གྲོགས་པོ།  ཚེ་སྲོག་གི་བལ་སྐུད་ཕྲ་མོ་དེ་ཤེལ་ཆག་དང་གྲི་སོགས་རྣོ་ཁ་ཅན་གང་ལའང་མི་འདྲུད་པའམ་འཕང་འཁེལ་བ་ལྟ་བུའི་མི་ཚེའི་བསམ་དོན་དང་རེ་སྙེག་གི་དྲིལ་བུ་ལོག་ལོག་དེ་ཉིན་རེ་ལས་ཉིན་རེར་དོམ་ཞིང་བཅུམ་པའི་སྨོན་འདུན་དང་བཅས་འཚམ་འདྲི་ཞུ། ༢༠༡༢ལོར་ང་ཚོ་མཐོ་འབྲིང་མཐར་ཕྱིན་པ་ནས་ད་ལ་ཐུག་གི་བར་ཏག་ཏག་ལོ་ངོ་ཧྲིལ་བོ་ལྔ་ལྷག་རྦབ་རྡོ་བཞིན་འདྲིལ་ཞིང་ལྷུང་སྟེ་འུ་ཅག་གི་ལང་ཚོའི་བཞིན་རས་ཀྱི་ཟུར་མཐའ་ལ་ལོ་ཟླའི་རྒས་གཉེར་ཡང་རན་ཙམ་རེ་ཆགས་ཀྱིན་པ་ཚོར་ཡོད་དམ། བརྡ་འཕྲིན་དང་འཕྲུལ་འཁོར་གྱི་དུས་རབས་འདིར་ང་ཚོས་ཏབ་གང་གི་དུས་ཚོད་ནང་ཕན་ཚུན་གྱི་སྐད་གོ་ཐུབ་ལ་ངོ་ཡང་ཐུག་ཐུབ་ཀྱིན་ཡོད་མོད།  དེ་རིང་ངས་སྐུད་ལམ་སོགས་གང་ཡང་མ་བརྒྱུད་པར་ཁྱོད་ལ་འཕྲིན་ཡིག་ཅིག་འབྲི་བཞིན་ཡོད། འཕྲིན་ཡིག་འདིའི་ནང་དུ་ངས་དུས་རྒྱུན་ཤོད་མ་ཐུབ་པ་ཞིག་དང་ཁྱོས་ནམ་རྒྱུན་ཉན་མ་མྱོང་བ་ཞིག་ཕྲིས་མི་སྲིད་མོད།  ཡིག་འབྲུ་ལ་བསྟར་བའི་སེམས་གཏམ་ནི་ཁ་ནས་བཞུར་བའི་སེམས་གཏམ་ལས་དྲང་གཏམ་དང་སྙིང་གཏམ་གྱི་ཆ་མང་ཙམ་ཡོད་པར་སོམ་ཉི་སྤུ་ཙམ་ཡང་བྱ་མི་དགོས།  

ང་ཚོའི་ཡིད་ངོས་སུ་འདས་དོན་ནི་ནམ་ཡང་མིག་ཆུ་དང་ཉམས་མྱོང་གི་སྣོད་དུ་འཇུག་ལ།  མ་འོངས་ནི་དུས་གཏན་དུ་མཛེས་སྡུག་དང་སྟོང་བསམ་གྱི་དབང་དུ་གཏོང་བར་བྱེད།  དེ་ལྟར།རླུང་བུ་མཚམས་མེད་དུ་ལྡང་བའི་མི་ཚེའི་སྟོད་ཆ་ལ་མཛེས་སྡུག་གི་གཤོག་པ་སེར་བོ་ཞིག་སྤྲོད་པར་སུས་ཀྱང་རེ་སྨོན་བྱེད་མྱོང་ལ།   འདས་དོན་གྱི་ཁུར་བོས་ལུས་སེམས་མནར་བའི་མི་ཚེའི་སྨད་ཆ་ལ་མཚར་སྡུག་གི་བཞུད་ལམ་ཞིག་ལྡན་པར་སུ་ལའང་གདེང་ཚོད་ཆེན་པོ་མེད་པ་ཇི་ལྟར་གསང་།   འཁྱག་སིབ་སིབ་ཀྱི་ལག་པ་གཉིས་ཡར་བཀྱགས་ན་ཁྱོད་ཀྱི་ཡུན་རིང་ལ་དྲོད་ཁོལ་ཐོབ་མ་མྱོང་བའི་བྲང་གཞུང་གི་རྩི་གུ་རེ་རེའི་ལྡེབས་རིས་བདག་གིས་མཐོང་ཐུབ་ལ།  དྲོད་འཇམ་འཇམ་གྱི་སྙིང་གཏམ་རེ་ཟུང་ཡིག་ཆུང་དུ་བསྟར་དུས་བདག་གི་ནང་ཁོག་ཏུ་བབས་པའི་ལོ་ཟླའི་ན་ཚ་ཐམས་ཅད་ཀྱང་ཁྱོད་ཀྱིས་ཚོར་ཐུབ་པ་ང་ལ་ཡིད་ཆེས་ཡོད།  གང་ལྟར། འཇིག་རྟེན་ཁམས་ཀྱི་མི་རྟག་པའི་ཐ་སྙད་ལ་འབྱར་བའི་ཚེ་སྲོག་ཅིག་ཡིན་ཕྱིན།  ནམ་ཞིག་སྲོག་གི་གཟུངས་ཐག་དུམ་སེ་ཆད་ངེས་ལ་དབུགས་ཀྱི་རྒྱུ་བ་ལྷོད་སེ་འཇགས་འགྲོ་བ་ངེས་གཏན་ཡིན།  དེ་ལྟ་ནའང་།  འཚོ་བའི་ཞེན་ཆགས་དང་།  མིའི་རིགས་ཀྱི་བརྩེ་དུང་།  མི་རིགས་ཀྱི་བརྩེ་འདང་།  སྣོད་བཅུད་དང་ཉེ་འབྲེལ་ཐམས་ཅད་ལ་བརྩེ་བའི་སེམས་གཉོམ་པོ་དེས།  དུང་བའི་ཡིད་གཙང་མ་དེས་ང་ཚོར་སྡུག་བསྔལ་དང་ན་ཟུག་གི་ཁལ་རི་རབ་འདྲ་བ་རེ་བཀལ་ཏེ་འགྲོ་ངེས།

ང་ལ་ངོ་ཤེས་མང་བོ་ཞིག་ཡོད་མོད་ངས་རྒྱུན་དུ་དེ་ཚོར་འབྲེལ་བ་བྱེད་ཀྱིན་མེད།  ཅིའི་ཕྱིར་ཅེ་ན། ང་ནི་མིའི་འབྲེལ་འདྲིས་གཙོར་འཛིན་ཞིང་བརྩེ་བ་བཅོས་མ་ཞིག་གིས་གྲོགས་དང་རྒན་སོགས་ངོ་དགའ་དང་དགོས་དབང་གི་སྐད་ཆ་གང་ཡག་གིས་རང་ཉིད་ཡར་འདེགས་པར་དགའ་བའི་མི་དེ་ཚོའི་གྲས་སུ་གཏན་ནས་མི་ཐེ།  ད་དུང་རྩོམ་ཁོ་ན་ལ་ཉི་མ་བཏང་བའི་ལོ་ངོ་དྲུག་བདུན་པོ་འདིའི་རིང་ལ་ངས་མིང་ཡོད་མེད་དང་དོན་ཡོད་མེད་གཉིས་ཀྱི་རྩོམ་གྲོགས་ཀྱང་མང་བོ་ཞིག་ངོ་ཤེས་ཤིང་།  ཕན་ཚུན་ལ་སེམས་ཀྱིས་སྙོར་བ་ཡོད་ལ་ཕན་ཚུན་ལ་མི་དགའ་བའི་བརྟུལ་ཞུགས་བཟུང་བའང་ཡོད་ངེས།   རྩོམ་འབྲིའི་ལམ་བུ་འདི་ཡང་ད་ལྟ་སྤྱི་ཚོགས་ཀྱིས་ལོག་ལམ་ཞིག་ཏུ་འདེད་ཀྱིན་ཡོད་པ་འདྲ་སྟེ།  དཔེར་ན་ངོ་ཤེས་ཀྱིས་ངོ་ཤེས་ལ་བསྟོད་ཅིང་ངོ་ཤེས་སྤུར་བ་སོགས་གོམས་གཤིས་སུ་ཆགས་ཤིང་རྒན་པས་རྒན་པར་ངོ་དགའ་བྱེད་ཅིང་གཞོན་པ་མིག་ནང་དུ་མི་འཇོག་པ་ལྟ་བུ།   ཡང་རྩོམ་སྒྲིག་ཁང་རེ་ཟུང་གིས་ངེས་གཏན་གྱི་མིང་ཡོད་པ་འགའི་ངོ་ཆོད་ཀྱིན་མེད་པ་འདྲ་སྟེ་རྩོམ་གྱི་སྤུས་ཀ་དང་མདུན་ལམ་ལ་གཏན་ནས་སེམས་ཁྲལ་བྱེད་ཀྱིན་པ་དེ་འདྲ་རང་རེད། ང་རང་དགའ་བའི་དོན་དག་ཅིག་ཡོད་པ་ནི་ང་ཚོའི་མཐོ་འབྲིང་གི་འཛིན་གྲྭའི་ནང་དུ་ད་ལྟ་ད་དུང་ཡང་རྩོམ་དང་འབྲེལ་ཐག་མ་བཅད་པའི་སློབ་གྲོགས་འགའ་འདུག་སྟེ། དཔེར་ན་ཁྱོད་དང་ང་།  གུ་རུ་འོད་གསལ། སངས་རྒྱས་དོན་འགྲུབ། བྲ་བཙུན་ཚེ་ལྟ་བུ།

ད་ལྟ་འདང་ཞིག་བརྒྱབ་ན།  འུ་གཉིས་ངོ་ཤེས་ཏེ་མི་ལོ་དགུ་ལ་ཉེ་བ་ཞིག་མིག་རྡེབ་དབང་ཙམ་གྱིས་བཞུད་ཚར་ལ། དེ་ནི་གསེར་དངུལ་དུང་ཕྱུར་གྱིས་ཀྱང་ཉོ་མི་ཐུབ་པའི་ཐོབ་ཤོར་གྱི་དུས་ཚོད་ཡིན། འུ་གཉིས་ཁོ་ན་མ་ཡིན་ཏེ་ཁྱོད་ཀྱི་འཇིག་རྟེན་དུ་འཕྲད་པའི་མི་ཚོགས་དང་དོན་བྱ། ང་ཡི་འཇིག་རྟེན་དུ་མཇལ་བའི་མི་ཚོགས་དང་དོན་བྱ་ཚང་མ་ནི་འདི་ལྟར་རོ།། འདིའི་རིང་ཁྱོད་ཀྱིས་རང་གི་སེམས་པའི་དྲན་དབང་གི་དོན་དག་མང་པོ་ཞིག་བརྒྱུད་ཡོད་ལ།  ང་ཡིས་ཀྱང་རང་གི་ལས་དབང་གི་བགྲོད་ལམ་རིང་བོ་ཞིག་འགྲིམས་ཚར།  འདི་ནས་ཕྱིར་མིག་དང་ཞིབ་འདང་ཞིག་བྱས་ཚེ།  རྒྱུས་ཡོད་མེད་ཀྱི་མི་སྟོང་ཕྲག་ཅིག་གིས་འཛུམ་མདངས་ཤིག་ཤིག་གིས་ང་ཡི་འཇིག་རྟེན་དང་སེམས་པར་ཉམས་ཚོད་ཅིག་བླངས་ཏེ་གྲག་མེད་འགུལ་མེད་ཀྱིས་རིང་བར་གྱེས་པ་དང་།  ཡང་ན་གཡོ་ཟོལ་དང་ཚུལ་འཆོས་ཀྱིས་ངའི་བརྩེ་བར་སྐེ་སོ་རེ་བྱས་པ་དང་ངོ་ཚ་དང་གནས་ལུགས་མེད་པར་ཁྱོད་ཀྱི་དྭངས་སེམས་ལ་བློ་ལོག་བྱས་པ་སོགས། མི་ཚོགས་ཁྲ་ཁྲ་རིག་རིག  མི་སེམས་ཨ་ཁྲ་བ་ཁྲ་ཟེར་བ་ལ་བདེན་དཔང་དང་གོ་བ་ཟབ་མོ་ཞིག་ལོན་ཐུབ།  རེད་ལགས། འགྱུར་ལྡོག་དང་ལམ་ཐག་འདི་འདྲ་རིང་བོ་ཞིག་ལ་ཁྱོད་ཀྱིས་འུ་གཉིས་ཀྱི་བརྩེ་སེམས་བརྩེ་སེམས་ཀྱིས་སྙོར་ཞིང་ཕྱི་ཐག་ཕྱི་ཐག་ཏུ་བཟུང་བ་ནི་ང་ལ་མཚོན་ན་ནོར་བུ་ལས་ནོར་བུ་ཡིན་ནོ།།

ཡང་ལན་རེར་འདས་དོན་ནི་ཡིད་འོང་དང་སེམས་ཤུགས། བརྩེ་འདང་དང་མདུན་ལམ་བཅས་ཀྱི་ལྡེ་མིག་ལྟ་བུ་ཡིན་ཏེ།  ཁ་བ་ལྷུབ་ལྷུབ་ཏུ་འབབ་པའི་ཞོགས་པ་ཞིག་ལ་འུ་གཉིས་ཀྱིས་ཝུ་ཆང་སྒམ་གང་ཉོས་ཏེ་ཕ་ཡུལ་གྱི་བཀྲ་ཤིས་ཆོས་སྒར་ཐང་དུ་འབོད་པའི་དར་ལྕོག་ཐང་ནས་ཆང་ཡིད་ཚིམ་པ་ཞིག་འཐུང་བ་དྲན་ནམ།   དེ་དུས་འུ་གཉིས་ཏག་ཏག་ཕོ་ལོ་བཅོ་བརྒྱད་ཀྱི་རྣ་ཚར་བཏགས་པའི་གསར་བུ་གཉིས་ཡིན་ལ། ལན་རེར་རིགས་ཞེན་གྱི་ཁ་ཕོ་བྱས་ཤིང་ལན་རེར་བརྩེ་དུང་གི་མིག་ཆུ་བཏོན་པའི་ཉི་མ་དེ་དྲན་ནམ།  ངས་བལྟས་ན།འུ་གཉིས་ཀྱི་འདང་བརྩེ་དང་གཤིས་ཀ  འབྱུང་འགྱུར་ལ་བཏབ་པའི་རེ་འདུན་དང་རྣོ་ལྕགས་ལས་སྲ་བའི་ཁེར་ཚུགས་དང་སྒལ་ཚུགས་ཀྱི་མ་རྩ་ཡང་ཉི་མ་དེ་ནས་བཞག་པར་འདོད་ལ།  དེའི་རྗེས་ཀྱི་འཚོ་བ་དང་སློབ་སྦྱོང་གི་གོ་རིམ་ནང་འུ་གཉིས་ཀྱིས་ཕན་ཚུན་བོར་མ་མྱོང་ལ་ཕན་ཚུན་གྱི་སེམས་ལ་བཞག་པའི་མཐོང་མི་ཐུབ་པའི་བག་ཆགས་དེ་བརྗེད་ག་ལ་མྱོང་།

གོམ་པ་རེ་རེ་བཞིན་མདུན་དུ་སྤོས་ཤིང་མི་ཚོགས་ཀྱི་ཁ་རླངས་མི་འདྲ་བའི་དྲི་མ་སྣ་ཚོགས་སྣ་ལམ་དུ་ཡང་ཡང་ཞགས་དུས། ཞེ་ནས་སྐྱུག་ལོག་པའི་ཚོར་བ་ཞིག་ག་ལེར་འོང་བ་ནི་མི་ཚེའི་གོ་རིམ་ཞིག་ཡིན་པ་འདྲ།  ཉི་མ་རེ་རེར་ང་ཚོས་མཐོང་མ་མྱོང་བ་ཞིག་མཐོང་སྲིད་ཅིང་ཐོས་མ་མྱོང་བ་ཞིག་ཐོས་སྲིད་པ་འདིའང་ཆོས་ཉིད་དུ་འདོད།   དྲང་མོར་བཤད་ན་ང་རང་ཁྱོད་ཀྱི་ཁ་གཏད་དུ་ལངས་པར་དགའ་རྒྱུ་ཅི་ཡང་མེད་མོད།  ངས་རྒྱུན་དུ་ཁྱོད་ཀྱིས་རེད་ཟེར་དུས་ལན་དུ་མ་རེད་དང་།   ཁྱོད་ཀྱིས་ཡིན་ཟེར་དུས་ལན་དུ་མ་ཡིན་ནོ་ཞེས་ཀུ་རེ་དང་བདེན་གཏམ་ཉིས་ཆ་ནས་ཁྱོད་ལ་ཁ་ལན་བྱིན་པ་ཡིན།   འུ་གཉིས་ཀྱིས་དུས་རྒྱུན་དུ་གནས་ལུགས་ཡོད་མེད་གཉིས་ཀྱི་སྟེང་ནས་ཕན་ཚུན་ལ་སྐད་ཆ་བསེགས་ཏེ་བཤད་བཞིན་ཡོད།  དེ་བཞིན།  ཁྱོད་ཀྱིས་ཁྱོད་ཀྱི་བསམ་གཞིག་དང་དགའ་ཕྱོགས།  ཁོར་ཡུག་ལྟར་དཔེ་ཆར་བལྟས་ཏེ་ཁྱོད་ལ་དྲན་སྟངས་ཤིག་ཆགས་ཡོད་ངེས་ཡིན་ལ། ང་ཡིས་ཀྱང་རང་གི་དགའ་ཕྱོགས་དང་ལས་ཀ  བསམ་གཞིག་གི་ཐད་ནས་དེབ་རེ་བཀླགས་ཏེ་རང་ལ་བསམ་ཚུལ་ཞིག་ཡོད་ངེས།  ཉེ་སྔོན་ཕ་ཡུལ་དུ་ཞིང་སྒྲུབ་ཆོས་ཚོགས་ཤིག་འཚོགས་པར་ཁྱོད་ཀྱིས་དོ་སྣང་དེ་འདྲ་བྱུང་མེད་པར་ཡང་ངས་ཟུར་ནས་ཁྱོད་ལ་སྐད་ཆ་བརྗོད་པ་ཡིན་ལ། ཆོས་ནི་བརྟག་སྟེ་བསྒྲུབ་རྒྱུ་ཞིག་ཡིན་པའི་གནས་ལུགས་ངས་ཀྱང་ཤེས་ཀྱིན་ཡོད་མོད།  ཕ་ཡུལ་ལ་མཚོན་ན།  ང་ཚོའི་ད་ལྟའི་གནས་བབ་ལ་མཚོན་ན།  ང་ཚོ་ངེས་པར་དུ་སེམས་ཁ་གཅིག་ཏུ་སྒྲིལ་བའི་ཐབས་དང་ལམ་ཞིག་དགོས་ལ། ང་ཚོས་རང་ཉིད་ལ་གདོད་མ་ནས་ཡོད་པའི་ནོར་བུ་དེར་གཅེས་སྤྲས་བྱ་མི་རིགས་སམ།

ང་ཚོ་མཐོ་འབྲིང་ཡིན་དུས། ཁྱོད་ཀྱིས་གུ་རུ་འོད་གསལ་ལ་བྲིས་པའི་འཕྲིན་ཡིག་ཅིག་ཏུ༼ངའི་ཕུགས་བསམ་ནི་མ་འོངས་པར་དགེ་བའི་བཤེས་གཉེན་ཞིག་བྱ་རྒྱུ་དེ་ཡིན༽ཞེས་བྲིས་འདུག ཕུགས་བསམ་ཞེས་པ་ལ་རིགས་མང་པོ་ཞིག་ཡོད་ངེས་ལ་ཁྱབ་ཀྱང་ཆེ་ཆུང་གང་རུང་ཡོད་ཆོག   དེ་བཞིན་ང་ཚོར་མི་ཚེ་དོན་ལྡན་དུ་འགྱུར་བའི་ཕུགས་བསམ་རླབས་ཆེན་ཞིག་ཡོད་འོས་ཏེ། དཔེར་ན་ཁྱོད་ཀྱི་ཐོག་མའི་ཕུགས་བསམ་འདི་ནི་རླབས་ཆེན་ཞིག་རེད། ད་ལྟ་ཁྱོད་རང་ཕུགས་བསམ་འདི་མངོན་འགྱུར་བྱེད་པའི་དུས་དང་ཡུལ། རིག་གནས་བཅས་ཀྱི་ཆ་རྐྱེན་གང་ལ་གང་འཚམས་ཤིག་ལྡན་འདུག་པས་ཁྱོད་ཀྱིས་ཕུགས་བསམ་འདི་ལག་ལེན་ཏུ་བསྟར་བར་ང་རང་རེ་བ་ཧ་ཅང་ཆེ།    དེ་བཞིན་ཕུགས་བསམ་ཞེས་པ་ནི་དུས་དང་བསྟུན་ཏེ་འགྱུར་བཞིན་ཡོད་དེ་དཔེར་ན་ང་ལ་མཚོན་ན་ཐོག་མའི་ཕུགས་བསམ་ནི་རང་ཚུགས་བརྟན་པའི་རྩོམ་པ་པོ་ཞིག་བྱ་རྒྱུ་དེ་ཡིན་ཡང་ད་ལྟ་ང་རང་ཕུགས་བསམ་འདི་དང་རྒྱང་ཐག་རིང་བར་གནས་ཡོད།  དེའི་རྗེས་སུ་ངའི་ཕུགས་བསམ་ནི་སྒལ་ཚུགས་ཡོད་པའི་ཁེ་ལས་པ་ཞིག་བྱ་རྒྱུ་ཡིན་ལ་ད་ལྟ་ང་རང་དེ་དང་ཡང་རྒྱང་ཐག་རིང་བར་གནས་འདུག  དེའི་རྗེས་སུ་ངའི་ཕུགས་བསམ་ནི་མིའི་རིགས་ཀྱི་བླ་སྲོག་གསོ་བའི་སློབ་གསོ་བ་ཞིག་བྱ་འདོད་པ་དེ་ཡིན་མོད་ད་ལྟ་ང་རང་དེ་དང་ལྷག་པར་དུ་བར་ཁྱད་ཆེན་པོ་ཡོད་འདུག འདི་ལྟར་བལྟས་ན།  ཕུགས་བསམ་གྱིས་ཕུགས་བསམ་ལ་ཡང་རོགས་འདེགས་དང་སྒུལ་ཤུགས་སྟེར་ཐུབ་པའི་ཚོར་བ་ཞིག་ང་ལ་བྱུང་།    དེ་ཡང་ལོས་ཡིན་ཏེ།  ཕུགས་བསམ་ཞེས་པ་ནི་ངས་བལྟས་ན་མཇུག་འབྲས་ཤིག་ལ་ངོས་བཟུང་ན་འགྲིག་པ་ལས་དྲན་སྟངས་དང་གོ་རིམ་ཞིག་ལ་ངོས་བཟུང་ན་མི་འགྲིག   ནམ་ཞིག་ཁྱོད་རང་དགེ་རྒན་བྱས་ཏེ་དགེ་རྒན་གྱི་རླབས་ཆེ་བའི་བྱ་བའི་སྟེང་ལ་རང་གི་རིན་བྲལ་གྱི་ཚེ་སྲོག་བསྟིམ་ཚར་དུས་ངས་ད་གཟོད་ཁྱོད་ཀྱི་ཕུགས་བསམ་འགྲུབ་པར་ངོས་བཟུང་ན་ཨེ་འགྲིག  གྲོགས་པོ།

ལོ་ཡི་འཁོར་མོ་ནི་ཕ་ཡུལ་གྱི་བར་སྣང་ན་འཕྱུར་བཞིན་པའི་སྤྲིན་ནག་དམ་མེ་དུམ་མེ་དེ་དག་དང་འདྲ་བར་ད་ཡོད་ད་མེད་ཀྱི་ཚུལ་གྱིས་ཡལ་དུས།  འུ་ཅག་གི་མེ་ཁ་མ་སོས་པའི་ཡ་ཆུང་གི་བསམ་དོན་དཀར་བོ་དེ་ལ་ལོ་ཟླའི་བཙའ་རོ་ཆགས་སྲིད་ལ།  བཙའ་རོ་དེ་ཕྱི་མཁན་དང་འདྲད་མཁན་གྱི་རྣམ་ཤེས་ཕྲ་མོ་ཞིག་ཡོད་མེད་ལའང་སེམས་ཁྲལ་ཆེ་ཨང་།  ཕ་ཡུལ་གོར་མོ་འདིའི་ནང་ལུང་ནས། ཆུ་ལྟར་བཞུར་ཐུབ་ལ་རྡུལ་བཞིན་འཚུབ་ཐུབ་པའི་ངའི་སྙན་ངག་གི་ཚིག་འབྲུ་རེ་རེའི་གསོན་ཤུགས་དང་རིན་ཐང་ཁྱོད་ཁོ་ནས་འཇིབ་ཐུབ་པ་འདྲ།  ངས་སྙན་ངག་གྲུ་བཞི་ཞིག་བྲིས་ན་ཁྱོད་ཀྱིས་གྲུ་བཞིའི་རང་བཞིན་རྟོགས་ཐུབ་ལ་ངས་སྙན་ངག་ནར་མོ་ཞིག་བྲིས་ན་ཁྱོད་ཀྱིས་ནར་མོའི་དབྱིབས་མདོག་མཐོང་ཐུབ་པ་ནི་ང་ལ་མཚོན་ན་ནང་སེམས་ཀྱི་བདེ་སྐྱིད་ཆེས་དྭངས་མ་དེ་ཡིན།  དེ་བས།   ངས་ཁྱོད་ཀྱི་སྙན་ལམ་དུ་ཞུས་པའི་སེམས་གཏམ་འདི་དང་ཡང་ན་སྔོན་ཆད་བརྗོད་ཟིན་པ་དག་དང་མ་འོངས་པ་ན་བརྗོད་པར་འགྱུར་བ་དག་ནི།  བསླུ་བ་མེད་ཅིང་ཚུལ་འཆོས་མེད་ལ།  ཁྲམ་རྟགས་དང་གཅམ་གསག་གི་ཆ་ནི་དེ་ལས་ཀྱང་མེད་པར་ཁྱོད་ཀྱིས་རང་གི་ལུས་ཀྱི་ཚིལ་དྲེག་དང་མཉམ་དུ་བསྲེས་ཆོག་པའི་མི་ཚེའི་སྲུང་འཁོར་དེ་བྱས་ན་གང་འདྲ།  གྲོགས་པོ།  ད་ནི་སེམས་ནང་དུ་མེ་བཞིན་འབར་ཡོང་བའི་སྙན་ངག་ཅིག་གིས་འཕྲིན་ཡིག་འདིའི་མགོ་མཇུག་རེ་ཞིག་སྡོམ་འཇོག བཀྲ་ཤིས་བདེ་ལེགས།

 

མི་ཚེ་ཧྲིལ་བོ་ཞིག་ཉིས་རྐྱ་བྱས་ནས་ལྟེབས་ཆོག་དུས

ངས་ད་གཟོད་རང་གི་མདུན་ལམ་རྙེད་མི་འདོད

བདེ་སྐྱིད་ཀྱི་ཁུག་མ་སྐམ་པོ་དེའི་ནང་དུ

གོ་ཐོབ་དང་རྒྱུ་ནོར མཚན་སྙན་བཅས་འདུག་པ་དྲན་ཐུབ

ཐ་ན   ངའི་ཕུགས་བསམ་གྱི་གཤོག་སྣེ་ཡང་གཅད་ཆོག 

ང་ཚོ་ཚང་མ 

གྲུ་བཞི་དང་ནར་མོ

གོར་གོར་དང་ལོག་ལོག་བྱས་ཆོག་པའི  

རྩམ་པའི་འཆིང་བུ་ཞིག་རེད  

དེ་ལྟ་ཡིན་ཚེ

ངའི་ཚེ་སྲོག་གི་བལ་སྐུད་འཐག་རོགས   

རྡོ་བས་འཐག་ཆོག  

རྡོ་བ་དང་ལྕེགས་འཛེར་གྱི་བར་ནས་འཐག་ཆོག

དེ་ནས་ང་རང་རྨུ་ཐག་ཅིག་གྱིས་ཤིག  

ཉག་ག་དང་དེའུ་འབུར་གང་རུང་ལ

ང་རང་རིང་ཐག་བྱས་ཏེ་བྲན་ཆོག   

འདོད་པ་དང་འདོམས་པ་བྱས་ཏེ་བྲན་ཆོག 

2017/12/1  མདོ་སྨད་ཐེམ་ཆེན་དུ་སློབ་གྲོགས་པདྨ་དོན་གྲུབ་ལ་ཕུལ་ཏོ།།