུགས་དུས་ནི་ལོ་རབས་དགུ་བཅུ་པའི་ནང་ཡིན་པར་སྙམ་སྟེ། ཁོང་གི་སྙན་ངག་ཁ་ཤས་བོད་ཡིག་ཏུ་བསྒྱུར་ཡོད་པ་མཐོང་ནའང་། ད་དུང་ཡང«མི་དགེ་མེ་ཏོག»བོད་ཡིག་ཏུ་བསྒྱུར་མེད་ལ། ད་ཕན་བདག་གིས་ཀྱང་ལེ་ལོ་དང་། ནར་འགྱངས། ཤེས་ཚད་མེད་པ་སོགས་རྐྱ་འཐབ་པའི་དབང་གིས«མི་དགེ་མེ་ཏོག»ལས་སྙན་ངག་རེ་ཟུང་ལས་བསྒྱུར་མ་ཐུབ་པ་རེད།

ཉེ་ལམ«སྨྱུག་སྡེ»རྩོམ་སྒྲིག་པའམ་སྙན་ངག་པ་སྐུ་ཞབས་དོལ་སྨྱོན་ལགས་ཀྱིས་བདག་ལ་རྩོམ་སྐུལ་བྱས་པ་ལྟར། དེ་རིང་འདིར་ཞག་ལི བྷོ་དྷི་ལེར་གྱི་ལོ་རྒྱུས་མདོར་བསྡུས་ཤིག་དང་ཁོང་གིས་བྲིས་པའི«མི་དགེ་མེ་ཏོག»གི་སྐོར་ངོ་སྤྲོད་ཞུ་རྒྱུ་ཡིན། ད་ཕན་བདག་གིས་དོ་སྣང་བྱས་པ་ལྟར་ན། ཧྥ་རན་སི་དང་ཨིན་ཇིའི་སྐད་ཡིག་ཁག་ཏུ་ཞག་ལི བྷོ་དྷི་ལེར་གྱི་ལོ་རྒྱུས་རྒྱས་བསྡུས་འབྲིང་གསུམ་མང་པོ་ཞིག་ཡོད་པ་མཐོང་ལ། རྒན་ཀུན་དགའ་ལགས་ཀྱིས་ཀྱང་བོད་ཡིག་ཏུ་ལོ་རྒྱུས་ཧ་ཅང་རྒྱས་བསྡུས་རན་པ་ཞིག་བྲིས་འདུག འོན་ཀྱང་། གཤམ་གསལ་ལོ་རྒྱུས་མདོར་བསྡུས་འདི་ནི་བདག་གིས་ཞག་ལི བྷོ་དྷི་ལེར་གྱི་ལོ་རྒྱུས་སྣ་ཚོགས་ཤིག་ལ་བལྟས་ནས་བྲིས་པ་ཞིག་ཡིན་ཞིང་། སྤྱིར་བཏང་ལོ་རྒྱུས་ཕལ་ཆེ་བ་ནི་རྒྱས་བསྡུས་ཙམ་གྱི་ཁྱད་པར་ལས་ཕན་ཚུན་ཐོ་གཏུགས་ན་ཆུ་ལ་ཆུ་བཞག་རེད།

 

སྐུ་ན་ཆུང་དུས་ཀྱི་ལོ་རྒྱུས་ཐར་ཐོར།

 

ཧྥ་རན་སིའི་དེང་རབས་སྙན་ངག་གི་ཡབ་ཆེན་དང་།  རྩོམ་རིག་དཔྱད་བརྗོད་པ། ལོ་ཙཱ་བ་ཞག་ལི བྷོ་དྷི་ལེར་ནི་སྤྱི་ལོ་ ༡༨༢༡ ལོའི་ཟླ་༤པའི་ཚེས༩ཉིན་ཧྥ་རན་སིའི་རྒྱལ་ས་པེ་རེ་སིར་སྐུ་འཁྲུངས། སྐབས་དེར་ཁོང་གི་མ་ནི་ལོ་ཉེར་དྲུག་ཡིན་པ་དང་། མིང་ལ་ཀ་ཝོ་ལེ་ནུ ཊོལ་ཧྥ (Caroline Dufays)ཟེར། ཕ་མིང་ལ་གཞོ་ཟེ་ཧྥུབ ཧྥང་ཟི་བ  བྷོ་དྷི་ལེར (Joseph-Francois Baudelaire)ཟེར་ཞིང་། སྐབས་དེར་ལོ་དྲུག་ཅུ་རེ་གཅིག་ཡིན་པ་རེད། ཁོང་གཉེན་སྒྲིག་ཐེངས་གཉིས་ལ་བྱས་ཏེ། བཟའ་ཟླ་སྔ་མ་དེའི་མཉམ་དུ་བུ་ཞིག་ཀྱང་ཡོད་འདུག ཕངས་པ་ཞིག་ལ་ཞག་ལི་བྷོ་དྷི་ལེར་ལོ་དྲུག་ལ་སོན་པའི་ལོ་དེར་ཁོང་འདས་གྲོངས་སུ་ཕྱིན། ཁོང་ནི་ཤེས་རིག་སྨྲ་བ་ཞིག་ཡིན་ཏེ། དུས་རབས་བཅོ་བརྒྱད་པའི་བློ་འབྱེད་བསམ་བློ་བའི་རྗེས་འཇུག་པ་ཞིག་དང་། རང་མོས་ཞོར་ལས་ལྟ་བུའི་ངང་རི་མོ་འབྲི་མཁན་གྱི་སྒྱུ་རྩལ་པ་ཞིག་ཀྱང་རེད། འོན་ཀྱང་། ཞག་ལི་བྷོ་དྷི་ལེར་ཁོང་གི་ཕ་དམ་པའི་རི་མོ་ལ་དགའ་མོས་མེད་པ་འདྲ། ཕྱིས་སུ་ཁོང་གིས་ཨ་མ་ལ་བསྐུར་བའི་འཕྲིན་ཡིག་ཅིག་ཏུ‘‘ངའི་ཕ་ནི་ཞེ་ལོག་པའི་རི་མོ་བ་ཞིག་རེད’’ཅེས་བྲིས་ཡོད།

གཞོ་ཟེ་ཧྥུབ ཧྥང་ཟི་བ  བྷོ་དྷི་ལེར་འཇིག་རྟེན་དང་ཁ་བྲལ་ནས་ལོ་གཅིག་གི་རྗེས་སུ། ལོ་བདུན་ལ་སོན་པའི་ཞག་ལི བྷོ་དྷི་ལེར་གྱི་ཨ་མ་སྲིད་དོན་པ་དང་དམག་དཔོན་གཅིག་ལྕོགས་ཡིན་པའི་གཞའ་ཁུ ཨོ་ཕུས་ཁུ(Jacques Aupick)ཟེར་བ་ཞིག་ལ་གཉེན་སྒྲིག་བྱས། ཁྱོ་ག་གསར་པ་འདི་ནི་བཟའ་ཟླ་སྔོན་མ་དང་མི་འདྲ་བར་ལོ་གཞོན་ཞིང་རང་དོན་ལ་མཁས་པའི་སྐྱེས་བུ་ཞིག་ཡིན་ནའང་། ཁྱིམ་ཐབ་གསར་པ་འདིས་བྱིས་བློའི་དྲི་མས་སྦགས་པའི་ཞག་ལི བྷོ་དྷི་ལེར་གྱི་སེམས་ལ་གསོས་རྒྱུ་མེད་པའི་རྨ་ཁ་ཞིག་བཞག དེ་ནི་རང་གི་ཕ་ལ་དབང་བའི་ཨ་མ་དེ་གཞན་ལག་ཏུ་ཤོར་བ་དང་གཅིག ཕ་ཡར་གྱིས་ཁོང་གི་བྱིས་པའི་སེམས་ཁམས་དང་དེས་བསྐྱེད་པའི་རེ་སྙེག་སོགས་ལ་དོ་སྣང་མ་གནང་བ་དང་གཉིས།  ཞག་ལི་བྷོ་དྷི་ལེར་གྱིས་ཀྱང་ཕ་ཡར་གྱི་ཐལ་ཆེ་བའི་སྒེར་གཅོད་ཀྱི་ལྟ་བ་དང་རང་གཅེས་འཛིན་གྱི་བློ་སོགས་དང་ལེན་བྱེད་དཀའ་བ་གསུམ་གྱི་དབང་གིས་ཡིན་པར་བཤད་ལ། ཕྱིས་སུ་ཁོང་གིས་ཕྱིར་དྲན་གྱི་ཚུལ་དུ‘‘ཁྱོད་རང་གཡོག་མོ་དེར་སེམས་རྒྱ་ཆེན་པོ་ཡོད་པར་ཕྲག་པ་དོག་ཡོད’’ཅེས་པའི་སྙན་ངག་ཅིག་བྲིས་ཏེ་རང་ཉིད་ཀྱི་ཨ་མ་ལའང་ལེ་བདའ་དང་ཟུར་ཟ་བྱས་འདུག

རྒྱུ་རྐྱེན་དེ་འདྲའི་དབང་གིས་ཕ་བུ་གཉིས་ཀྱི་འགལ་བ་དེ་ཧ་ཅང་འཁོན་འཛིན་ཅན་དུ་གྱུར་ནའང་། ཨ་མའི་རྗེས་སུ་བསྙེགས་ཏེ་ཕ་ཡར་དང་མཉམ་དུ་འཚོ་བ་མི་རོལ་ཀ་མེད་བྱུང་། སྤྱི་ལོ་༡༩༣༥ལོར་ཕ་ཡར་གྱི་ཕྱག་ལས་ཀྱི་དབང་གིས་རེ་ཞིག་ཁོང་ནང་མི་གསུམ་ལིས་ཨོང (Lyon)ཞེས་པའི་གྲོང་ཁྱེར་དུ་གནས་སྤོར་བགྱིས་ཤིང་། ཞག་ལི བྷོ་དྷི་ལེར་ཝ་ཡ་ལི་སྡུ ལོས་ཨོང (Collège royal de Lyon)ཞེས་པའི་གཏན་སྡོད་སློབ་གྲྭར་ཞུགས་ཏེ་སློབ་སྦྱོང་བྱས་ཤིང་། ལོ་ཤས་རིང་སྦྱངས་འབྲས་རྩེར་སོན་གྱི་བྱ་དགའ་ཐོབ། ལོ་ལྔའི་རྗེས་སུ་ཁོང་གི་ཕ་ཡར་ལ་མདའ་དཔོན་གྱི་གོ་གནས་རག་སྟབས། ཁོང་མ་བུ་གསུམ་སླར་ཡང་པེ་རེ་སིར་ལོག་ཅིང་། ཁོང་ནི་ལིས་ཨེ ལུ དྒུ་ཝང (Collège Louis le Grand)སློབ་གྲྭར་སོང་། སྐབས་དེར་ཞག་ལི བྷོ་དྷི་ལེར་ལོ་བཅུ་བཞི་རེད་ལ། ཨ་མའི་བྱམས་བརྩེ་དང་རྒྱབ་སྐྱོར། ཁོང་གི་འབད་པ་བཅས་ལ་བརྟེན་ནས་སློབ་མའི་སྤྱི་རྒྱུགས་སུ་ལ་ཏིན་སྐད་ཀྱི་སྙན་ངག་གི་བྱ་དགའ (Concour Général)ཡང་ཐོབ་འདུག

སྤྱི་ལོ་༡༩༣༨ལོ་ནས་བཟུང་། ཁོང་སློབ་སྦྱོང་ལ་དང་དོད་མེད་མཁན་དང་། སྤྱོད་པ་འཆལ་བོ་ཞིག་ཏུ་གྱུར་པར་མ་ཟད། སློབ་གྲྭའི་སྒྲིག་ལམ་དང་འགལ་བའི་མ་རབས་ཐ་ཤལ་གྱི་ལས་བརྩམས་པ་དེ་དག་ལ་སློབ་གྲྭའི་ངོས་ནས་དགའ་བསུ་བྱས་མི་འདུག་ལ། སློབ་གྲྭ་དེས་ཁོང་སློབ་གྲོགས་ཤིག་གི་རྒྱབ་དཔུང་དུ་ལངས་པར་རྐྱེན་བྱས་ཏེ་རེ་ཞིག་སློབ་འབྲིང་ནས་སྒོར་ཕྱུང་འདུག  ལོ་དེར་ཕ་ཡར་གྱིས་ཞག་ལི བྷོ་དྷི་ལེར་ཁྲིམས་ཀྱི་སློབ་གྲྭ་ཞིག་ཏུ་ཐོ་འགོད་བྱས་ཡོད་ལ། ཁོང་གི་ཕ་ཡར་དང་ཨ་མ་གཉིས་ཀྱི་རེ་བ་ནི་ཁོང་གིས་ཁྲིམ་ལུགས་སློབ་སྦྱོང་བྱེད་རྒྱུ་དེ་ཡིན་ནའང་། ཁོང་གི་རྩོམ་རིག་སྒྱུ་རྩལ་གྱི་ལམ་དུ་ཞུགས་པའི་འདུན་པ་དྲག་པོ་དེ་བཀག་འགོག་བྱེད་ཐུབ་མེད། འོན་ཀྱང་ཞག་ལི བྷོ་དྷི་ལེར་གྱིས‘‘བྱིན་རླབས’’ཞེས་པའི་སྙན་ངག་ཅིག་ཏུ་ཁོང་བྱིས་པའི་གནས་སྐབས་དང་གཞོན་ནུའི་དུས་སྐབས་གང་ཞིག་ཡིན་རུང་། སུ་ཞིག་གིས་ཀྱང་ཁོང་གི་བརྗོད་དུ་མེད་པའི་སྤྲོ་སྣང་དང་འགོག་ཐབས་བྲལ་བའི་རེ་སྙེག་སོགས་ཤེས་མ་ནུས་ཤིང་། ཐ་ན་རང་ཉིད་ཀྱི་ཨ་མས་ཀྱང་མ་རྟོགས་པས། རང་ཉིད་ཀྱིས་ཡིད་ཆེས་བློས་འགེལ་བྱེད་ས་ནི་དཀོན་མཆོག་ཡིན་པ་སོགས་ལས་འཕྲོས་ཏེ་སེམས་ཚོར་རིང་པོ་ཞིག་བྲིས་ཡོད་པ་རེད།

ཁོང་སློབ་འབྲིང་ནས་སྒོར་ཐོན་རྗེས། ཁོང་གིས་རང་གི་ཨ་མ་དང་ཕ་ཡར་གཉིས་ཀྱི་བཀའ་གསུང་ལ་མ་གསན་པར་བག་མེད་དང་འཁྱམ་ཉུལ་གྱི་འཚོ་བ་སོགས་ལོངས་སུ་སྤྱོད་འགོ་ཚུགས་ཏེ། འཆར་ཡན་སྨྲ་བའི་རི་མོ་བ་དང་རྩོམ་པ་པོ་དཔེར་ན། སྐབས་དེར་པེ་རེ་སིའི་རྩོམ་སྟེགས་སུ་སྐད་གྲགས་ཆེ་བའི་གཞེ་ཝ ལ་སྦི་ཝས་ཎེ (Gérard Labrunie 1808-1855)དང་། ཨོ་ནོ་ཝས སྡུ སྦ་རྫ་ཁུ (Honoré de Balzac 1799-1850)དང་། ལིས་ཨེས ཨེ་མོང དྷུས་ཝང་ཊུ (Louis Edmond Duranty 1933-1880) ཨེ་ནེ་སུ་ཌི པཀ་ཝོང (Ernest Prarond 1821-1909)སོགས་ལ་འབྲེལ་འདྲིས་བྱུང་སྟེ། འཆར་ཡན་རིང་ལུགས་ཀྱི་དེབ་གང་མང་བཀླགས་པ་ལ་བརྟེན་ནས། ངོ་ཤེས་གྲོགས་པོ་ཚོས་ཁོང་ལ་དཔེ་ཀློག་པ་འཁྱམས་པོ་ཞེས་བོས། ད་དུང་། སྐབས་དེ་འདྲ་ཞིག་ལ་ཁོང་གི་མི་ཚེའི་ནང་གི་བུད་མེད་ཐོག་མ་སྟེ་སྐད་གྲགས་ཅན་གྱི་སྨད་འཚོང་མ་ཟ་རཱ(Sarah)ཟེར་བ་ཞིག་དང་མཉམ་དུ་ལུས་འབྲེལ་བྱུང་བས། ཁོང་གིས་ཆགས་སྲེད་ནི‘‘གསོན་ཉམས་དོད་པོ་དང་བདེ་སྐྱིད་ལྡན་པ་ཞིག་ཡིན’’ཚུལ་བྲིས་ཡོད།

སྤྱི་ལོ་༡༩༤༢ལོར་ཁོང་གི་ཨ་མ་དང་ཕ་ཡར་གཉིས་ཀྱིས་ཞག་ལི བྷོ་དྷི་ལེར་གྱི་ཚུལ་མིན་གྱི་སྤྱོད་པ་དང་འཁྱམ་ཉུལ་གྱི་འཚོ་བ་སོགས་ལ་ཡིད་མ་རངས་ནས་རྒྱ་གར་ལ་སྤྲོ་འཆམ་དུ་བཏང་། དེ་ནི་ཁོང་གི་གཤིས་རྒྱུད་དང་བསམ་བློ་སོགས་འགྱུར་བ་གཏོང་ཆེད་ཡིན་མོད། འོན་ཀྱང་ཞག་ལི བྷོ་དྷི་ལེར་བདག་སྡོད་སའི་གྲོང་ཁྱེར་སྦོག་ཊོ (Bordeaux)ནས་གྲུ་གཟིངས་ནང་བསྡད་དེ་གླིང་ཕྲན་ལིས་ལི མའོ་ཝེ་སི(l’ile Maurice)ཞེས་པའི་ཡུལ་དུ་ཐོན་མཚམས་མུ་མཐུད་དུ་མདུན་སྐྱོད་བྱེད་མ་འདོད་པར་ཕྱིར་ལྡོག་བྱས། རྗེས་སུ་འགྲུལ་བཞུད་འདི་ནི་ཞག་ལི བྷོ་དྷི་ལེར་ལ་མཚོན་ན་དེང་རབས་རིང་ལུགས་ཀྱི་མཚོན་རྟགས་མེ་ཏོག་རྣམ་པར་བཞད་པའི«མི་དགེ་མེ་ཏོག»གི་ས་བོན་ཁ་ཤས་ཀྱི་ཆེད་དུ་ཕྱིན་པ་ལྟ་བུར་གྱུར། དེའི་རྒྱུ་མཚན་ནི་རྩོམ་རིག་དཔྱད་བརྗོད་པ་རེ་ཟུང་གིས་གསུང་དོན། གྲུ་གཟིངས་ནང་གི་མཉམ་གྲོགས་ཚོང་པ་དང་། འགྲུལ་བཞུད་པ། ད་དུང་གྲུ་གཟིངས་ལས་མཐོང་བའི་རྒྱ་མཚོ། དེའི་ཀློང་གི་རྦ་རླབས། རྦ་རླབས་ཀྱི་ངོས་སུ་སྐྱོམ་པའི་ཉི་འོད་དང་། གཡོར་གྲུ གཞན་ཡང་གླིང་ཕྲན་གཞན་གྱི་མཛེས་སྡུག་དང་། གླིང་ཕྲན་དེ་དག་ལས་འཕོས་པའི་གཏམ་རྒྱུད་སོགས་མཐོང་ཐོས་བྱུང་བ་སོགས་ལ་རྐྱེན་བྱས་ཏེ། ཕྱིས་སུ་ཁོང་གིས་འགྲུལ་བཞུད་དེའི་གནས་ཚུལ་སྐོར་ཞིག་བརྗོད་བྱའི་ཨ་ལོང་ནང་དུ་བསུས་ཏེ‘‘མཚོ་བྱ་གཤོག་རིང’’དང་། ‘‘འཕྲལ་གྱི་མི་ཚེ།’’ ‘‘སྤོས་ཆུ’’སོགས་ཀྱིས་མཚོན་པའི་སྙན་ངག་འབྲི་ཐུབ་པ་བྱུང་བ་རེད་ཟེར།

ཞག་ལི བྷོ་དྷི་ལེར་གྱིས་འགྲུལ་བཞུད་མཚམས་བཞག་སྟེ་ཕྱིར་རྒྱལ་སར་ལོག་རྗེས། ཁོང་ལ་ཕ་དམ་པའི་ཤུལ་བཞག་ཞོ་དངུལ་ཕོན་ཆེ་བ་རག་ཡོད་སྟབས། ཁོང་གིས་ཞོ་དངུལ་དེ་དག་རྒྱས་སྤྲོས་ཆེ་བའི་མགྲོན་ཁང་དང་། ཆང་ཁང་། སྨད་འཚོང་མ་སོགས་ཀྱི་སྟེང་ལ་ཕངས་མེད་དུ་སྟིམ་འགོ་ཚུགས་ཤིང་།   རེ་ཞིག་ཁོང་གིས་བག་མེད་ལོངས་སྤྱོད་ཀྱི་འཚོ་བ་ཤུགས་དྲག་ཏུ་རོལ་བ་དེས་ཕ་དམ་པའི་ཤུལ་བཞག་ཞོ་དངུལ་གྱི་ཕྱེད་ཙམ་ལོ་གཅིག་དང་ཕྱེད་ཀའི་ནང་ཚར་བར་གྱུར། དེར་བརྟེན་ཁོང་གི་ཨ་མ་དང་ཕ་ཡར་གཉིས་ཀྱིས་གཞུང་དཔང་བ་ཞིག་བཙལ་ཏེ་ཞག་ལི བྷོ་དྷི་ལེར་གྱིས་ཟླ་རེར་ཧྥ་སྒོར་རྙིང་པ་ཧྥུ་ཝང་(Franc)ཉིས་བརྒྱ་ལས་སྤྱོད་མི་ཆོག་པ་བཟོས་ཤིང་། ཕ་མ་གཉིས་ཀྱི་བྱེད་སྟངས་འདི་ཁོང་གི་ཐུགས་ངོར་མ་འཕྲོད་པས་མ་བུ་ཕན་ཚུན་གྱི་འབྲེལ་ཐག་ཀྱང་བཅད་པར་བཤད། ཡིན་ནའང་། འདིས་རེ་ཞིག་ཞག་ལི བྷོ་དྷི་ལེར་འཁྱམ་ཉུལ་གྱི་འཚོ་བ་ལས་རྩོམ་རིག་གི་འཚོ་བའི་ཕྱོགས་སུ་ཁྲིད་ཡོད་པ་དང་། འདི་ནི་ཁོང་ལ་མཚོན་ན་གོམ་སྟབས་གནད་འགག་ཅན་ཞིག་ཀྱང་རེད།

 

རྩོམ་རིག་གི་ལམ་བུར་ཞུགས་པ།

 

དེ་ནས་བཟུང་། ཞག་ལི བྷོ་དྷི་ལེར་གྱིས་གསར་རྩོམ་གྱི་བྱ་བར་ནན་ཏན་གྱིས་གཞོལ་ནས་རི་མོ་སྒྱུ་རྩལ་དང་གསར་འགྱུར་གྱི་ལས་རིགས་གཉེར་ཞིང་། ཧྥ་རན་སིའི་རྩོམ་པ་པོ་དང་སྙན་ངག་པ་ཐའོ་ཨེ་དྷོ་རས སྡུ སྦང་བེལ་ལིས ( Théodore de Banville1823-1891)དང་། རྗོར་རྗི ལུ་བ་སོར(G. Levasseur) ཕུ་ར་ཝོང(Prarond 1821-1909) གཞོལ་ལི བྷུས་ཟོང (Jules Buisson1822-1909) ཨེ་མེ་ལིས དྷུ་རོ(Emille Deroy1820-1846)སོགས་ངོ་ཤེས། སྐབས་དེ་ཤེད་ནས་ཁོང་གིས་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་སྙན་ངག་འབྲི་འགོ་བརྩམས་འདུག་ལ། ‘‘ཞག་ལི དྷུ་ཧྥ་ཡེ’’ (Ch. Defayis)ཞེས་པའི་སྨྱུག་མིང་སྤྱད་དེ་ཁོག་ཟིལ ཟ་ཊན (Corsaire Satan) ཨག་ཌེ་སི་ཌི(L’Artiste)ཞེས་པའི་དུས་དེབ་དང་ཚགས་པར་སོགས་སུ་ལྷུག་རྩོམ་དང་སྙན་རྩོམ་ཐོག་མར་སྤེལ་འགོ་ཚུགས་ཡོད།  སྐབས་འདིའི་ཁོང་གི་མི་ཚེ་ལ་དོ་སྣང་ཞིབ་ཏུ་བྱེད་སྐབས། ཐོག་མར་ཁོང་དང་ཁོང་གི་གྲོགས་པོ་ཚོའི་བསམ་པར་སྙན་ངག་ལ་བརྟེན་ནས་སྙན་གྲགས་དང་ཞོ་དངུལ་གཉིས་མཉམ་གཅིག་ཏུ་ཐོབ་པར་རེ་བ་བྱས་འདུག་ལ། ལོ་གཞོན་གྱི་འཁྲུལ་སྣང་གི་དབང་གིས་སྙན་ངག་གིས་དོན་ཅི་ཡང་བསྒྲུབ་ཐུབ་ཀྱི་རེད་སྙམ་པའི་བསམ་བློ་སྐྱེས་ཡོད་པ་རེད། གཞན་ཡང་། ཧྥ་རན་སིའི་རི་མོ་བ་གྲགས་ཅན་ཨོས་རྗེ་ནེ སྡུ་ལ་ཁོག་ཝས (Eugène Delacroix 1798-1863)བྲིས་པའི་རི་མོ་དེ་དག་ནི་འཆར་ཡན་རིང་ལུགས་ཀྱི་འབྲི་སྟངས་ཡིན་ཚུལ་གྱི་རྩོམ་ཡིག་བྲིས་ཏེ། ཨོ་ནོ་ཝས སྡུ བྷ་རྫ་ཁུ (Honoré de Balzac 1799-1850)ཡི་བརྩམས་ཆོས་ཕྱོགས་བསྒྲིགས‘‘འགྲོ་བ་མིའི་བཞད་གར’’ལ་དཔྱད་བརྗོད་ཀྱང་སྤེལ་ཡོད། རིམ་གྱིས་ཞག་ལི བྷོ་དྷི་ལེར་པེ་རེ་སིའི་རྩོམ་སྟེགས་སྟེང་ནས་སྐད་གྲགས་རྒྱས་འགོ་ཚུགས་པ་དང་། སྐད་གྲགས་རྒྱས་བྱེད་ནི་དུས་དེ་ཤེད་དུ་ཁོང་གི་དགག་སྒྲུབ་ཀྱི་རྩོམ་རིག་དཔྱད་བརྗོད་ཁག་ཡིན་པ་ལས་སྙན་ངག་ནི་མ་ཡིན་ནོ། །

གཞན་སྐབས་དེར་ཞག་ལི བྷོ་དྷི་ལེར་གཞང་ནུ སྡོས་བཱའམ  ( Jeanne Duval)ཡང་ན‘‘མཛེས་མ་ནག་པོ’’ཞེས་གྲགས་པའི་འཚོར་སྒེག་ལང་ཚོས་སྙེམས་པའི་གཞོན་ནུ་མ་ཞིག་ལ་ཐུག་ཡོད་པ་དང་། གཞོན་ནུ་མ་དེས་ཤ་དར་ཁྲག་དར་གྱི་ཞག་ལི བྷོ་དྷི་ལེར་ལ་བུད་མེད་ཀྱི་འཇོ་སྒེག་དང་ཡིད་འཕྲོག་གི་ནུས་པ་ཤེས་སུ་བཅུག་ཡོད་པར་གྲགས། ཁོང་གི་མི་ཚེའི་ནང་ཆེས་དགའ་བའི་བུད་མེད་དེ་ནི་མཛེས་མ་ནག་པོ་དེ་ཡིན་པར་བཤད་ཅིང་།  སྤྱི་ལོ་༡༩༤༥ལོར་ཁོང་གིས་རང་སྲོག་གཅོད་རྩིས་བྱེད་སྐབས་གཞུང་དཔང་བ་ལ་འཕྲིན་ཡིག་ཅིག་བྲིས་པ་དེའི་ནང་དུ་ཁོང་ཤི་རྗེས་ཀྱི་ཤུལ་ལུས་དངོས་པོ་རྣམས‘‘མཛེས་མ་ནག་པོར’’དབང་ཚུལ་སོགས་བྲིས་ཡོད་ལ། བུད་མེད་གཞོན་ནུ་མ་འདི་བརྗོད་བྱར་དྲངས་ཏེ‘‘སྐྲ’’དང ‘‘སྦྲུལ’’གྱི་ཁ་བྱང་འོག་སྙན་ངག་ཀྱང་བརྩམས་ཡོད་པ་རེད།

སྤྱི་ལོ་༡༨༤༣ལོར་ཁོང་གིས་ཤེས་ཡོན་ཅན་དང་རི་མོ་སྒྱུ་རྩལ་པ་ལིའུ་ཨས མེས་ན (Louis Ménard 1822-1901)ཞེས་པའི་གྲོགས་པོ་ཞིག་བརྒྱུད་དེ་ཉལ་ཐ་སྤྱོད་འགོ་ཚུགས་འདུག་ལ། ཉལ་ཐ་ཤུགས་དྲག་སྤྱད་དེ་ལུས་སེམས་གཉིས་ཀ་ཅི་ཙམ་སྦྲིད་མིན་ལ་ཚོད་ལྟ་བྱས་པར་མ་ཟད། ཉལ་ཐ་ཚོགས་པ (Club des Hashischins)ཞིག་ཏུ་འཛུལ་ནས་སྐབས་རེར་ཉིན་ཤས་དང་མཚམས་རེར་བདུན་ཕྲག་གཅིག་ལྷག་ལ་ཕྱི་ལོགས་སུ་མ་ཐོན་པར་ཆང་དང་། ཉལ་ཐ། གཞན་ཡང་སྨད་འཚོང་མ་སོགས་ལ་ཅི་འདོད་དུ་འཆེལ་ནས་ཉིན་མ་གང་འཁྱོལ་བྱས་ཏེ་སྙན་ངག་བྲིས་ཡོད་པ་རེད། འོན་ཀྱང་ཉིན་རེའི་གཏོང་སྒོ་ཆེ་བའི་འཚོ་བ་དང་ཁོང་གི་འཁོས་འབྱོར་གཉིས་མགོ་མ་མཉམ་པའི་དབང་གིས། སྤྱི་ལོ་༡༨༤༥ལོའི་ཟླ་༦པའི་ཚེས་༡༠ཉིན་ཞག་ལི་བྷོ་དྷི་ལེར་གྱིས་རང་གི་ལུས་སྟེང་ལ་གྲི་བསྣུན་ཏེ་རང་སྲོག་གཅོད་རྩིས་བྱས་འདུག

གང་ལྟར། ཞག་ལི བྷོ་དྷི་ལེར་གྱིས་རྒྱལ་ས་པེ་རེ་སའི་སྲང་བར་དང་། ཆང་ཁང་སོགས་སུ་ར་རོའི་སྐྱུར་འགོང་བཤད་པའི་བརྒྱུད་རིམ་ནང་།  སྤྱི་ལོ་༡༨༤༧ལོར་ཁོང་གིས་ཨ་རིའི་རྩོམ་པ་པོ་གྲགས་ཅན་ཨེ་དྒར ཨ་ལན པའོ (Edgar Allan Poe 1809-1849)ཞུ་བ་ངོ་ཤེས་ཏེ་སྐྱེས་བུ་དེའི་བརྩམས་ཆོས་ཁག་ལ་དོ་སྣང་བྱུང་ཡོད་པ་དང་། ཨེ་དྒར ཨ་ལན པའོ་ཡི་བསམ་བློའི་ལྟ་བ་དང་རི་མོའི་སྐོར་གྱི་འཆར་སྒོ་སོགས་ལ་ཡིད་དབང་གཡོས་འདུག ཞག་ལི བྷོ་དྷི་ལེར་གྱིས་ཁོང་གཉིས་ཀྱི་བསམ་བློའི་དགའ་ཕྱོགས་དང་མི་ཚེའི་བརྒྱུད་རིམ་གཉིས་ཀྱི་དབར་ན་ཕན་ཚུན་ཆ་འདྲ་བ(Semblable)ཞིག་ཡོད་པ་མཐོང་བས། ཁོང་གིས་ཨེ་དྒར ཨ་ལན པའོ་ཡིས་བྲིས་པའི་བསྟན་བཅོས་བཞི་ཧྥ་ཡིག་ཏུ་བསྒྱུར་ཡོད་ལ། རིམ་གྱིས་བརྩམས་ཆོས་དེ་དག་གི་མགོར་གླེང་བརྗོད་རེ་བྲིས་ཏེ་པར་སྐྲུན་བྱས་འདུག  ཁོང་གི་ཡིག་སྒྱུར་གྱི་ལས་ཀ་དེ་ཕལ་ཆེར་༡༨༥༥བར་རྒྱུན་འཁྱོངས་བྱས་ཡོད་པ་ལྟར་སྣང་མོད། ཁོང་གིས་ཨིན་ཇིའི་སྐད་དེ་སྲང་ལམ་དང་ཆང་ཁང་སོགས་སུ་རང་མོས་ཀྱིས་སྦྱངས་ཏེ་ཤེས་པ་ལས་སློབ་གྲྭ་འགྲིམ་པའི་བརྒྱུད་རིམ་ནང་སློབ་སྦྱོང་བྱས་པའི་ལོ་རྒྱུས་མ་མཐོང་། ཨེ་དྒར ཨ་ལན པའོ་ཡི་འཇིག་རྟེན་བྱ་དངོས་དབར་གྱི་འདྲེས་ཚོར་དང་། རང་སྣང་ཡུལ་ཅན་དང་ཕྱི་རོལ་ཕན་ཚུན་དབར་གྱི་བལྟོས་བྱུང་མཐིལ་རྟོགས་བཅས་ཀྱི་བསམ་པའི་བཀོད་ཤུགས་དེས། ཞག་ལི བྷོ་དྷི་ལེར་གྱིས་འཆར་ཡན་རིང་ལུགས་ཀྱི་རྩོམ་རྒྱུན་དེ་མཚོན་རྟགས་སྨྲ་བའི་རྩོམ་རྒྱུན་དུ་རིམ་སྒྱུར་བྱས་ཡོད་པས། ཁོང་གི་མི་ཚེའི་ནང་རྩོམ་རིག་སྒྱུ་རྩལ་གྱི་ཐད་ལ་བག་ཆགས་ཆེས་ཆེར་འཇོག་མཁན་གྱི་མི་ཞིག་བྱུང་བ་ནི་རྩོམ་པ་པོ་ཨེ་དྒར ཨ་ལན པའོ་ཡིན་པ་རེད།

དེ་ནས་སྤྱི་ལོ་༡༨༤༨ལོར་ཞག་ལི བྷོ་དྷི་ལེར་པེ་རེ་སིའི‘‘ཟླ་གཉིས་པའི་གསར་བརྗེའི་ལས་འགུལ’’ཁྲོད་དུ་ཞུགས་ཏེ། པེ་རེ་སིའི་བཟོ་པ་དང་མཉམ་དུ་དྲག་པོའི་འོས་ལངས་བྱས་ཏེ། ཁོང་གིས་རང་ཉིད་ཀྱི་དུས་ཚོད་ཡོད་ཚད་རེ་ཞིག་གསར་བརྗེའི་ཕྱོགས་སུ་བཏང་། གསར་བརྗེ་དེ་ནི་ཧྥ་རན་སིའི་སྐད་གྲགས་ཅན་གྱི་གསར་བརྗེ་ཐེངས་གསུམ་པ་དེ་ཡིན་ཞིང་། ཧྥ་རན་སིའི་རྒྱལ་པོ་ལིས་ཨེ ཧྥུ་ལེ་ཕུ་དང་པོའི (Louis -Philippe Ier 1786-1868)དབང་སྒྱུར་ལ་དྲག་རྒོལ་བྱས་པ་དེ་ཡིན། དེར་མ་ཟད་ཁོང་གིས་གྲོགས་པོ་ཤེས་ཡོན་པ་སྐོར་ཞིག་དང་མཉམ་དུ‘‘མི་མང་སྐྱོབ་ཐབས’’ (Le Salut Public)ཞེས་པའི་གསར་ཤོག་ཅིག་བཏོན་ནས་དེའི་སྟེང་དུ་གསར་བརྗེའི་རྩོམ་ཡིག་བྲིས་ཏེ། ཨ་རིའི་རྩོམ་པ་པོ་ཨེ་དྒར ཨ་ལན པའོ་ཡི་བརྩམས་ཆོས་ཀྱང་སྤེལ་ཅི་ཐུབ་བྱས། འོན་ཀྱང་ཐེངས་དེའི་གསར་བརྗེ་ལ་ཕམ་ཉེས་བྱུང་བ་དང་མཉམ་དུ། ཁོང་གིས་རྒྱལ་རྒྱུད་ལམ་ལུགས་ལ་བཅངས་པའི་འགོག་རྒོལ་གྱི་བསམ་བློའི་རླབས་དེ་འཇགས་ནའང་། སྔར་གྱི་རྩོམ་རིག་གསར་རྩོམ་ལ་གཞོལ་བའི་བསམ་བློ་དེ་མཁའ་ལ་འཕྱུར་འདུག

ཡང་གཅིག་བཤད་ན། སྤྱི་ལོ་༡༨༥༡ལོར་ཁོང་གིས་མཁྱེན་རབ་ཀྱི་ཀློང་བརྡོལ་བའི་ཧྥ་རན་སིའི་སྨྲ་བའི་དབང་ཕྱུག་བལ་ཁྲོལ ཨེས་གྷོ (Victor Hugo 1882-1885)དང་། སྐད་གྲགས་ཅན་གྱི་རྟོག་སྒྲུང་འབྲི་མཁན་རྒོ་སི་ཊ་བི ཧྥི་ལོ་སྦེལ (Gustave Flaubert 1821-1880)རྣམ་གཉིས་ཀྱིས་ཧྥ་རན་སིའི་རྒྱལ་པོ་ནཱ་པའོ་ལེ་ཨོང་གསུམ་པའི(Napoléon III)དབང་སྒྱུར་ལ་ཐེར་འདོན་གནང་བ་དེར་རྒྱབ་སྐྱོར་བྱས་ཡོད་པ་ལས་གཞན་སྲིད་དོན་དང་འབྲེལ་བའི་ལས་ཀར་ཞུགས་མེད་པར་མངོན། ཧྥ་རན་སིའི་རྩོམ་རིག་དཔྱད་བརྗོད་པ་ཚོས་གསུང་དོན། ཁོང་གི་སྲིད་དོན་གྱི་འཇོན་ཐང་དེ་ཧ་ཅང་ཆུང་ཆུང་ཞིག་ཡིན་ཟེར། ཅི་སྟེ་སྤྱི་ལོ་༡༩༥༡ལོ་ནས་༡༨༥༧ལོའི་བར་ཁོང་གིས་ཨེ་དྒར ཨ་ལན པའོ་ཡི་བརྩམས་ཆོས་སྐོར་ཞིག་ཡིག་སྒྱུར་དང་པར་སྐྲུན་གྱི་ལས་ཞོར་དུ། «མི་དགེ་མེ་ཏོག»གི་སྙན་རྩོམ་མང་པོ་ཞིག་བར་བརྒལ་གྱི་ལོ་དེ་དག་གི་ནང་བྲིས་པར་བཤད་ལ། ད་དུང་དཔྱད་རྩོམ་ཡང་བཅུ་གྲངས་ཤིག་བྲིས་ཏེ་འགྲེམས་སྤེལ་བྱས་ཡོད།

ཞག་ལི བྷོ་དྷི་ལེར་ནི་ཆང་དང་། རྩོམ་རིག ཉལ་ཐ། བུད་མེད་སོགས་ལ་སྤྲོ་བ་ཆེས་ཆེར་ཡོད་མཁན་ཞིག་ཡིན་ཞིང་། འདི་དག་ལ་བཅངས་པའི་མཛེས་རྟོག་གི་ལྟ་བ་དེ་ཁོང་གི་སྙན་ངག་ཁག་ལས་ཀྱང་མངོན་གྱི་ཡོད། སྤྱི་ལོ་༡༨༥༢ལོར་ཁོང་ཨ་པོ་ལོ་ཎི ཟ་སྦ་ཋོས (Appolonie Sabatier) ཞེས་པའི་གཞོན་ནུ་མ་མཛེས་མ་ཞིག་ལ་འབྲེལ་བ་བྱུང་བས། ཁོང་གིས་གཞོན་ནུ་མ་དེ་ལས་བྱུང་བའི‘‘འཆམ་མཐུན་གྱི་མཚན་མོ’’དང་། ‘‘སེམས་ཀྱི་ཐོ་རངས’’སོགས་ཀྱི་སྙན་ངག་བྲིས་ཡོད། གོང་དུ་ཞུ་རྒྱུ་བརྗེད་འདུག་མོད། སྤྱི་ལོ་༡༨༤༧ལོར་མ་ཝེ སྡོབ་སྦུ་ཝང (Marie Daubrun)ཟེར་བའི་གར་མཁན་མ་ཞིག་ལའང་ཁ་ཐུག་སྟེ། ‘‘དུག’’དང‘‘སྤྲིན་འཐིབས་པའི་ནམ་མཁའ’’ལྟ་བུའི་སྙན་ངག་ཀྱང་འབྲི་རྩོམ་བྱས་ཡོད་པ་རེད། འོན་ཀྱང་ཁོང་བུད་མེད་ཅིག་དང་མཉམ་དུ་གཉེན་སྒྲིག་བྱས་པའི་ལོ་རྒྱུས་མེད་ལ། ཁོང་གྲོངས་ཁར་འགྲམ་པར་འོ་བྱེད་མཁན་གྱི་བུད་མེད་གཅིག་བྱུང་བ་དེ་ཡང་ཁོང་སྐྱེས་མ་ཐག་ལྷད་མེད་བྱམས་བརྩེ་ཆེན་པོས་འོ་བྱེད་མཁན་གྱི་བརྩེ་བའི་ཨ་མ་དེ་ཡིན། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། ཁོང་གི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཡོད་ཚད་བུད་མེད་གཅིག་པུའི་སྟེང་ན་གཡོ་བཞིན་མེད། སེམས་ཀྱི་གཡོ་འགུལ་དེ«མི་དགེ་མེ་ཏོག»བཀླགས་ན་ཕྱོགས་ངོས་མང་པོ་ཞིག་གི་སྟེང་ནས་མཐོང་ཐུབ།

 

«མི་དགེ་མེ་ཏོག»

 

དེས་ན་འདིར«མི་དགེ་མེ་ཏོག»གི་སྐོར་རོབ་ཙམ་གླེང་རྒྱུར།  «མི་དགེ་མེ་ཏོག»ནི་ཞག་ལི བྷོ་དྷི་ལེར་གྱིས་སྤྱི་ལོ་༡༩༤༠ནས་སྤྱི་ལོ་༡༩༥༧ལོའི་བར་བྲིས་པའི་སྙན་ངག་བརྒྱ་ཏག་ཏག་གིས་གྲུབ་པའི་སྙན་དེབ་ཀྱི་མིང་ཡིན་ལ། སྤྱི་ལོ་༡༨༥༧ལོའི་ཟླ་༢པའི་ཚེས་༤ཉིན་ཨོ་ངྒོ་སི་ཏུ ཕུབ་ལེ མ་ལ་ཟིས་སི  (Auguste Poulet Malassis 1825-1878)ཞུ་བའི་རྩོམ་སྒྲིག་པ་ཞིག་གིས་པར་སྐྲུན་བྱས་ཏེ། དེབ་གྲངས་གཅིག་སྟོང་སུམ་བརྒྱ་དཔར་ཡོད། སྙན་དེབ་འདི་པར་དུ་བསྐྲུན་ནས་ཅང་མ་འགོར་བར། སྐབས་དེའི་རྩོམ་སྟེགས་ལ་གྲག་འགུལ་ཆེན་པོ་བཟོས་ཤིང་། ཤེས་ཡོན་ཅན་ཚོར«མི་དགེ་མེ་ཏོག»གི་ཐད་ལ་ལྟ་ཚུལ་མི་འདྲ་གཉིས་བྱུང་། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ནི་བལ་ཁྲོལ ཨེས་གྷོ་དང་། རྒོ་སི་ཊ་བི ཧྥི་ལེ་སྦེལ ལྟ་བུ། གསར་འགོད་པ་ཨེ་སྡོ་ཝུ ཊོས་ཝེས (Edouard Thierry)ལྟ་བུའི་མི་སྣ་རེ་ཟུང་ཙམ་ལས་བྱུང་མེད། ཧྥ་རན་སིའི་གསར་ཤོག་ཅིག་སྟེ་ཧྥེ་ངྒ་ཝོ (Figaro)ཞེས་པའི་རྩོམ་སྒྲིག་པས«མི་དགེ་མེ་ཏོག»ལ་ལྡོག་ཕྱོགས་ཀྱི་བསམ་ཚུལ་སྤེལ་ཏེ། སྙན་དེབ་དེ་ནི་སྨན་ཁང་ཞིག་ཡིན་པའི་དབང་དུ་བཏང་ན་དེའི་ནང་དུ་འབྱུང་བའི་སྙན་ངག་དེ་དག་ནི‘‘སྨྱོ་ནད’’ཅན་དང‘‘མི་གཙང་བ’’འི་རིགས་ཡིན་ཚུལ་སོགས་བསྙད་ཡོད། དེར་མ་ཟད་ལོ་དེའི་ཟླ་བདུན་པའི་ནང་ཞག་ལི་བྷོ་དྷི་ལེར་དང་ཁོང་གི་རྩོམ་སྒྲིག་པ་གཉིས་ལ་ཉེས་བགྲང་ཞུ་གཏུག་བརྒྱབ་སྟེ། ཁྲིམས་དཔོན་གྱིས«མི་དགེ་མེ་ཏོག»ནི‘‘མིའི་རིགས་ཀྱི་ཀུན་སྤྱོད་ལས་བརྒལ་བ’’དང་། ‘‘ཆོས་ལུགས་ཀྱི་ཀུན་སྤྱོད་ལས་བརྒལ་བའི’’ཉེས་མིང་འོག་ཧྥ་སྒོར་རྙིང་པ་ཧྥུ་ཝང་སུམ་བརྒྱའི་དངུལ་ཆད་བཅད་ཅིང་། སྙན་དེབ་ནང་གི་སྙན་ངག་དྲུག་བསུབ་དགོས་པའི་ཁྲིམས་ཆད་ཕོག སྙན་ངག་དེ་དག་ནི‘‘རྒྱན་ཆ’’དང་། ‘‘ཆུ་བོ་དྲན་རླག’’(གྷི་རི་སའི་གཏམ་རྒྱུད་དུ་གྲགས་པའི་དམྱལ་ཁམས་ཀྱི་ཆུ་བོ་ཞིག་ཡིན་སྐད) ‘‘སུ་ཞིག་སྤྲོ་སྣང་ཅན་ཡིན’’ ‘‘ལེ་ཟི་བྷོ’’ (Lesbos-གྷི་རི་སའི་ཡུལ་གྲུ་ཞིག) ‘‘སྐྱུག་ལོག་པའི་བུད་མེད’’ ‘‘གཟུགས་འགྱུར་བའི་རོ་ལངས’’བཅས་ཡིན། སྤྱིར་ན་སྙན་ངག་དྲུག་ལས་རེ་ཟུང་སྔར་རྩོམ་རིག་དུས་དེབ་དང་གསར་ཤོག་ཏུ་སྤེལ་ཡོད་མོད། འོན་ཀྱང་སྐབས་དེར་བག་ཡོད་དང་དངོས་ཡོད་ལས་བརྒལ་བའི་སྐྱུག་བྲོ་བའི་སྙན་ངག་འབའ་ཞིག་ཏུ་བརྩི་དགོས་བྱུང་བ་རེད། ཞག་ལི བྷོ་དྷི་ལེར་སྐུ་གྲོངས་ནས་ལོ་གྱ་གསུམ་གྱི་རྗེས་ཏེ། སྤྱི་ལོ་༡༩༤༩ལོའི་ཟླ་༥པའི་ཚེས་༣༡ཉིན་སྙན་ངག་མི་འདྲ་བ་དྲུག་དེ་གཞི་ནས་པར་སྐྲུན་བྱེད་ཆོག་པའི་ཆོག་མཆན་ཐོབ་ཡོད།

ཞག་ལི བྷོ་དྷི་ལེར་གྱིས«མི་དགེ་མེ་ཏོག»གི་ཆེད་དུ་ཐབས་ཤེས་རྩལ་སྤྲུགས་བྱས་ཏེ།  ཁོང་གིས་དངུལ་ཆད་དེའི་ཐད་ལ་ཧྥ་རན་སིའི་རྒྱལ་མོ་ཨུ་རྗུ་ནུའུ སྡུ མོང་ཌུའུ་རྗོ(Eugénie de Montijo 1823-1920)ལ་འཕྲིན་ཡིག་ཅིག་བྲིས་ཏེ་རོགས་རམ་ཡོང་ཆེད་འབོད་སྐུལ་ཞུས་པར། རྒྱལ་མོས་བར་འདུམ་གནང་སྟེ་ཧྥུ་ཝང་སུམ་བརྒྱའི་དངུལ་ཆད་དེ་ལྔ་བཅུ་ལ་བསྒྱུར་འདུག་མོད། སྐབས་དེར་ཧྥུ་ཝང་ལྔ་བཅུ་དེ་གྲངས་འབོར་ཉུང་ཉུང་ཞིག་མིན་པས། ཁོང་དཀའ་ཁག་ཆེན་པོ་ཞིག་ལ་ཕྲད་འདུག དགའ་འོས་པ་ཞིག་ལ། བར་སྐབས་དེར་ལོ་མང་རིང་འབྲེལ་ཐག་བཅད་པའི་མ་བུའི་འབྲེལ་བ་དེ་སླར་གསོ་བྱུང་ཡོད་ནའང་། ཁོང་གི་མི་ཚེའི་ནང་འཁོན་འཛིན་བྱ་ཡུལ་ཆེ་ཤོས་སུ་གྱུར་པའི་ཕ་ཡར་གཞའ་ཁུ ཨོ་ཕུས་ཁུ་འདས་གྲོངས་སུ་ཕྱིན་འདུག

སྤྱི་ལོ་༡༨༥༩ལོར་ཞག་ལི བྷོ་དྷི་ལེར་པེ་རེ་སིའི་རྩོམ་སྟེགས་ཀྱི་ཚ་ཚ་འུར་འུར་དེར་གཡོལ་ཆེད། ཁོང་ཨོང་ཧྥུ་ལོ(Honfleur)ཞེས་པའི་ཡུལ་དེར་ཕྱིན། དེ་རུ་ཁོང་གི་ཕྱག་ལས་གཙོ་བོ«སྒྱུ་མའི་དག་ཞིང»ཞེས་པའི་བསྟན་བཅོས་དེའི་ཐོག་ལ་བཏང་བ་དང་། ཞོར་དུ‘‘འགྲུལ་བཞུད’’ཅེས་པའི་སྙན་ངག་རེ་ཟུང་ཡང་བྲིས་ཡོད། སྤྱི་ལོ་༡༨༦༠ལོར་ཁོང་པེ་རེ་སིར་ཕྱིག་ལོག་སྟེ་རང་ཉིད་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས«ཤེས་འདོད་པའི་མྱོང་ཚོར»ཞེས་པ་དེ་པར་སྐྲུན་བྱེད་པར་ཐབས་ཤེས་བཏང་ནའང་། རྩོམ་སྒྲིག་པ་དག་གིས་དེབ་ལ་དཔག་པའི་ཞོ་དངུལ་ཕུལ་མེད་པས། ཁོང་གི་རེ་བ་དེ་འབྲས་མེད་དུ་གྱུར་འདུག འོན་ཀྱང་། ལོ་དེར་ཁོང་གིས་ཉལ་ཐ་དང་ཆང་རག་སྐོར་གྱི་ཉམས་མྱོང་ལས་འཕྲོས་པའི་དེབ་སྐད་གྲགས་ཅན«སྒྱུ་མའི་དག་ཞིང»ཞེས་པ་པར་སྐྲུན་བྱེད་ཐུབ་པ་བྱུང་ཡོད། སྤྱིར་ན་ཞག་ལི བྷོ་དྷི་ལེར་འཚོ་བཞུགས་ཀྱི་སྐབས་སུ་པར་སྐྲུན་བྱས་པའི་ཁོང་གི་བརྩམས་ཆོས་ནི«མི་དགེ་མེ་ཏོག»དང«སྒྱུ་མའི་དག་ཞིང»གཉིས་ཡིན་ནའང་། ད་ཕན་བདག་གིས་མཐོང་བ་ལྟར་ན། ཁོང་གིས་བརྩམས་པ་དང་བསྒྱུར་པའི་གསུང་འབུམ་ཁྱོན་བསྡོམས་པོད་བདུན་བཞུགས་སོ། ། ཡང་། དཔེ་སྐྲུན་ཁང་ཞིག་གིས་ཞག་ལི བྷོ་དྷི་ལེར་གྱི་བརྩམས་ཆོས་ཡོད་ཚད་པོད་གཉིས་བྱས་པའང་འདུག  གང་ལྟར། ཧྥ་རན་སིར་གྲགས་ཆེ་བའི་ཁོང་གི་བརྩམས་ཆོས་ནི«མི་དགེ་མེ་ཏོག»དང་ལྷུག་རྩོམ་ལྔ་བཅུ་ལྷག་གིས་གྲུབ་པའི་དེབ«པེ་རེ་སིའི་རྣམ་པ»འམ་ཡང་ན«ལྷུག་རྩོམ་སྙན་ངག»ཅེས་པ་དེ་གཉིས་ཡིན།

ཞག་ལི བྷོ་དྷི་ལེར་གྱིས་བརྩམས་པའི་ལྷུག་རྩོམ་ཁག་ཀྱང་ཧྥ་རན་སིའི་སྔར་སྲོལ་ལྷུག་རྩོམ་ཁག་དང་མི་འདྲ་བར་ཚིག་རྒྱན་གྱིས་བཅིངས་ཡོད་པ་དང་། བརྗོད་བྱ་དང་རྩོམ་ཉམས་གསར་པ་ཡིན་སྟབས།  ཁོང་གིས་ཧྥ་རན་སིའི་ལྷུག་རྩོམ་ལ་འགྱུར་བ་ཆེན་པོ་ཞིག་བཏང་བ་རེད། དེ་བཞིན་དུ་ཁོང་གི་རྩོམ་རྒྱུན་རྗེས་སྐྱོང་ལྟ་བུའི་སྙན་ངག་པ་ཨར་ཁྲོལ ཝན་བྷོས (Arthur Rimboud 1854-1891)བརྩམས་པའི་ལྷུག་རྩོམ་སྙན་ངག་ཕྱོགས་བསྒྲིགས་ཀྱི་དེབ«འོད་སྣང»ཞེས་པ་པར་དུ་བསྐྲུན་པ་ལ་བརྟེན་ནས། ལྷུག་རྩོམ་སྙན་ངག་ལ་ཐོད་བརྒལ་གསར་པ་ཞིག་བྱུང་བས། སྐབས་དེ་ཤེད་དུ་རང་མོས་སྙན་ངག་དང་ལྷུག་རྩོམ་སྙན་ངག་གཉིས་ཀྱི་ཁྱད་པར་རམ་ཡང་ན་ས་མཚམས་ཀྱི་སྐོར་ལ་སྙན་ངག་པའི་སྡེ་ལ་བསམ་ཚུལ་མང་ཙམ་བྱུང་བར་གྲགས། དེས་ན་བརྗོད་གཞི་འདི་ལས་འཕྲོས་ཏེ་བསམ་ཚུལ་ཐུང་ཙམ་ཞིག་ཞུས་ན། ཡོངས་གྲགས་སུ་ང་ཚོའི་ཁ་ལ་འབྱམས་ཡོད་པ་ནི། རང་མོས་སྙན་ངག་གསར་བཏོད་པ་ནི་ཨ་རིའི་སྙན་ངག་པ་བལ་ཁྲི བེས་ཁྲི་མན (Walt Whitman1819-1892)ཞུ་བ་ཡིན་པ་དང་། ཁོང་གིས«རྩྭ་ལོ» (Leaves of grass)ཞེས་པའི་དེབ་པར་སྐྲུན་བྱས་ཏེ། སྙན་ངག་གསར་པའམ་རང་མོས་སྙན་ངག་གི་རྩོམ་སྲོལ་གསར་དུ་བཏོད་པ་རེད་ཅེས་པ་དེ་རེད། གནས་ཚུལ་འདི་བོད་དུ་འཁྱེར་ཡོང་མཁན་སུ་ཡིན་མི་ཤེས་ཏེ། འདི་ནི་གནས་ཚུལ་ཆ་ཚང་བ་ཞིག་མིན། རྒྱུ་མཚན་ནི་འདི་ལྟར། བལ་ཁྲི བེས་ཁྲི་མན་གྱི་སྔོན་ལ་ཨ་རིར་ཚིག་རྐང་དོ་མི་མཉམ་པའི་སྙན་ངག་མེད་པ་འདྲ་ནའང་། མི་ལོ་ཉིས་སྟོང་ལྷག་གི་སྔོན་ལ་བྱོན་པའི་གྷི་རིག་སིའི་སྙན་ངག་པ་དང་། རོ་མན་གྱི་སྙན་ངག་པ་རྣམས་ཀྱིས་བྲིས་པའི་བརྩམས་ཆོས་ཁག་ཏུ་ཚིག་རྐང་དོ་མི་མཉམ་པའི་སྙན་ངག་ཡོད་པར་མ་ཟད། «དམ་པའི་གསུང་རབ»ཀྱི་ལེའུ་ཞིག་སྟེ‘‘གླུ་ཡི་གླུ’’ནི་སྙན་ཚིག་གིས་བརྒྱན་པའི་ཚིག་རྐང་དོ་མཉམ་པ་ཡིན་པ་རེད། དེ་བཞིན་དུ་ཧྥ་རན་སིར་མཚོན་ནའང་། དུས་རབས་བཅུ་དྲུག་པའི་ནང་བྱོན་པའི་བྷ་ལེ་སི སྡུ བག་རྫི་ནེར (Blaise de Vigenère 1523-1596)གྱིས་ཚིག་རྐང་དོ་མི་མཉམ་པའ་སྙན་ངག་བྲིས་ཡོད་ཅིང་། དེའི་རྗེས་སུ་བྱོན་པའི་གཞང སྡུ་ལ ཧྥང་ཏན་ནཱི(Jean de la Fontaine 1621-1695)དང་། སྐད་གྲགས་ཅན་གྱི་འཁྲབ་གཞུང་རྩོམ་པ་པོ་མའོ་ལེར(Molière 1622-1673)སོགས་ཀྱི་བརྩམས་ཆོས་ཁག་ཏུའང་ཚིག་རྐང་དོ་མི་མཉམ་པའི་སྙན་ངག་མཐོང་རྒྱུ་འདུག་ལ།  ལྷག་པར་དུ་དུས་རབས་བཅུ་དགུ་པའི་ནང་བལ་ཁྲོལ ཨེས་གྷོ་དང་། ཞག་ལི བྷོ་དྷི་ལེར། ཨར་ཁྲོལ ཝན་བྷོས། ད་དུང་ཕུ་ཝོ་སི་པེ མེས་ཝེ་མེ (Prosper Mérimée 1803-1870)སོགས་ཀྱིས་ཚིག་རྐང་དོ་མི་མཉམ་པའི་སྙན་ངག་ཤུགས་ཆེར་སྤྱད་ཡོད། འོན་ཀྱང་། ཧྥ་རན་སིའི་རང་མོས་སྙན་ངག་ཕྱོགས་བསྒྲིགས་ཀྱི་དེབ་ཐོག་མ་ནི་སྙན་ངག་པ་གྷོལ་སི་ད་བུ ཁེན (Gustave Kahn1859-1936)གྱིས་བརྩམས་པའི‘‘འབྲོག་པའི་ཕོ་བྲང’’ཞེས་པ་དེ་རེད། ཡང་། ཨིན་ཇི་རྒྱལ་ཁབ་ལ་མཚོན་ནའང་མཚན་ཉིད་སྨྲ་བ་འཇོན བེ་ཁུ་ལེ་ཧྥུས (John Wycliffe1320-1384)‘‘དམ་པའི་གསུང་རབ’’ཏུ་བཞུགས་པའི་ཆོས་གླུ་མང་པོ་ཞིག་ཨིན་ཡིག་ཏུ་བསྒྱུར་བར་བརྟེན་ནས་ཚིག་རྐང་དོ་མི་མཉམ་པའི་སྙན་ངག་བྱུང་བར་གྲགས། ང་ཚོས་རང་སྙན་ངག་གི་ཡབ་ཆེན་དུ་འབོད་པའི་བལ་ཁྲི བེས་ཁྲི་མན་གྱིས་ཀྱང་སྙན་ངག་ཕལ་མོ་ཆེ་ནི«དམ་པའི་གསུང་རབ»ཏུ་བཞུགས་པའི་ཆོས་གླུ་ལྟར་བྲིས་འདུག་ཅེས་རྗོད་མཁན་ཀྱང་ཡོད་པ་རེད།

སྤྱིར་བཏང་བཤད་ན། ཚིག་རྐང་དོ་མི་མཉམ་པ་བྲིས་པ་ཙམ་གྱིས་རང་མོས་སྙན་ངག་ཏུ་ག་ལ་འགྱུར་མོད། བལ་ཁྲི བེས་ཁྲི་མན་གྱིས«དམ་པའི་གསུང་རབ»ཏུ་གསལ་བའི་ཚིག་རྐང་དོ་མཉམ་པ་དག་ལས་ལེགས་ཆ་བླངས་ཏེ་ནུབ་ཕྱོགས་ཀྱི་སྲོལ་རྒྱུན་སྙན་ངག་ཕལ་མོ་ཆེར་ཡོད་པའི་ཚིག་གི་ཆ་ཡ་སྤེལ་སྟངས་དང་། དབྱངས་ཀྱི་འགྱུར་ཁུགས། ཚིག་གི་གཅོད་མཚམས། སྒྲ་གདངས་གཅིག་རྐྱང་གིས་ཚིག་རྐང་སྒྲིག་སྟངས་སོགས་ཀྱི་རྣམ་གཞག་གཏོར་ནས་བྲིས་པའམ་ཡང་ན་རྣམ་གཞག་དེ་དག་ལས་གྲོལ་བའི་སྙན་ངག་བརྩམས་པའི་ཆ་ནས་ཕྱིས་སུ་རྩོམ་སྟངས་འདི་ལ‘‘གྲོལ་བའི་ཚིགས་བཅད’’ཅེས་བོས་འདུག དེས་ན་ང་ཚོས་འབོད་པའི་རང་མོས་སྙན་ངག་འདིའི་མཚན་ཉིད་ནི་ནུབ་ཕྱོགས་ཀྱི་སྲོལ་རྒྱུན་སྙན་ངག་ཕལ་མོ་ཆེ་ལྟར་ཚིག་གི་ཆ་ཡ་སྤེལ་སྟངས་དང་། དབྱངས་ཀྱི་འགྱུར་ཁུགས། ཚིག་གི་གཅོད་མཚམས། སྒྲ་གདངས་གཅིག་རྐྱང་གིས་ཚིག་རྐང་སྒྲིག་སྟངས་སོགས་ཀྱིས་བཅིངས་པ་མེད་པར་ཚིག་གིས་རྒྱན་སྣ་ཚོགས་སྟོན་པ་ཞིག་ལ་ངོས་འཛིན་བྱེད་དགོས་པ་ལྟ་བུ་ཡིན་མོད། མཚན་ཉིད་འདི་ནི་བོད་ལ་འཕྲོད་མིན་མི་ཤེས་ལ། ཞག་ལི བྷོ་དྷི་ལེར་གྱི«མི་དགེ་མེ་ཏོག»ཏུ་གསལ་བའི་ཚིག་རྐང་དོ་མི་མཉམ་པའི་རང་མོས་སྙན་ངག་དག་ལའང་གོང་གི་རང་མོས་སྙན་ངག་གི་མཚན་ཉིད་ཚང་མིན་བཤད་དཀའ་སེ་འདུག་མོད། ཧྥ་རན་སིའི་ཀློག་པ་པོ་དག་གིས་རང་མོས་སྙན་ངག་དེ་དག་རང་མོས་སྙན་ངག་ཏུ་ངོས་འཛིན་བྱེད་པ་ལས་རྩོམ་སྟངས་གཞན་པ་ཞིག་ལ་ངོས་འཛིན་མི་བྱེད་དོ། །

གང་ལྟར། ད་ནི་མུ་མཐུད་དུ་བརྗོད་གཞི་དངོས་ལ་ཞུགས་ན།  སྤྱི་ལོ་༡༨༦༠ལོར་ཞག་ལི བྷོ་དྷི་ལེར་གྱི་བརྩམས་ཆོས«སྒྱུ་མའི་དག་ཞིང»པར་སྐྲུན་བྱས་རྗེས། བརྩམས་ཆོས་སྐོར་ཞིག་ཀྱང་དུས་དེབ་དང་གསར་ཤོག་ཏུ་སྤེལ་ཐུབ་པ་བྱུང་མོད། གཞུང་གི་བུན་བདག་གིས་དངུལ་ཆད་ལྔ་བཅུ་དང་དེ་མིན་གྱི་བུ་ལོན་གཞན་དག་རྩིས་སྤྲོད་གནང་དགོས་པའི་བཀའ་བསྟུད་མར་བབས་སྟབས། ཁོང་གིས་འཕྲལ་དུ་བུ་ལོན་དེ་དག་འཇལ་མ་ཐུབ་པར་བརྟེན་ནས་མི་འདོད་བཞིན་དུ་རང་སྲོག་གཅོད་རྩིས་བྱས་པའི་གནས་ཚུལ་ཐེངས་གཉིས་པ་དེ་བྱུང་འདུག

སྤྱི་ལོ་༡༩༦༡ལོར་ཞག་ལི བྷོ་དྷི་ལེར་གྱིས་སྔར་གྱི་མི་དགེ་བའི་སྙན་ངག་དྲུག་བསུབ་སྟེ་སྙན་ངག་གསར་པ་སོ་གཉིས་ཁར་བསྣན་ནས་ཁྱོན་བསྡོམས་སྙན་ཚིག་ཁག་བརྒྱ་དང་ཉི་ཤུ་རྩ་དྲུག་གིས་གྲུབ་པའི«མི་དགེ་མེ་ཏོག»ཡང་སྐྱར་པར་སྐྲུན་བྱས་ཏེ། བསྐྱར་དཔར་དེའི་གླེང་གཞི་ལྟ་བུར་ཚིགས་བཅད་བཅུ་ཡིས་གྲུབ་པའི<<ཀློག་པ་པོར་ཕུལ་བ>>ཞེས་པའི་སྙན་ཚིག་ཅིག་སྤེལ་ཡོད་པ་དེའི་ཚིགས་བཅད་དང་པོ་དེ་བསྒྱུར་ཏེ་དྲངས་ན། ‘‘རྨོངས་པ་དང་ནི་ནོར་འཁྲུལ་དང་ནི་ཉེས་དམིགས་དང་ནི་སེར་སྣ་ཡིས། ། ང་ཚོའི་རྣམ་ཤེས་བདག་གིར་བཟུང་ཞིང་ལུས་ལ་མནར་གཅོད་གཏོང་བར་བྱེད། །ངེད་ཅག་རྣམས་ཀྱིས་རང་ཉིད་དགའ་བའི་འགྱོད་གདུང་གིས་ནི་ཚིམ་བྱེད་པ། ། སྤྲང་པོ་དག་གིས་རང་གི་ལུས་ཀྱི་འབུ་སྲིན་ཟ་བ་དབྱེར་མ་མཆིས། ། ་་་ ་་་’’ ཞེས་པ་ལྟར་རོ། ། སྙན་ངག་ཕྱོགས་བསྒྲིགས་ཆ་ཚང་དེ་ས་བཅད་དྲུག་ཏུ་བྱས་ཡོད་པ་དང་། སྤྱི་ལོ་༡༩༦༤ལོར་བྷེལ་རྗམ་དུ་པར་སྐྲུན་བྱས་པའི«མི་དགེ་མེ་ཏོག»ཏུ་སྔར་དངུལ་ཆད་ཕོག་པའི་སྙན་ངག་དྲུག་དང་སྙན་ངག་གསར་པ་བཅུ་དྲུག་བསྣན་འདུག བདག་གི་ལག་ཏུ་ཡོད་པའི«མི་དགེ་མེ་ཏོག»གི་པར་གཞི་འདི་ནི་སྤྱི་ལོ་༢༠༠༣ལོར་པར་སྐྲུན་བྱས་པ་ཞིག་རེད་ལ། པར་གཞི་འདིའི་ནང་དུ་སྔར་གྱི་མི་དགེ་བའི་སྙན་ངག་དྲུག་མཐོང་རྒྱུ་ཡོད་པར་མ་ཟད། རྩོམ་སྒྲིག་པའི་གསལ་བཤད་ཅིག་ཀྱང་ལྷན་ཐབས་སུ་སྤེལ་འདུག

མཚམས་འདི་ནས་བདག་གིས«མི་དགེ་མེ་ཏོག»གི་ཕྱོགས་ངོས་གཞན་པ་ཞིག་གླེང་འདོད་བྱུང་། སྙན་དེབ་འདི་ནི‘‘ཁེངས་དྲེག་དང་སེམས་སྡུག’’ ‘‘པེ་རེ་སིའི་རྣམ་པ།’’ ‘‘རྒུན་ཆང་།’’ ‘‘མི་དགེ་མེ་ཏོག’’ ‘‘གྱེན་ལངས།’’ ‘‘འཆི་བ’’སྟེ་ས་བཅད་དྲུག་གིས་གྲུབ་ཅིང་། ས་བཅད་དང་པོའི་ནང་སྙན་རྩོམ་གྱ་ལྔ་དང་། གཉིས་པའི་ནང་བཅུ་གཅིག གསུམ་པའི་ནང་ལྔ། བཞི་པའི་ནང་བཅུ་གཉིས། ལྔ་པའི་ནང་གསུམ། དྲུག་པའི་ནང་སྙན་ངག་དྲུག་མཆིས། གོང་དུ་གླེང་ཟིན་པ་ལྟར། སྤྱི་ལོ་༡༩༦༦ལོར་བྷེལ་རྗམ་དུ་པར་སྐྲུན་བྱས་པའི་པར་མ་དེའི་ནང་ས་བཅད་ཅིག་བསྣན་ཡོད་པ་དེའི་མིང་ལ‘‘རྩ་གཏོར’’ཞེས་བཏགས་ཡོད་ལ། ༡༨༦༨ལོའི་པར་མ་དེའི་ནང་དུའང་སྔར་སྤེལ་མ་མྱོང་བའི་སྙན་ངག་བཅུ་གཉིས་གསར་དུ་བསྣན་འདུག «མི་དགེ་མེ་ཏོག»ཏུ་སྡེབ་སྦྱོར་ངེས་ཅན་གྱི་ཚིག་འབྲུ་བརྒྱད་ནས་བཅུ་བར་ཡོད་པའི་ཚིག་རྐང་བཅུ་བཞི་ཅན་གྱི་སྙན་རྩོམ་བདུན་ཅུ་དོན་གཉིས་ཡོད། ཚིགས་བཅད་རྐང་བཞིའམ་ཡང་ན་རྐང་གསུམ་གྱིས་གྲུབ་པ་གཅིག རང་མོས་སྙན་ངག་དགུ་བཅུ་ཡོད། རྩོམ་ལུས་ཀྱི་ཆ་ནས་བཤད་ན། ཧྥ་རན་སིའི་ཚིགས་བཅད་རྩོམ་ལུགས་ལྟར་བྱས་པའི་སྙན་ངག་བརྒྱ་དང་བཅུ། ཚིག་རྐང་བརྒྱད་ལྡན་གྱི་ཚིགས་བཅད་སོ་གསུམ། རྐང་པ་བཅུ་ལྡན་གྱི་ཚིགས་བཅད་བཞི། རྐང་པ་བདུན་ལྡན་གྱི་ཚིགས་སུ་བཅད་པ་གཅིག དེ་ནས་འབྲི་སྟངས་འདི་དག་མཉམ་སྡེབ་ཀྱིས་བྲིས་པའི་སྙན་ངག་བཅོ་ལྔ་ཡོད། སྙན་ངག་འདི་དག་ནི་ཁེངས་དྲེག་དང་། འཁྲུག་སྦྱོར། ཟུངས་ཁྲག བགྲོད་ལམ། དུས་ཚིགས། ཉི་ནུབ། མཚན་མོ། ཟླ་བ། འཆི་བ། གཉིད། དམྱལ་ཁམས། བུད་མེད། བྱི་ལ། དུག་སྦྲུལ། འདྲེས་ཚོར། ཆོས་དད། ཕྱིར་དྲན། མེ་ལོང་། སྤོས་ཆུ། སྒྲ། རྒྱ་མཚོ། སྒེག་ཉམས། སྙན་ངག་པ། འཆར་སྣང་གསལ་འདོན།(L’empathie) སོགས་ཀྱི་བརྗོད་བྱ་ལས་འཕྲོས་ཏེ་བྲིས་ཡོད་ལ།  «མི་དགེ་མེ་ཏོག»གི་སྙན་ངག་ཕལ་མོ་ཆེ་ལ་སྒྲ་རྒྱན་ཤས་ཆེ། སྒྲ་རྒྱན་འདི་ནི་བོད་ཀྱི་སྒྲ་རྒྱན་ལྟ་བུ་མིན་པར་ཚིག་རྐང་རེ་རེའི་མཇུག་ཏུ་ཧྥ་རན་སིའི་དབྱངས་གསལ་གང་རུང་འབྱུང་བ་དེའོ། །

དེས་ན་ཞག་ལི བྷོ་དྷི་ལེར་ནི་དེང་རབས་རིང་ལུགས་ཀྱི་སྙན་ངག་པ་དང་མཚོན་རྟགས་རིང་ལུགས་ཀྱི་དབུ་འདྲེན་པ་རེད་ཅེས་བཤད་དགོས་དོན་ནི་འདི་ལྟར།  སྤྱིར་བཏང་དེང་རབས་རིང་ལུགས་ནི་མཐའ་དཔྱོད་དངོས་ཡོད་རིང་ལུགས་དང་བཟོ་ལས་གསར་བརྗེའི་རྗེས་སུ་བྱུང་བའི་ནུབ་ཕྱོགས་ཀྱི་རྩོམ་ཡིག་མཐའ་དག་ལ་ཟེར་ཞིང་། དེང་རབས་སྙན་ངག་ནི་མཚོན་རྟགས་དང་། གཟུགས་རྒྱན། ཡིད་བརྙན། སྐད་ཆ། གཟུགས་འགྱུར། ཡུལ་དུས་སོགས་ཀྱི་ངོས་ནས་ཀྱང་ངོས་འཛིན་བྱེད་ཆོག་པ་ཡིན་མོད། འོན་ཀྱང་ཞག་ལི བྷོ་དྷི་ལེར་གྱིས་ཧྥ་རན་སིའི་སྙན་ངག་ལ་གསར་བརྗེ་ཆེན་པོ་ཞིག་བྱས་ཡོད་པ་ནི། ཁོང་གིས་སྲོལ་རྒྱུན་གྱི་སྙན་ངག་གི་འབྲི་སྟངས་རྨང་གཞིར་བྱས་ཏེ་འབྲི་ལུགས་གསར་པའི་རྩོམ་ཉམས་ཤིག་གི་སྟེང་ནས་སྙན་ངག་བྲིས་ཡོད། དཔེར་ན། སྡེབ་སྦྱོར་ངེས་ཅན་གྱི་ཚིག་འབྲུ་བརྒྱད་ནས་བཅུ་བར་ཡོད་པའི་ཚིག་རྐང་བཅུ་བཞི་ཅན་གྱི་སྙན་ངག་འབྲི་སྟངས་དེ་རྣམ་པ་གཞན་ཞིག་ཏུ་བསྒྱུར་པ་དང་། ཚིགས་བཅད་ཤོ་ལོ་ཀ་གྲངས་ཀྱིས་ངེས་གཏན་མེད་པར་བཟོས་པ། ཧྥ་རན་སིའི་སྲོལ་རྒྱུན་གྱི་ལྷུག་རྩོམ་འབྲི་སྟངས་དེ་ཡང་རྩོམ་ཉམས་གསར་པ་ཞིག་ཏུ་བྱས་པ་སོགས་རེད། དེ་ནས་གསར་བརྗེ་གཞན་པ་དེ་ནི་ཁོང་གི་སྙན་ངག་ཁག་གི་བརྗོད་བྱ་ཡིན་པ་རེད། ཞག་ལི བྷོ་དྷི་ལེར་གྱི་སྔོན་ལ་ཧྥ་རན་སིའི་སྙན་ངག་གི་བརྗོད་བྱའི་ཁྱབ་ཁོངས་ཧ་ཅང་ཆུང་བར་བཤད་ལ། གོང་དུ་ཟུར་ཙམ་གླེང་བ་ལྟར། ཁོང་གིས་གྲོང་ཁྱེར་དང་། ཆགས་སྲེད། གསར་བརྗེ། དམྱལ་ཁམས། མཛའ་མོ། དུག་སྦྲུལ། འཆི་བ། མཚན་མོ། ཟུངས་ཁྲག་སོགས་བརྗོད་བྱའི་ནང་དུ་བསྒྲེས་ཏེ་སྔ་ན་མེད་པའི་བརྗོད་དོན་དང་། བསམ་བློ། སྒྱུ་རྩལ་རྩོམ་སྟངས་སོགས་གསར་དུ་བསྟན་པ་རེད།

དེང་རབས་རིང་ལུགས་ཀྱི་སྙན་ངག་ཐོན་སྔ་ཤོས་མཚོན་རྟགས་རིང་ལུགས་ཀྱི་སྐོར་བཤད་ནའང་། མཚོན་རྟགས་རིང་ལུགས་འདི་ནི་སྤྱི་མཚན་གྱི་ལྟ་བ་ཞིག་རང་མཚན་གྱི་གཟུགས་བརྙན་གྱི་ལམ་ནས་མཚོན་པར་བྱེད་ཅིང་། ཁོང་དུ་སྦེད་པའི་བསམ་བློ་དངོས་པོའི་ཚོར་བ་ཡོད་པའི་གཟུགས་བརྙན་གྱི་ལམ་ནས་མཚོན་པར་བྱེད་པ་ཞིག་ཡིན། དཔེར་ན། «མི་དགེ་མེ་ཏོག»ཏུ་གསལ་བའི་‘‘འདྲེས་ཚོར’’རམ‘‘མཚུངས་དཔེ’’ཞེས་པའི་སྙན་ངག་སྟེ‘‘རང་བྱུང་ཁམས་ནི་ཕོ་བྲང་ཞིག་སྟེ་དེ་ཡི་ཀ་བའི་ཚོགས་རྣམས་ཀྱིས། ། སྐབས་རེར་མགོ་བོ་རྨོངས་ཤིང་འཐོམ་པའི་ཚིག་འབྲུ་འགའ་རེ་སྒྲོག་པར་བྱེད། །སྐྱེས་བུ་དེ་ཉིད་མཚོན་རྟགས་ཅན་གྱི་ནགས་ཚལ་བརྒལ་བའི་དུས་ཀྱི་ཚེ། ། ནགས་ཚལ་གྱིས་ནི་ཁོང་ལ་རྒྱུས་མངའ་ལྡན་པའི་མིག་གིས་ཅེ་རེར་ལྟ། ། ་་་ ་་་ ’’ཞེས་པ་འདི་ལ་མཚོན་ན་ཞག་ལི བྷོ་དྷི་ལེར་གྱིས་རང་བྱུང་ཁམས་ནི་ཕོ་བྲང་ཞིག་ཡིན་པར་འདྲ་བ་དང་། མཚོན་བྱེད་དུ་གྱུར་པའི་ཀ་བའི་ཚོགས་ཀྱིས་སྐྱེས་བུ་ཞིག་ལ་ལྟ་ཞིབ་བྱེད་པ་དེ།  རྒྱུན་རིང་དུ་འབྱམས་པའི་བྲག་ཅ་རྒྱང་རིང་ནས་གྲག་འོང་བ་བཞིན། སྒྲ་དང་། ཁ་དོག རོ་བཅས་ཀྱིས་ཕན་ཚུན་ལ་འབོད་རེས་དང་ཕན་ཚུན་ལ་ཨ་ལན་འདེབས་རེས་བྱེད་ཀྱིན་པ་བྲིས་ཡོད། ད་དུང་དཔེ་མཚོན་གཞན་ཞིག་དྲངས་ན། ཁོང་གི‘‘སྟོན་ཁའི་གླུ’’ཞེས་པའི་སྙན་ངག་སྟེ‘‘ང་ཚོ་མུན་ནག་གྲང་ངར་ཁྲོད་དུ་ཡུན་ཙམ་རྗེས་སུ་ནུབ་པར་འགྱུར། །གསལ་བའི་མདངས་ལྡན་སྐད་ཅིག་ཉིད་ཀྱི་ང་ཚོའི་དབྱར་ཁ་ག་ལེར་ཕེབས། །བདག་གིས་སྒོ་རའི་རྡོ་གཅལ་ངོས་སུ་མེ་ཤིང་དུམ་བུའི་བྲག་ཅ་དེ། །ཕུང་པོ་འདོན་པའི་སྒྲ་དང་ལྷན་ཅིག་ཐུར་ལ་ལྷུང་བ་ཐོས་པར་གྱུར། ། ་་་ ་་་’’ཞེས་པ་འདི་ལ་མཚོན་ནའང་སྐབས་འདིར་སྟོན་ཁ་ནི་འཆི་བའི་མཚོན་རྟགས་ཡིན་ལ། ། མཚོན་རྟགས་ཞེས་པ་འདི་ནི་མེ་ལོང་མའི་ནང་དུ་འབྱུང་བའི་དཔེ་རྒྱན་དང་གཟུགས་རྒྱན་ལྟ་བུ་མ་ཡིན། «མི་དགེ་མེ་ཏོག»གི་སྙན་ངག་ཕལ་མོ་ཆེ་ནི་མཚོན་རྟགས་རིང་ལུགས་ཀྱི་སྙན་ངག་ཡིན་ལ། ཁོང་གིས“ཅི་ཞིག་སྙན་ངག་ཡིན་པ་དང་སྙན་ངག་གི་དམིགས་ཡུལ་ནི་ཅི་ཞིག་རེད་ཅེ་ན། དགེ་བ་དང་མཛེས་པ་གཉིས་སོ་སོར་དབྱེ་འབྱེད་ཀྱིས་མི་དགེ་བའི་ཁྲོད་ནས་མཛེས་པ་བཙལ་རྒྱུ་དེ་རེད”ཅེས་གསུངས་ཡོད་དོ། །

 

 སྐུ་ཚེའི་སྨད་ཀྱི་ལོ་རྒྱུས་མདོར་བསྡུས།       

 

ད་ནི་ཁོང་གི་སྐུ་ཚེའི་སྨད་ཀྱི་ལོ་རྒྱུས་གླེང་བར་བྱ་སྟེ། སྤྱི་ལོ་༡༨༦༢ལོར་ཞག་ལི བྷོ་དྷི་ལེར་ཧྥ་རན་སིའི་རྩོམ་རིག་གླིང(Academie Francaise)གི་ཁོངས་མིའི་ཁྲོད་དུ་བདམས་ནའང་། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་མ་བྱུང་བས་ཁོངས་མིའི་གྲས་ནས་ཕྱིར་བུད། དེའི་རྗེས་སུ་ཡང་སྐྱར་ཧྥ་རན་སིའི་རྩོམ་རིག་གླིང་གི་ཁོངས་མིར་བདམས་ཡོད་ནའང་འོས་ཤོག་ཐོབ་མེད་པས། ཁོང་གིས་རང་ཉིད་ཀྱི་དགའ་ཕྱོགས་དང་འབྲེལ་བའི་ཕྱག་ལས་ཤིག་རག་མི་འདུག ལྷག་པར་དུ་སྐབས་དེའི་པེ་རེ་སིའི་འབྱོར་འབྲིང་གྲལ་རིམ་ཚོས་ཁོང་ལ་ཟུར་ཟ་དང་། པེ་རེ་སིའི་རྩོམ་སྟེགས་སུ་ཁོང་གི་བརྩམས་ཆོས་མང་པོ་མ་བཀོད་པ། གཞན་ཡང་ཁོང་ལ་སྔར་ལས་བུ་ལོན་འཁོར་བ་སོགས་ལ་རྐྱེན་བྱས་ཏེ། ཁོང་གི་མིག་ལམ་དུ་ཆང་དང་། སྙན་ངག མཛེས་མའི་དགོད་སྒྲས་ཁེངས་པའི་རྒྱལ་ས་པེ་རེ་སི་ནི་ཆེས་མི་སྡུག་པ་ཞིག་ཏུ་གྱུར། དེར་བརྟེན་སྤྱི་ལོ་༡༨༦༤ལོར་ཁོང་བྷེལ་རྗམ་དུ་ཕྱིན་ཏེ། ཐོག་མར་རྩོམ་རིག་སྒྱུ་རྩལ་ལས་འཕྲོས་ཏེ་གཏམ་བཤད་སྤེལ་ནས་ཞོ་དངུལ་ཅུང་ཙམ་འཐོབ་པར་རྩོལ་བ་བྱས་ཡོད་ནའང་། བྷེལ་རྗམ་མི་དམངས་ཀྱིས་ཁོང་གི་རྣོ་དབལ་འབར་བའི་ཤེས་རབ་རྣོན་པོ་དེ་མ་མཐོང་བས། ཁོང་གི་མིག་ལམ་དུ་བྷེལ་རྗམ་ནི་པེ་རེ་སི་ལས་ཀྱང་སྡུག་པའི་ཚོར་བ་སྐྱེས་ཡོད་པ་དཔེར་ན། ཁོང་གིས་བྲིས་པའི“ཉམ་ཐག་པའི་བྷེལ་རྗམ”ཞེས་པའི་ལྷུག་རྩོམ་དེར་བལྟས་ན་ཤེས་ཐུབ། མདོར་ན་སྤྱི་ཚོགས་གསར་པ་དེས་ཁོང་ཁས་ལེན་མ་བྱས་པའམ་ཡང་ན་ཁོང་སྤྱི་ཚོགས་གསར་པ་དེར་གོམས་འདྲིས་མ་བྱུང་བ་སོགས་ལ་བརྟེན་ནས། ཁོང་གིས་ཉལ་ཐ་ཤུགས་ཆེན་པོར་སྤྱད་པ་དང་།  སྐབས་དེར་རང་ཉིད་ལ་ཕོ་མོའི་ལུས་འབྲེལ་ལས་འགོས་པའི་བསེ་མོག་ཀྱང་ཕོག་པ་ཡོད་པ་ཤེས།

ཁོང་བྷེལ་རྗམ་དུ་བཞུགས་རིང་། སྐབས་དེར་སྐྱབས་བཅོལ་དུ་ཕྱིན་པའི་གྲོགས་པོ་བལ་ཁྲོལ ཨེས་གྷོ་ལ་ཐེངས་ཁ་ཤས་ཐུག་ཏུ་ཕྱིན་འདུག མཁྱེན་རབ་ཀྱི་ཀློང་བརྡོལ་བའི་སྨྲ་བའི་དབང་ཕྱུག་བལ་ཁྲོལ ཨེས་གྷོ་ནི་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་ཁོང་གི་ཕྱག་ལས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ལ། ཞག་ལི བྷོ་དྷི་ལེར་ལ་ཆེད་དུ་བྲིས་པའི་སྙན་ངག་རེ་ཟུང་ཡང་ཁོང་གི་སྙན་དེབ་ཏུ་མཐོང་རྒྱུ་ཡོད། ད་དུང་བྷེལ་རྗམ་དུ་པར་སྐྲུན་བྱས་པའི«མི་དགེ་མེ་ཏོག»གི་པར་གཞིའི་ནང་གི་རི་མོ་འབྲི་མཁན་གྱི་སྒྱུ་རྩལ་བ་སྟེ་ཧྥེ་ལེ་སན ཝོ་པུ (Félicien Rops1833-1898)ཞུ་བའང་སྐབས་དེར་ཐུག་ཡོད་པའི་ལོ་རྒྱུས་མཐོང་བྱུང་།

ཕངས་པ་ཞིག་ལ། སྤྱི་ལོ་༡༨༦༦ལོར་ཞག་ལི བྷོ་དྷི་ལེར་བྷིར་ཟིལ་གྱི་ཆོས་ཁང ( l’église Saint-Loup)ཞིག་ཏུ་གནས་མཇལ་ཞུ་སྐབས། ལོ་གསུམ་གྱི་སྔོན་ལ་བྱུང་བའི་ཀླད་པའི་དབང་རྩའི་ནད་གཞི་དེར་རྐྱེན་བྱས་ཏེ་གློ་བུར་དུ་འགྱེལ་ཡོད་པ་དང་། དེ་ནས་བཟུང་ངག་མི་འཁྲོལ་བར་གྱུར། པེ་རེ་སིར་ཕྱིར་ལོག་སྟེ་སྨན་ཁང་ནས་སྨན་བཅོས་བྱས་ནའང་ཕན་འབྲས་མ་བྱུང་བས། སྤྱི་ལོ་༡༨༦༧ལོའི་ཟླ་༨པའི་ཚེས་༣༡ཉིན་གྱི་ཞོགས་པའི་དུས་ཚོད་བཅུ་གཅིག་སྟེང་སྐུ་གཤེགས་ཤིང་སྐབས་དེར་ཁོང་དགུང་ལོ་ཞེ་དྲུག་ཡིན། ཉིན་དེར་ཁོང་གི་ཉེ་འབྲེལ་དག་གིས་ཕུང་པོ་པེ་རེ་སིའི་དུར་ཁྲོད་ཟེ་མེ་ཁྲེལ དྷེའུ མོང་པ་ནཱ་སི (Cimetière du Montaparnasse)ཞེས་པར་སྐྱེལ་འདུག་ལ། ཁོང་གིས་མི་ཚེ་གང་བོར་ཞེ་འཁོན་བཟུང་མྱོང་བའི་ཕ་ཡར་གྱི་དུར་སྒམ་དང་མཉམ་དུ་དུར་འཇུག་བྱས་ཡོད། ལོ་བཞིའི་རྗེས་སུ་ཁོང་གི་མ་ཡུམ་ཀྱང་ཁོང་གཉིས་དང་ལྷན་དུ་དུར་སྒམ་དེའི་ནང་དུས་གཏན་དུ་གཉིད་ལོག་པར་ཡོང་ཡོད། ཞག་ལི བྷོ་དྷི་ལེར་སྐུ་གཤེགས་མ་གཤེགས་སྔོན་ལ་ཁོང་གིས་རང་གི་རྒྱུ་ནོར་སུ་ལ་དབང་མིན་གྱི་ཡིག་ཐོག་ཁ་ཆེམས་བཞག་མེད་སྟབས། གནས་སྐབས་སུ་ཁོང་གི་ཤུལ་ལུས་ནོར་སྐལ་དེ་ཚོ་རྒྱལ་གཞུང་གི་ངོས་ནས་རིན་སྤར་ཚོང་སྒྱུར་བྱ་དགོས་བྱུང་བ་དང་། རྗེས་སུ་རྩོམ་སྒྲིག་པ་མེ་ཞལ ལེ་བུས (Michel Lévy1821-1876) ཧྥུ་ཝང་༡༧༥༠སྤྲད་དེ་ཞག་ལི བྷོ་དྷི་ལེར་གྱི་བརྩམས་ཆོས་ཡོད་ཚད་ཀྱི་པར་སྐྲུན་བདག་དབང་ཉོས་འདུག

ཞག་ལི བྷོ་དྷི་ལེར་སྐུ་འཚོ་བཞུགས་ཀྱི་སྐབས་སུ། ཁོང་གིས་བརྩམས་པའི«མི་དགེ་མེ་ཏོག»ལ་བསྟོད་བསྔགས་གནང་མཁན་གྱི་མི་སྣ་རེ་ཟུང་བྱུང་བའི་ཁྲོད་ཀྱི་མི་སྣ་སྐད་གྲགས་ཆེ་ཤོས་ནི་བལ་ཁྲོལ ཨེས་གྷོ་ཡིན། ཁོང་གིས་འཕྲིན་ཡིག་གི་ལམ་ནས“«མི་དགེ་མེ་ཏོག»ནི་འོད་ཟེར་དང་བཀྲག་མདངས་ཀྱིས་འཚེར་བའི་སྐར་ཚོགས་དང་འདྲ་བས། གུས་པ་བདག་གིས་ནུས་ཤུགས་ཡོད་ཚད་རྩལ་དུ་བཏོན་ནས་ཁྱེད་ཀྱི་བསམ་བློའི་ནུས་སྟོབས་ལ་ཡི་རངས་ཞུ་བའི་འབོད་སྒྲ་སྒྲོག་རྒྱུ་ཡིན། ་ ་ ་ ’’ཞེས་བསྟོད་བསྔགས་གནང་ཡོད་ལ། ཧྥ་རན་སིའི་ཁྱད་དུ་འཕགས་པའི་སྙན་ངག་པ་སི་ཌེ་ཧྥ་ནེ མ་ལ་མེས (Stéphane Mallarmé 1842-1898)ཀྱིས་སྤྱི་ལོ་༡༨༩༥ལོར་སྙན་ངག་ཚིགས་རྐང་བཅུ་བཞི་མ་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་འདོན་སྤེལ་བྱས་ཏེ་ཞག་ལི བྷོ་དྷི་ལེར་ལ་རྗེས་དྲན་ཞུས་ཡོད། ཨར་ཁྲོལ ཝན་བྷོས“བྷོ་དྷི་ལེར་ནི་མངོན་ཤེས་ཅན་ཐོག་མ་དེ་ཡིན་ཞིང་། སྙན་ངག་པའི་རྒྱལ་པོ་དང་། ལྷ་དབང་ངོ་མ་དེ་རེད’’ཅེས་དང་། སྐད་གྲགས་ཅན་གྱི་རྟོག་སྒྲུང་བ་མག་ཟིལ ཕུ་ཝོ་ཟིས་ཀྱང (Marcel Proust1871-1922) “ཞག་ལི བྷོ་དྷི་ལེར་དང་ཨ་ཧྥུ་རེ་ཌུ སྡུ བུ་ཎེ (Alfred de Vigny1797-1863)གཉིས་ནི་དུས་རབས་བཅུ་དགུ་པའི་ཕུལ་དུ་བྱུང་བའི་སྙན་ངག་པ་རེད’’ཅེས་བསྟོད་བསྔགས་གནང་ཡོད། ད་དུང་ཨང་དྷུ་ཝེ བྷུ་ཝེ་ཊོང (André Breton 1896-1966)གིས“བྷོ་དྷི་ལེར་ནི“བག་ཉལ་མངོན་གྱུར་རིང་ལུགས་ཀྱི་མི་སྣ་ཐོག་མ་དེ་རེད’’ཅེས་དང་། པའོ བ་ལེ་ཝས (Paul Valéry 1871-1945)ཀྱིས་ཀྱང“བྷོ་དྷི་ལེར་ནི་སྙན་ངག་པ་དག་ལས་ཆེས་བླ་ན་མེད་པ་དེ་ཡིན’’ཚུལ་སོགས་བྲིས་ཏེ་བསྔགས་བརྗོད་གནང་ཡོད་པ་རེད།

མདོར་ན། ཞག་ལི བྷོ་དྷི་ལེར་གྱིས«མི་དགེ་མེ་ཏོག»གིས་ཧྥ་རན་སིའི་རྩོམ་རིག་ལོ་རྒྱུས་དང་ནུབ་ཕྱོགས་རྩོམ་རིག་ལོ་རྒྱུས་ཐད་ལ་ནུས་པ་ཆེན་པོ་ཐོན་ཡོད་ལ། ཁོང་ནི་དེང་རབས་རིང་ལུགས་ཀྱི་མཚོན་རྟགས་རིང་ལུགས་ཀྱི་སྙན་ངག་པ་ཐོག་མར་གྱུར་པ་རེད། ཁོང་སྐུ་གཤེགས་ནས་ལོ་བརྒྱ་དང་ལྔ་བཅུ་ལྷག་འགོར་ནའང་། ད་དུང་ཡང་ཤར་ནུབ་ཀྱི་ཀློག་པ་པོ་མང་པོས་ཁོང་གི་སྒྱུ་རྩལ་བརྩམས་ཆོས་ཁག་ལ་རོལ་མྱོང་བྱས་དང་བྱེད་བཞིན་ཡོད། རང་རེ་བོད་མི་ཚོར་མཚོན་ནས་བཤད་ནའང་། གཞེས་ནིང་ལོའི་བོད་ཀྱི་སྙན་ངག་པའི་མཚན་མོའི་སྐབས་སུ་སྙན་ངག་ལ་དགའ་བའི་བོད་མི་གྲོགས་པོ་སྐོར་ཞིག་ཞག་ལི བྷོ་དྷི་ལེར་གྱི་དུར་ས་ཡོད་སར་ཕྱིན་ཏེ། ཁོང་ལ་རྗེས་དྲན་གྱི་ཚུལ་དུ་སྙན་ངག་གྱེར་འདུག སྐབས་དེར་བདག་གིས་བོད་ཡིག་ཏུ་བསྒྱུར་པའི་ཁོང་གི་སྙན་ངག་ཅིག་ཀྱང་མ་ཡིག་དང་མཉམ་དུ་གྱེར་ཚུལ་ཐོས་པས་དགའ་བ་འཕེལ་ནའང་། བདག་ནི་ཧྥ་རན་སིར་སླེབས་ནས་ལོ་བཅུ་གྲངས་ལྷག་འགོར་སོང་མོད། ཁོང་གི་དུར་ཁྲོད་དུ་ལན་གཅིག་ཀྱང་འགྲོ་མ་ཐུབ། དོ་དགོང“དེང་རབས་རིང་ལུགས་དང་མཚོན་རྟགས་རིང་ལུགས་ཀྱི་དབུ་འདྲེན་པ་ཞག་ལི བྷོ་དྷི་ལེར’’ཞེས་པའི་རྩོམ་ཡིག་འདི་ཚར་རྗེས་ཕྱིར་འདང་ཞིག་རྒྱག་སྐབས། བདག་གིས་ཞག་ལི བྷོ་དྷི་ལེར་དངོས་སུ་མཐོང་བ་ལྟ་བུའི་ཚོར་བ་ཞིག་སྐྱེས་བྱུང་ལ། ཁྱེད་ལའང་ཚོར་སྣང་དེ་འདྲ་ཞིག་སྐྱེ་བའི་སྨོན་ལམ་དང་བཅས།

སྙན་བཟང་གཡུང་དྲུང་ཚེ་རིང་གིས་སྤྱི་ལོ་༢༠༡༨ལོའི་ཟླ་༦པའི་ཚེས་༣གྱི་ཧྥ་རན་སིའི་དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་༢༨སྟེང་མཇུག་རྫོགས་པར་བྱས་སོ། ། སྤྱི་ལོ་༢༠༡༨ལོའི་ཟླ་༦པའི་ཚེས་༢༧ཉིན་སྣོན་པ་ཅུང་ཙམ་བཏབ་བོ། ། འདིར་གསལ་བཤད་ཅིག་ཞུ་དགོས་ཡོད་པ་ནི། རྩོམ་ཡིག་འདི་ནི«སྨྱུག་སྡེ»དུས་དེབ་ཏུ་བཀོད་པའི་མ་རྩོམ་དེ་ལ་སྣོན་པ་ཅུང་ཙམ་བཏབ་པ་ཞིག་ཡིན་ལ། དུས་དེབ་དེའི་རྩོམ་སྒྲིག་པ་སྐུ་ཞབས་དོལ་སྨྱོན་ལགས་ཀྱི་བཀའ་འཁྲོལ་ཐོབ་པ་ལྟར་འདིར་བཙན་པོ་དྲ་བར་སྤེལ་ཡོད། དེ་ནས་རིང་ནས་འདྲིས་པའི་བདག་གི་མཆེད་གྲོགས་རྡོ་རྗེ་དབང་ཕྱུག་ལགས་དང་རྩོམ་པ་པོ་རེ་རྐང་གླིང་ལགས་གཉིས་ཀྱིས་དགོངས་འཆར་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན།