གཅིག

ཐོག་མར། རིག་ལྡན་རྒྱ་མཚོ་ལ་རྟེན་འབྲེལ་ཞུས་པ་ཡིན། དེ་ནས་ད་རེབ་ཀྱི་ཚོགས་འདུ་འདིར་འབྲེལ་ཐོགས་པའི་རྨ་ལྷོ་རྩོམ་པ་པོ་མཐུན་ཚོགས་དང་བཅས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན།

རིག་ལྡན་རྒྱ་མཚོའི་སྒྲུང་རིང་ཐོག་མབློས་བསླངས་དཀྱིལ་འཁོརཔར་དུ་བསྐྲུན་ནས་ཟླ་ངོ་ལྔ་ཙམ་ཕྱིན་ནའང་།2 གུས་པོའི་ལག་ཏུ་འབྱོར་དུས་ཉིན་ཤས་སྔོན་ཡིན། ལོ་མཇུག་ཏུ་ཁེལ་ཕྱིན་ཆ་ཚང་བཀླགས་མ་ཐུབ། ངས་བཀླགས་པ་ནི་སྤྱི་ལོ2016རང་གྲོལདེབ་གཟུགས་མར་བཀོད་པའི་ལེའུ་དང་པོ་དེ་ཡིན། འདིར་དངོས་གནས་དྲང་གནས་ཀྱིས་རྩོམ་པ་པོ་ཁོང་དང་ཐེངས་འདིའི་རྩ་འཛུགས་མི་སྣ་ཡོངས་ལ་དགོངས་དག་ཞུས་པ་ཡིན། བོང་བ་གསེར་གཟིགས་ཀྱི་བཀའ་དྲིན་བསྩལ་ཀྱང་མི་ཐེག་པའི་བྱ་བྱེད་འདིའི་རིགས་ནི་གཞན་ལྟ་ཅི། མི་རང་ཉིད་ལའང་འགན་མ་ཁུར་པའི་ཐ་ཤལ་གྱི་གྲས་སུ་བརྩིས་ཆོག་ཆོག་རེད། ཡིན་ནའང་། ཁོམ་གསེང་གི་དུས་ཚོད་ཨེན་ཙམ་སྤྱད་དེ་ལེའུ་དང་པོར་ཞིབ་ཀྱིས་བལྟས་པའི་གདེང་ཚོད་ཀྱིས། འདིར་བལ་བོའི་སེའུ་མ་ཟོས་ཀྱང་། །ཁ་དོག་ཉིད་ལས་བྲོ་བ་ཤེས། །ཞེས་པའི་དཔེ་བཞིན། གཙོ་བོ་ལེའུ་དང་པོར་བལྟས་པའི་ཉམས་མྱོང་དཔང་དུ་བཞག་སྟེ། རིགས་འདེད་དང་ཚོད་དཔག་ལྟ་བུའི་སྒོ་ནས་བློས་བསླངས་དཀྱིལ་འཁོར་དེའི་རྡུལ་ཚོན་ཕྱེ་མ་རེ་གཉིས་མིག་གི་དགའ་སྟོན་དུ་བཤམ་པར་སྤྲོའོ། །

བློས་བསླངས་དཀྱིལ་འཁོརའདི་ཆ་ཚང་བཀླགས་མ་ཚར་བའི་དབང་གིས་དེ་ཉིད་མ་ཕྱི་གཅིག་ཁོ་ནར་བྱས་ཏེ་ཁེར་ཚུགས་སུ་གླེང་ས་མི་འགྲོ་ཕྱིར། རྩོམ་པ་པོ་རིག་ལྡན་རྒྱ་མཚོ་ཁོང་གི་སྔོན་ཆད་ཀྱི་ལོ་རྒྱུས་དང་གསར་རྩོམ་གྱི་གནས་ཚུལ་རེ་ཟུང་ཕན་ཚུན་དཀྱུས་གཅིག་ཏུ་སྦྲགས་ཏེ། ཟུར་ངོས་དང་གྲ་གྲུ་གཞན་ཞིག་ནསབློས་བསླངས་དཀྱིལ་འཁོརལ་འཇུག་པའི་ཚོད་ལྟ་བྱ་རྒྱུ་ཡིན། དེའི་དུས་ཤིག་ལ། རིག་ལྡན་རྒྱ་མཚོ་ཁོང་གིསགནའ་གྲོངཞེས་པའི་སྒྲུང་གཏམ་འབྲིང་གྲས་ཤིག་བརྩམས་མྱོང་ཞིང་། སྒྲུང་གཏམ་དེར་ཁོ་བོསཕྱིར་ལོག་པཞེས་པའི་དཔྱད་པ་ཐུང་ངུ་ཞིག་ཀྱང་བྲིས་ཏེ་སྤེལ་པ་ཡིན། དཔྱད་པ་དེའི་ཁ་བྱང་ལ་ཕྱིར་ལོག་པ་ཟེར་བའི་རྒྱུ་མཚན་ལ་དོན་གྱི་རིམ་པ་གསུམ་མཆིས་ཏེ། དང་པོ་ཡིན་ན། རྩོམ་པ་པོ་རིག་ལྡན་རྒྱ་མཚོ་ཁོང་བོད་ཀྱི་རྩོམ་སྟེགས་སུ་ཕྱིར་ལོག་པར་གོ་བ་ཡིན། ཁོ་བོ་ཆུང་དུས་ཁོང་གིས་བརྩམས་པའི་ལོ་མ་དམར་པོ་ལྟ་བུ་བཀླགས་ཏེ་བག་ཆགས་ཟབ་མོ་ཐེབས་མོད། འོན་ཀྱང་རེ་ཞིག་གར་སོང་ཆ་མེད་དུ་གྱུར་ཅིང་། བོད་ཀྱི་རྩོམ་སྟེགས་ནས་ཁོང་གི་བརྩམས་ཆོས་མཐོང་དཀོན་པའི་ཚད་ལ་སླེབས་པ་རེད། གཉིས་པ་ཡིན་ན། རྩོམ་པ་པོ་རིག་ལྡན་རྒྱ་མཚོ་ཁོང་ཕྱིར་ཕ་ཡུལ་དུ་ལོག་པའི་གསར་རྩོམ་གྱི་རྣམ་འགྱུར་དེར་གོ་བ་ཡིན། རྒྱུ་མཚན་ནི་རྩོམ་པ་པོ་ཞིག་ལ་མཚོན་ན་སྒྱུ་ལུས་གཡར་པོ་འདི་གྲོང་ཁྱེར་གྱི་རྡོ་ཁང་གྲུ་བཞི་ཞིག་ཏུ་སྡོད་པའམ། ཡང་ན་གཞུང་ལས་ཁང་གི་རྒྱ་ཁྱོན་ཙམ་དུ་གཡེང་སྟེ་སྒྲུང་གཏམ་གསར་རྩོམ་གྱི་ལམ་བུར་འཇུག་རྒྱུ་ཟེར་ན། དེ་ནི་རང་ཉིད་ཀྱི་ལྟེ་ཁྲག་དང་པོ་འཕོས་ས་དང་། ཤ་ཁྲག་རྒྱུས་གསུམ་དུ་ཐིམ་ཞིང་བླ་སྲོག་གི་ངོ་བོར་གྲུབ་པའི་ཕ་ཡུལ་ངོ་མ་དེ་དང་ད་དུང་ཡུལ་དུས་སེམས་གསུམ་གྱིས་བསྐལ་པར་གྱུར་པས་ན། སྒྲུང་གཏམ་ལྗིད་ཆེ་བ་ཞིག་འཁྱོངས་མི་ཐུབ་པ་ཐག་གིས་ཆོད་པར་སྙམ། རིག་ལྡན་རྒྱ་མཚོ་ཁོང་ཉིད་ཕྱིར་རྩོམ་སྟེགས་སུ་ལོག་པ་དང་། ལོག་ནས་ཀྱང་ཕ་ཡུལ་གྱི་བརྗོད་བྱ་ཅི་རིགས་སྒྲུང་གཏམ་དུ་དྲངས་པ་འདི་ཁོ་བོར་མཚོན་ན་དངོས་གནས་དགའ་འོས་པ་ཞིག་རེད། གསུམ་པ་ཡིན་ན། རྩོམ་པ་པོ་རིག་ལྡན་རྒྱ་མཚོ་ཁོང་ཉིད་ལ་མཚོན་ན། གསར་རྩོམ་གྱི་རྣམ་འགྱུར་ཙམ་དུ་མ་ཟད། གསར་རྩོམ་གྱི་ལག་ལེན་ཐད་ནས་ཀྱང་རང་ཁྱད་ལྡན་པའི་ལམ་བུ་ཞིག་ཏུ་ཕྱིར་ལོག་པར་གོ་བ་ཡིན། དེར་ཇི་ལྟར་གོ་བ་ཡིན་ཟེར་ན། ཁོང་གི་སྒྲུང་གཏམ་ཕལ་མོ་ཆེར་མཚོན་ན། ཆབ་སྲིད་དང་ཆོས་ལུགས། ལྟ་བ་བཅས་ཀྱིས་དབང་མ་བསྒྱུར་པར་སྒྲུང་གཏམ་རང་སྟེང་གི་སྒྱུ་རྩལ་དང་མཛེས་པ་ལྷུར་ལེན་པ་ཞིག་ཏུ་སྣང་བ་རེད། དཔེར་ན། གནའ་གྲོངལྟ་བུར་ཆ་བཞག་ཚེ། དེ་ཉིད་རྗེས་ལུས་ཡིན་པའི་རྒྱུ་རྐྱེན་དེ་ཆོས་ལུགས་རྨོངས་དད་དང་མང་ཚོགས་གླེན་ནག་ཟེར་བ་སོགས་ལ་གཟས་མེད་པར། དེའི་ཤུགས་ཀྱི་སྤྱི་ཚོགས་སྒྲིག་གཞི་ཞིག་ལ་གཏད་ཡོད་པས་མཚོན་ཏེ། ཁོང་གི་གནའ་གྲོང་ཞེས་པ་སྔོན་ཆད་ཀྱི་སྒྲུང་གཏམ་སྐོར་ཞིག་ལས་ཁྱད་དུ་འཕགས་པའི་རྟགས་མཚན་གལ་ཆེན་ཞིག་ཀྱང་རེད། གཞན་ཡང་སྒྲུང་གཏམ་རང་སྟེང་གི་སྒྱུ་རྩལ་དང་མཛེས་པ་ལྷུར་ལེན་པ་ཞེས་པ་དེ། མཐར་གཏུགས་ན་སྒྲུང་གཏམ་གྱི་བློ་དང་རིག་པ་ཞིག་ལ་གོ་ཡང་ཆོག་སྟེ། དཔེར་ན། གྱང་ར་དཀར་པོ་དང་བརྡ་ཁྱབ་དམར་པོལྟ་བུའོ། །སྒྲུང་གཏམ་གྱི་བློ་དང་རིག་པ་ཡོད་པའི་རྐྱེན་གྱིས། བརྗོད་བྱ་གང་ཞིག་ས་བོན་དུ་རུང་མི་རུང་གི་བླང་དོར་གྱི་ནུས་པ་ཡོད་སོང་བ་རེད་ལ། གཞན་གྱིས་ཕལ་བའི་ཕལ་བ་ཞིག་ཏུ་བལྟས་པའང་རྩོམ་པ་པོ་ཁོང་ཉིད་ཀྱི་བློ་ཁོག་ཏུ་སྒྲུང་གཏམ་ཞིག་གི་ས་བོན་གལ་ཆེན་དུ་སྦྲུམ་པ་རེད། ཞིབ་པརགྱང་ར་དཀར་པོ་དང་བརྡ་ཁྱབ་དམར་པོཞེས་པའི་སྒྲུང་ཐུང་དེར་ལྟོས་དང་རྟོགས་པར་ངེས།

གོང་དག་གླེངས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། བློས་བསླངས་དཀྱིལ་འཁོར་ཞེས་པའི་ལེའུ་དང་པོར་བལྟས་རྗེས་སུ། ངས་ཕྱིར་ལོག་པ་ཞེས་པའི་གོ་དོན་དེར་ད་དུང་ཚན་པ་གཅིག་ཁ་སྣོན་བྱ་འདོད་དེ། རྩོམ་པ་པོ་རིག་ལྡན་རྒྱ་མཚོ་ཁོང་ཉིད་ཕྱིར་ཕ་ཡུལ་དུ་ལོག་པར་མ་ཟད། ཕ་ཡུལ་གྱི་སྒྲུང་དང་གཏམ་རྒྱུད་ཀྱི་བརྗོད་པའི་ཁོར་ཡུག་ཡངས་ཤིང་རྒྱ་ཆེ་བ་དེར་ལོག་པས་རེད།  གུས་པོས་སྤྱི་ལོ2016ལོའིརང་གྲོལདེབ་གཟུགས་མར་འཁོད་པའི་ལེའུ་དང་པོར་བལྟས་དུས། དེའི་མགོར་རྩོམ་པ་པོའི་མཚམས་སྦྱོར་མདོར་བསྡུས་དང་བཅས་པའི་ཚིག་ཟིན་དུ། སྒྲུང་གཏམ་འདི་གནའ་རབས་རྩོམ་རིག་གི་ཁྱད་ཆོས་ལྟར་བྲིས་འདུག་ཅེས་པ་དེ་མཐོང་བའི་མུར། ང་རང་ཉིད་ཀྱི་དྲན་ཚུལ་དེར་རྒྱབ་སྐྱོར་ཆེན་པོ་ཐོབ་པའི་དགའ་བ་རྙེད།

སྤྱིར་ན་ཕ་ཡུལ་དུ་ལོག་པའམ་ལྡོག་པའི་ཁྱུ་ཚོགས་ཤིག་ད་ལྟ་རིམ་གྱིས་ཆགས་དང་འཆག་བཞིན་པའི་སྒང་རེད། དེར་ཡང་ལྡོག་སྟངས་མི་འདྲ་ཁ་ཁ་དང་། མཐོང་ལུགས་མི་གཅིག་སྣ་ཚོགས་སུ་སྣང་བ་སྨོས་ཅི་དགོས། ཡིན་ནའང་།

རིག་ལྡན་རྒྱ་མཚོ་ཁོང་ཕ་ཡུལ་དུ་ལོག་པའམ་ལྡོག་པའི་ཚུལ་དེར་བཀུར་གཟོ་དང་གུས་འདུད་ཀྱི་རྣམ་པ་ཞིག་མཆིས་པ་ལས། ཕྱི་རོལ་པའི་མིག་ཟུང་གིས་ཕ་ཡུལ་ལ་བལྟ་བའི་ཀུན་སློང་ཟོག་པོ་དང་ལྟ་ཚུལ་ཡོན་པོ་དེའི་རིགས་ཡེ་ནས་མི་འདུག  དེ་ནི་གོང་སྨོས་གནའ་གྲོང་གི་སྐབས་སུ་བརྗོད་པ་བཞིན། གནའ་གྲོང་དེ་ཁ་ནང་རུབ་ཀྱི་སྤྱི་ཚོགས་ཤིག་ཡིན་པ་བདེན་ནའང་། རྣམ་པ་མཐའ་གཅིག་ཏུ་ཆོས་ལུགས་རྨོངས་དད་ཀྱིས་བརླགས་པ་ཞིག་མིན་པ་དང་། རྣམ་པ་མཐའ་གཅིག་ཏུ་མང་ཚོགས་གླེན་ནག་གིས་བཟོས་པ་ཞིག་ཀྱང་མ་ཡིན་པར། དེར་ད་དུང་ཡང་རེ་བ་དང་གསོན་ཤུགས་ཀྱིས་ཁེངས་པ་ཞིག་ངང་གིས་ཚོར་ཐུབ་པའི་སྣང་བ་སྟེར་ཐུབ་པས་མཚོན།

ཕ་ཡུལ་དུ་ལྡོག་པ་ནི་ང་ཚོའི་རྩོམ་རིག་གསར་རྩོམ་གྱི་ལམ་བུ་གལ་པོ་ཆེ་ཞིག་དང་ཁོད་ཡངས་པ་ཞིག་ཡིན་པར་ངེས། ཕ་ཡུལ་དུ་ད་གཟོད་བསྔོག་མི་ཚར་བའི་བརྗོད་བྱ་དང་འགྲེལ་མི་ནུས་པའི་བརྗོད་སྙིང་རྒྱ་ཆེན་པོ་ཡོད་པར་མ་ཟད། བརྗོད་བྱ་བརྗོད་སྙིང་དེའི་རིགས་བློ་གྲོས་ཀྱི་ཉིང་ཁུར་ལྟེམས་ལྟེམས་སུ་འཁྱིལ་བས་ན། རང་གཞན་ཀུན་གྱི་གསོས་སུ་བསྔོ་ཆོག་པ་བརྒྱ་ཆའི་བརྒྱ་རེད། ཐ་ན། ཕ་ཡུལ་དུ་རང་ཆས་སུ་གྲུབ་ཅིང་གོམས་འདྲིས་སུ་ཕྱིན་པའི་སྒྲུང་གཏམ་གྱི་བརྗོད་པ་དང་རྩོམ་སྲོལ་རྔམས་མཐུག་པོ་ཞིག་ཀྱང་སྔར་ནས་ཡོད།

ང་ཚོས་གཞན་གྱི་སྐྱུགས་རོ་བལྡགས་ནས་མི་བྲ་ན། ང་ཚོས་གཞན་ལ་སྤྲེལ་ལད་བྱས་ནས་མི་འཁྱོངས་ན། རྦད་དེ་བརྟུལ་ཞུགས་ཡ་མ་བརླ་དང་ཕུང་གསུམ་པའི་རིགས་དག་སྔ་མོ་ནས་སྤངས་ཏེ། རང་ཆས་སུ་གྲུབ་ཅིང་གོམས་འདྲིས་སུ་ཕྱིན་པའི་བོད་རང་གི་སྒྲུང་དང་གཏམ་རྒྱུད་ཀྱི་བརྗོད་པའི་ལམ་བུར་ཕྱིར་ལོག་ཚེ། དེས་བོད་ཀྱི་དེང་རབས་རྩོམ་རིག་ལ་ཁྲག་རྒྱུན་གསར་བ་ཞིག་འཁོལ་དུ་འཇུག་ཐུབ་པ་ཐག་གིས་ཆོད་ཅིང་། ལྷག་ཏུ་དེང་སང་གོ་ལ་རིལ་མོ་མི་སྡེ་གཅིག་ཏུ་འདྲིལ་བའི་གནས་སྐབས་འདིར། རང་ཉིད་ཀྱི་ཐོབ་ཐང་དང་རང་ཉིད་ཀྱི་བརྩི་མཐོང་བླ་རུ་བཀུར་ཞིང་ཉིན་མཚན་དབྱེར་མེད་དུ་དེའི་དོན་བརྩོན་ལེན་བྱེད་པའི་གནས་སྐབས་འདི་དང་འདི་ལྟ་བུར། ཁྱོད་རང་ཉིད་སུ་ཞིག་ཡིན་པ་དང་ཁྱོད་རང་ཉིད་ལ་ཅི་ཞིག་ཡོད་པ་འདི་གལ་ཆེན་པོར་ལྟ་དགོས་པ་རེད་ལ། ཤེས་བཞིན་གྱིས་འཇུག་དགོས་པའི་དགོངས་གཞི་ཟབ་མོ་ཞིག་ཅི་ལ་མིན་ནམ་སྙམ།

སྒྲུང་དང་གཏམ་རྒྱུད་ཀྱི་བརྗོད་པ་འདི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ཚུན་ནས་རྒུད་པའི་ལམ་དུ་ཞུགས་པ་ནི། གཅིག་ནས་གསར་དར་གྱི་རྩོམ་རིག་གཞུང་ལུགས་དང་གསར་རྩོམ་ལག་ལེན་གྱིས་ཟུར་དང་ལོགས་སུ་སྤྱུགས་པ་སྨོས་མེད་རེད་མོད། འོན་ཀྱང་རྩོམ་རིག་ཅེས་པ་འདིར་ལོ་ཡི་ཁོར་མོའི་ཆོས་ཉིད་ཅིག་ཡོད་པ་ནི། རྒྱའི་གཏམ་དཔེར་ལོ་བཅུར་ཆུ་བོ་ཤར་ནས་ཤར་དང་ལོ་བཅུར་ཆུ་བོ་ནུབ་ནས་ནུབ་ཏུ་ཞེས་པ་ལྟར། ང་ཚོ་སོང་སོང་བའི་མཐའ་མར་སླར་ཡང་ཐོག་མའི་གོམ་པ་སྤོ་ས་དེར་སླེབས་པའི་ཉིན་མོ་ཞིག་ཀྱང་ཡོད་སྲིད་པ་རེད། ཅེས་པ་ནི་སྔོན་འགྲོའི་གཏམ་དུ་འཕྲོས་པ་ཙམ་མོ། །

དེས་ན། བློས་བསླངས་དཀྱིལ་འཁོརའདིའི་ལེའུ་དང་པོར་བལྟས་པའི་ཉམས་མྱོང་གཞིར་བཞག་སྟེ། འདིར་རང་ཉིད་ཀྱི་བློ་སྔོན་དུ་སོང་བའམ་ཡང་ན་ཀློག་འདོད་ཀྱི་རེ་བ་གང་ཞིག་ལ་གཞིར་བཅོལ་བའི་སྒོ་ནས། གནད་དུ་ཁེལ་མ་ཁེལ་གྱི་སྐད་ཆ་རེ་གཉིས་ཤིག་བཤད་ན། བོད་ཀྱི་སྒྲུང་དང་གཏམ་རྒྱུད་ཀྱི་བརྗོད་པའི་ཁྱབ་ཁོངས་སུ་ཕྱིར་ལོག་པ་འདི་ནི་གུས་པར་མཚོན་ན་རྗེས་སུ་ཡི་རང་གི་དོན་དག་གལ་ཆེན་ཞིག་ཏུ་བརྩིས་ཡོད། ཡིན་ནའང་སྒྲུང་དང་གཏམ་རྒྱུད་ཀྱི་བརྗོད་པ་དང་རྗོད་སྟངས་དེར་ཡང་ཞན་ཆ་མེད་པར་ཕྱིར་ལྡོག་རྐྱང་ངམ་དང་ལེན་བྱེད་རྐྱང་ཞིག་ཡེ་ནས་མ་རེད། དེར་རིག་ལྡན་རྒྱ་མཚོ་ཁོང་ཉིད་ནས་ཚོགས་ཐོག་ཏུ་བསྒྲགས་དོན། རང་ཉིད་གོམས་པའི་རྩོམ་གཤིས་དོར་ནས་བོད་མི་རིགས་ཀྱི་གནའ་རབས་རྩོམ་རིག་གི་རྩོམ་གཤིས་ལ་བསྟུན་ཅི་ཐུབ་ཀྱང་བྱས་ཡོད། འདི་ནི་བདག་གིས་བློས་གཏོང་ཚད་མེད་ཅིག་བྱས་པ་ཡིན། རྒྱུ་མཚན་ནི་གནའ་བོའི་རྩོམ་གཤིས་ལ་བསྟུན་ཆེ་ཚེ། རང་ངོས་ཀྱི་རང་རྐྱ་འཕེར་བའི་རྩོམ་གཤིས་ཡལ་བར་འདོར་དགོས་བྱུང་བ་དེ་ཡིན།3 ཞེས་པ་ལྟར། གུས་པས་དེའི་སྐོར་ལ་ཉམས་མྱོང་རེ་གཉིས་བསགས་པའི་འབྲས་བུར་ཆ་བཞག་ཚེ། ཞན་ཆ་མངོན་གསལ་ཞིག་མཆིས་པ་ནི། སྒྲུང་དང་གཏམ་རྒྱུད་ཀྱི་འགྲོས་སམ་མྱུར་བུལ། ཡང་ན་དུས་ཚོད་ཟེར་བ་དེའི་ཐད་རེད། འདིརབློས་བསླངས་དཀྱིལ་འཁོརགྱི་ལེའུ་དང་པོར་མཚོན་ན། གནུབས་ཡེ་ཤེས་འོད་ནས་གནུབས་པཎ་ཆེན་དང་ཐོས་པ་དགའི་བར། ཡང་ན་ཐོས་པ་དགའ་ལོ་བརྒྱད་ལ་སླེབས་ཏེ། ཨ་ཆུང་གནམ་རྫོང་དུ་ཕྱིན་མཚམས་སུ་མི་རབས་གསུམ་འགོར་ནའང་། དེ་དག་ཤོག་ངོས་བཞི་བཅུ་ཙམ་གྱིས་རྫོགས་འདུག་པ་དེ་རེད། སྤྱིར་ན་ཞར་བྱུང་དང་བཅས་པའི་ལེའུ་བརྒྱད་ཅན་གྱི་སྒྲུང་རིང་ཞིག་ལ་མཚོན་ན། དེ་ནི་བརྗོད་བྱ་གཙོ་བོ་མིན་པའི་དབང་དུ་བཏང་རུང་། དེ་ནི་སྔོན་འགྲོའི་གཏམ་དུ་ཟད་པར་ཆུགས་རུང་། སྤྱི་ལོ1919ལོའི་ཡས་མས་ཀྱི་སྤྱི་ཚོགས་གནས་བབ་དེ་སྒྲུང་གཏམ་རང་སྟེང་དུ་གསལ་བ་བཞིན། རྒྱ་གར་མི་སེར་གྱིས་བཟུང་། རྒྱ་ནག་ནང་འཁྲུག་གིས་བསླད་པའི་ལོ་རྒྱུས་ཀྱི་འགག་མདོ་འདི་ལྟ་བུར་མཚོན་ན། ལོ་རྒྱུས་ཀྱི་གནས་བབ་སོགས་ད་དུང་ནང་འཇུག་བྱེད་རྒྱུ་ཤིན་ཏུ་མང་བར་འདོད་ཡོད། ལོ་རྒྱུས་ཀྱི་གནས་བབ་མང་བོ་ནང་འཇུག་བྱ་དགོས་ཚེ། རྩོམ་པ་པོ་རང་ཉིད་ལ་ལོ་རྒྱུས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པ་ཞིག་དགོས་པ་ཕུད། གནད་ཀ་དམ་པ་ཞིག་ནི་དུས་ཚོད་ཀྱི་ཆ་ནས་ཇེ་དལ་དུ་བཏང་སྟེ། སྒྲུང་གཏམ་གྱི་རྒྱ་ཁྱོན་མཐར་བསྐྱེད་པར་གོ་སྐབས་བསྐྲུན་དགོས་པ་དེ་རེད།

བློས་བསླངས་དཀྱིལ་འཁོརགྱི་ལེའུ་དང་པོར་མཚོན་ན། ཐ་ན་ཡུལ་ལྗོངས་སམ་ཁོར་ཡུག་ཞིབ་འབྲི་མང་བོ་མེད་པའམ་ཡང་ན་ཡིད་ཚིམས་པ་དང་མགུ་གང་བ་ཞིག་མེད་པ་རེད། དེ་ནི་ངས་བཤད་པའི་དུས་ཚོད་དམ་སྒྲུང་གཏམ་གྱི་འགྲོས་དེ་མགྱོགས་དྲགས་པས་མིན་འགྱུར་གྲང་། འདི་ནི་རྩོམ་པ་པོར་གྲོས་འདེབས་ཀྱི་ཚུལ་དུ་བྲིས་པ་ཙམ་མོ། །

ཕྱི་ནང་ཁོར་ཡུག་གི་ཞིབ་འབྲི་ཅུང་ཟད་རྒྱ་ཆེ་རུ་ཕྱིན་ཚེ་ད་གཟོད་སྒྲུང་གཏམ་ལ་ལྗིད་ཤུགས་ཆེ་རུ་འགྲོ་བ་ཁོ་ཐག་རེད། སྤྱིར་དུས་རབས་གོང་མའི་ལོ་རབས་ཉི་ཤུ་པ་དང་སུམ་ཅུ་པ་དེ་ལོ་རྒྱུས་ཀྱི་གནས་སྐབས་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། བོད་རང་ལ་དེའི་ངོས་ཐད་ནས་བྲིས་པའི་སྒྲུང་གཏམ་ཕལ་ཆེར་མི་འདུག   ཡོད་ཀྱང་ང་རང་གིས་མ་མཐོང་།

སྤྱིར་ན་སྒྲུང་གཏམ་ལ་བྱེད་ནུས་མང་བོ་ཡོད་པའི་གྲས་ཀྱི་གཅིག་ནི་དྲན་པ་ཉར་འཇོག་བྱེད་པ་དེ་རེད། ད་སྔའི་ཐོས་ཚོད་ལ། མི་རེ་གཉིས་ཀྱིས་བོད་ཀྱི་དེང་རབས་ལོ་རྒྱུས་ལ་ཉམས་ཞིབ་བྱེད་པའི་ཚེ། བོད་ཀྱི་དེང་རབས་རྩོམ་རིག་བརྩམས་ཆོས་མང་བོར་ལྟ་བཞིན་འདུག་ཟེར། དེར་གོ་རྒྱུ་ཆེན་པོ་ཡོད་པ་རེད། རིག་ལྡན་རྒྱ་མཚོ་ཁོང་གི་བློས་བསླངས་དཀྱིལ་འཁོར་ལ་མཚོན་ན། དེའི་ཐད་ནས་ངས་རེ་བ་ཆེན་པོ་བཅངས་ཡོད་ལ། ལོ་རབས་དེའི་ཁྲོད་ཀྱི་མདོ་སྨད་གཅན་ཚ་གཞིར་བྱས་ཀྱི་ཆོས་སྲིད་ཀྱི་ལོ་རྒྱུས་འདི་སྒྲུང་གཏམ་གྱི་ལམ་ནས་ལེགས་འགྲུབ་བྱུང་ཡོད་པར་སྨོན་ལམ་ཡང་ཡང་འདེབས་པ་ཡིན། གཞན། ལེའུ་དང་པོར་བལྟས་ཙམ་གྱིས་མགུ་གང་ས་དང་ཡིད་ཚིམས་ས་ཤིན་ཏུ་མང་སྟེ། དཔེར་ན། མགར་བ་བསོད་ནམས་སྟོབས་རྒྱལ་གྱིས་གནུབས་པཎ་ཆེན་ལ་གློ་གྲི་ཕོ་མོ་གཉིས་ཆུང་ཆུང་གཉེན་རྟགས་ཀྱི་ཚུལ་དུ་ཕུལ་པའི་གནས་སྐབས་ལ་མཚོན་ན། བྱུང་རིམ་ལུགས་མཐུན་ཡིན་པ་དང་རང་བཞིན་ངང་གིས་ཐོན་པའི་ཁྱད་ཆོས་མཆིས་པར་མ་ཟད། མགར་པ་བསོད་ནམས་སྟོབས་རྒྱལ་གྱི་ངག་ལས་ཕྱུང་བའི་གློ་གྲིའི་བཤད་པ་དེ་ལྟ་བུར་མཚོན་ན། རྩོམ་པ་པོར་ལྟ་རྒྱ་དང་ཐོས་རྒྱ་ཆེན་པོ་ཞིག་མེད་པའམ་བྱེ་བྲག་གི་ཤེས་བྱ་དེ་དག་ལ་གོམས་འདྲིས་སོང་མེད་ཚེ། དངོས་གནས་ཤིན་ཏུ་དཀའ་བའི་ཚོད་རེད།

མཇུག་མཐརབློས་བསླངས་དཀྱིལ་འཁོརའདི་ཡོངས་སུ་རྫོགས་པ་ཞིག་ཡིན་མིན་ཁོ་བོས་བཤད་དཀའ་ལ། ཐམས་ཅད་ཀློག་པ་པོ་དང་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱིས་སྒྱུ་རྩལ་རྒྱ་མར་གཞལ་བར་བསྐུལ་པའི་མཚུངས་སུ། འདིར་གུས་པས་ཁ་ཚོན་བཅད་ནས་ཞུ་ཆོག་པ་ཞིག་ནི། བློས་བསླངས་དཀྱིལ་འཁོར་གྱིས་ང་ཚོ་སླར་ཡང་ཕ་ཡུལ་དུ་ལྡོག་པའི་གོ་རིམ་རིང་མོའི་ཁྲོད་ལམ་ཚད་རྡོ་རིང་གལ་ཆེན་ཞིག་བཞེངས་པ་དང་། ལམ་ཚད་རྡོ་རིང་དེས་ཀྱང་ད་ལྟ་དང་ཕྱིས་འབྱོར་གྱི་རྩོམ་པ་པོ་རྣམས་ལ་གསར་རྩོམ་གྱི་ལམ་ཕྱོགས་མ་ནོར་བ་ཞིག་སྟོན་ཐུབ་པའི་ཡིད་ཆེས་ཟབ་མོ་ཡོད། བཀའ་དྲིན་ཆེ།

 

གཉིས།

དེ་ནས་རིང་བོར་མ་ལོན་པར་གུས་པསབློས་བསླངས་དཀྱིལ་འཁོརགྱི་བལྟས་འཕྲོ་ཡོངས་སུ་བསྐྱངས་པ་ཡིན་ལ། སྔོན་གྱི་ཚོད་དཔག་དང་རིགས་འདེད་ལྟ་བུའི་སྐད་ཆ་དེ་དག་ལ་ད་དུང་ཁ་སྣོན་རེ་གཉིས་བརྒྱག་དགོས་སྙམ་པ་བྱུང་བའི་མུར། རང་ཉིད་ཀྱི་བཀླགས་ཚོར་ཐར་ཐོར་ཡི་གེར་བཀོད་པ་དང་། འདིར་ཇི་བཞིན་དུ་ཀློག་པ་པོའི་སྤྱན་སྔར་བསྟབས་པ་ལགས།

དེ་སྔ་བདག་གིསབློས་བསླངས་དཀྱིལ་འཁོརལ་རེ་བ་བཅངས་པ་དང་སྨོན་ལམ་བཏབ་པ་ནང་ལྟར། བློས་བསླངས་དཀྱིལ་འཁོརགྱིས་ཀྱང་ཁྱབ་ཆེ་ས་ནས་བདག་གི་རེ་བ་བསྐངས་ཤིང་སྨོན་ལམ་འགྲུབ་པར་བྱས་སོང་། སྤྱི་ལོ2000ལོའི་ཚུན་ཆད་དུ་བོད་ལ་སྒྲུང་རིང་མང་བོ་བྱུང་ནའང་། དེའི་ཁྲོད་དུ་རྒུད་དང་བོད་ཀྱི་གཅེས་ཕྲུག་སོགས་རེ་གཉིས་ཤིག་ལས་གླེང་རིན་ཅན་མང་བོ་མ་མཆིས།4 དེ་བས། བློས་བསླངས་དཀྱིལ་འཁོརའདི་བརྗོད་བྱ་རྗོད་བྱེད་གང་ཅིར་དཔགས་ཀྱང་། བོད་ཀྱི་སྒྲུང་རིང་གི་གྲལ་མགོར་དབང་བའི་གྲས་སུ་བརྩི་ཆོག་ཆོག་རེད་སྙམ། དེར་སྒྲུང་རིང་ཞིག་ལ་ཡོད་འོས་པའི་ཆ་རྐྱེན་མང་བོ་འཛོམས་འདུག་སྟེ། དཔེར་ན་མི་སྣའི་ངོས་ཐད་ནས་བལྟས་ཚེ། རང་སྒྲསབློས་བསླངས་དཀྱིལ་འཁོརལ་རང་ཚུགས་ཐུབ་པའི་མི་སྣ25ཙམ་འདུག་ཅེས་བསྒྲགས་པ་བཞིན།5  ཁོ་བོས་ཞིབ་རྩིས་མ་བླངས་ཀྱང་། ཁོག་ཐུར་ལ་འདང་ཞིག་བརྒྱབ་པ་ཡིན་ན། ང་ཚོའི་སྒྲུང་རིང་དག་ཏུ་ཚུགས་ཐུབ་ཀྱི་མི་སྣ25ལྟ་སྨོས་ཅི་དགོས། ཐ་ན་གཉིས་གསུམ་ཙམ་ཡང་ཚུགས་ཐུབ་ཏུ་འབྲི་བཞེང་བྱེད་ཐུབ་པ་དཀོན། དེ་བསབློས་བསླངས་དཀྱིལ་འཁོརདུ། གནུབས་པཎ་ཆེན་གྱི་སྒམ་བརླིང་དང་སྐལ་བཟང་སྒྲོལ་མའི་བྱམས་སེམས། ཐོས་པ་དགའི་བཟོད་བསྲན། ཟླ་སྒྲོན་བཟང་མོའི་བརྩེ་འདང་། མགར་བ་བསོད་ནམས་སྟོབས་རྒྱལ་གྱི་ལག་རྩལ། བུ་སློབ་འོད་ལྡན་གྱི་བསམ་བློ། རྫོང་ངེ་དགྲ་ལྷ་ཐར་གྱི་བློ་སྟོབས། སྣང་རའི་དཔོན་པོའི་ཁོག་རྒྱ། རྨ་ཡུལ་དཔོན་པོའི་ངེས་ཤེས། བླ་མ་བསྟན་འཛིན་དབང་ཕྱུག་གི་ཁུར་བཟོད། སྤྲུལ་སྐུ་རྗེ་བཙུན་འཇམ་དབྱངས་ལུང་རྟོགས་རྒྱ་མཚོའི་ཤེས་རབ་བཅས་སོ་སོར་གཞན་དུ་མ་འདྲེས་ཤིང་། ཕན་ཚུན་འགལ་འབྲེལ་གྱིས་གྲུབ་པའི་མི་སྣའི་རི་མོ་གྱ་ནོམ་པ་ཞིག་ཏུ་གྲུབ་འདུག6

དེ་མིན་བོད་ཀྱི་སྒྲུང་རིང་ཐེ་བའི་སྒྲུང་གཏམ་སྐོར་ཞིག་ཏུ། མི་སྣ་ཕན་ཚུན་གྱི་བསམ་བློ་དང་གཤིས་ཀ  སྐད་ཆ་བཤད་སྟངས་བཅས་ཀ་པ་ཁ་པར་འཁྲུལ་ཞིང་། ཁ་པ་ག་པར་བརྗེས་པའི་དཔེ་གཞི་མང་བོ་མཐོང་དུ་མཆིས་པས་ན། བློས་བསླངས་དཀྱིལ་འཁོརའདི་ལྟོས་བཅས་ཀྱིས་ལེགས་འགྲུབ་བྱུང་འདུག་པར་ཁ་ཚོན་བཅད་པ་ཡིན།

སྒྲུང་རིང་ཞིག་ལ་ལེགས་ཚོགས་མང་བོ་འཛོམས་དགོས་པ་ནི་ཀུན་ལ་གསལ་ཆ་ཆེ་ཚོད་ལྟར། བློས་བསླངས་དཀྱིལ་འཁོརལ་མཚོན་ནའང་གོང་སྨོས་ཀྱི་གནད་གཅིག་པུ་ལས་གཞན། འགལ་འབྲེལ་གྱི་གྲུབ་སྲོལ་དང་མངོན་ལྐོག་གི་བསྟར་ཚུལ། གམ་རྒྱང་གི་མཐོང་ལུགས་བཅས་རྒྱུ་རྐྱེན་རྟེན་འབྲེལ་མང་བོ་ཞིག་ཚགས་སུ་བསྒྲིགས་ཀྱང་ལེགས་པར་ཆུད་འདུག  འགལ་འབྲེལ་གྱི་ཆ་ནས་སྣང་རའི་དཔོན་དང་རྨ་ཡུལ་དཔོན་གཉིས་བར་གྱི་ནང་གི་འགལ་འབྲེལ་ཞིག་སྒྲུང་གཏམ་གྱི་མགོ་མཇུག་བར་གསུམ་དུ་བསྟིམས་པ་དང་། དེ་གཉིས་གཙོས་པའི་མ་ཇག་བར་གྱི་འགལ་འབྲེལ་དང་། མ་ཇག་དང་གུང་ཁྲན་བར་གྱི་ཕྱིའི་འགལ་འབྲེལ་ཞིག་ཀྱང་སྒྲུང་གཏམ་གྱི་ཐོག་མཐའ་བར་གསུམ་དུ་བརྒྱུས་ཡོད་པ་རེད། མངོན་ལྐོག་གི་ཐད་ནས་སྤྱི་ལོ1919ལོ་ནས་སྤྱི་ལོ1980ལོའི་བར་གྱི་སྤྱི་ཚོགས་ཆེན་པོའི་འགྱུར་ལྡོག་གལ་ཆེན་དག་དམིགས་སུ་བཟུང་སྟེ་བྲིས་པ་མངོན་པར་གསལ་ཞིང་། ཐོས་པ་དགའ་དང་ཟླ་སྒྲོན་བཟང་མོ་གཉིས་བར་གྱི་ཟུར་གྱི་ཕྲ་མོ་ལྟ་བུའི་འཇིག་རྟེན་བརྩེ་འདང་ཞིག་དམིགས་མེད་ཀྱི་ཚུལ་དུ་ལྐོག་གྱུར་གྱི་ཆར་གནས་པ་ལས་གཞན། མུ་སྟེགས་པ་དངམུ་སྟེགས་པའི་སྔས་མགོ(བརྡ་སྐྱེལ་འཕྲུལ་ཆས)གཉིས་ཀྱང་ཤིན་ཏུ་ལྐོག་གྱུར་གྱི་ཚུལ་དུ་བྱུང་རིམ་ངེས་མེད་དུ་སིམ་པར་བྱས་འདུག  གམ་རྒྱང་གི་ངོས་ནས་སྣང་ར་དང་རེབ་གོང་། ཁྲི་ཀ  ཟི་ལིང་། རྒྱ་ནང་། དབུས་གཙང་བཅས་ཡུལ་གྱིས་ཕྱེ་བའི་གམ་རྒྱང་གི་མཐོངས་ཡངས་པོ་ཞིག་བྲིས་པ་བཅས་དེ་དག་ནི་སྒྲུང་རིང་འདིའི་ཁྱད་ཆོས་དང་དགེ་མཚན་ཉག་གཅིག་ཏུ་མཐོང་། ཡིན་ནའང་ལྷ་འདྲེ་གཉི་ག་མཉམ་དུ་གནས་པ་ལྟར། དགེ་མཚན་དེ་དག་གི་ཞར་ལ་སྐྱོན་མཚང་རེ་གཉིས་ཀྱང་དྲུད་ཡོད་པ་ནི། དུས་ཀྱི་ཡུན་རིང་བ་དང་ཡུལ་གྱི་ཁོད་ཆེ་དྲགས་སྟབས། དོན་རྐྱེན་དང་བྱུང་རིམ། ཞིབ་འབྲི་སོགས་ཀྱི་ཆ་ནས་ད་དུང་ཤ་ཁ་མ་གང་བའི་རུས་སྒྲོམ་ལྟ་བུར་སོང་ཡོད་པ་རེད། གཞན་ཡང་བྱེ་བྲག་གི་དགེ་སྐྱོན་རེ་གཉིས་མཆིས་པ་ནི་འདིར་ཡིག་ཚོགས་ལ་འཇིགས་པས་བསྐྱུངས་པ་དང་སྦྲགས། མཇུག་མཐར། རེ་བ་ཉག་གཅིག་ཞུ་རྒྱུ་ནི། ཐེངས་རྗེས་མར་བསྐྱར་པར་གྱི་གོ་སྐབས་བྱུང་ཚེ། རབ་ཡིན་ན་ཡིག་ནོར་བཟོ་བཅོས་ཕུད་རྒྱ་ཡིག་གི་འདྲེན་རྟགས་དང་བཅས་པའང་དོར་ཏེ། ཇི་སྐད་དུ་ན་རེ་ཞེས་པ་སོགས་མཚམས་སྦྱོར་གྱི་ཡི་གེས་འཐུས་པར་བྱས་ཐོག བོད་རང་གི་ཁྱད་པར་ཅན་གྱི་བརྗོད་པའི་ལམ་དུ་ཡོངས་སུ་ཞུགས་ན་སྙམ་མོ། །

 

མཆན།

1 རྩོམ་ཡིག་འདི་ཐོག་མར་སྤྱི་ལོ2017ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་མཚོ་སྔོན་གཅན་ཚར་བསྡུས་པའི《བློས་བསླངས་དཀྱིལ་འཁོར》གྱི་དཔྱད་གླེང་ཚོགས་འདུར་བསྒྲགས་པ་ཡིན། ཐོག་མའི་ཁ་བྱང་ལ《དཀྱིལ་འཁོར་ཞིག་གི་རྡུལ་ཚོན་ཕྱེ་མ》ཟེར། འདིར་བཀླགས་གྲུབ་ཀྱི་གཏམ་ལྷན་ཐབས་དང་བཅས་པ་ཐོག་མར་སྤེལ་པ་ཡིན།

2 《བློས་བསླངས་དཀྱིལ་འཁོར》 རིག་ལྡན་རྒྱ་མཚོས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2017ལོའི་ཟླ་བདུན་པར།

3 《བློས་བསླངས་དཀྱིལ་འཁོར་གྱི་གྲུབ་ཚུལ》 རིག་ལྡན་རྒྱ་མཚོས་བརྩམས དཔྱད་གླེང་ཚོགས་འདུའི་གཏམ་བཤད།

4 《རྒུད》  སྟག་འབུམ་རྒྱལ་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ་བརྒྱད་པར། 《བོད་ཀྱི་གཅེས་ཕྲུག》  ལྷ་བྱམས་རྒྱལ། མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ་དྲུག་པར། འདིར་བོད་ལྗོངས་པར་མ་ཞིག་ཀྱང་མཆིས། 《བོད་ཀྱི་གཅེས་ཕྲུག》  ལྷ་བྱམས་རྒྱལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོའི་ཟླ་བཅུ་པར།

5 《བློས་བསླངས་དཀྱིལ་འཁོར་གྱི་གྲུབ་ཚུལ》 རིག་ལྡན་རྒྱ་མཚོས་བརྩམས། དཔྱད་གླེང་ཚོགས་འདུའི་གཏམ་བཤད།

6 《བློས་བསླངས་དཀྱིལ་འཁོར》གྱི་རྒྱབ་ཤོག་ཕྱི་མའི་ཡི་གེ་ལས་དྲངས།