གཏམ་བཤད་པ།  དྷཱི:ལྷ་ལྡན།

 

ཆོས་ལུགས་ཀྱིས་ཡོད་ཚད་ཐག་གཅོད་ནུས་པར་འདོད་པ་དང་། མིའི་འདོད་བློ་མཐའ་དག་ཆོས་ལུགས་ཀྱིས་བསྐང་ནུས་སྙམ་པའི་ཀུན་སློང་ཞིག་རང་རེ་བོད་མི་རྣམས་ལ་ཡོད་པ་རེད། དུང་ཞེན་དེ་འདྲ་ཞིག་ཡོད་པའི་སྟབས་ཀྱིས་མི་ལོ་སྟོང་ཕྲག་གཅིག་ལྷག་རིང་ང་ཚོས་ཡོད་ཚད་ནས་ཡོད་ཚད་ཆོས་ལུགས་ཀྱི་ཕྱོགས་སུ་ཕུལ་བཞག་པ་རེད། ཐ་ན་དེ་རིང་ངས་འདི་ནས་ཆོས་ལུགས་ཀྱིས་ཡོད་ཚད་ཐག་གཅོད་མི་ཐུབ་པ་དང་། མིའི་འདོད་བློ་མཐའ་དག་བསྐང་ནུས་ཀྱིན་མ་རེད་ཟེར་ནས་བཤད་པ་དེ་ཡང་བློ་ཡུལ་ལ་མི་ཤོང་མཁན་ཡོད་སྲིད་པ་རེད།

ཡིན་ན་ཡང་། དེ་དག་དོན་དངོས་རེད། འགྲོ་བ་མིའི་རིགས་ཟེར་བ་འདི་འདོད་བློ་སྣ་ཚོགས་དང་ལྡན་པའི་སྤྱི་ཚོགས་ཤིག་གམ། ཡང་ན་ཉེར་མཁོ་འདྲ་མིན་དགོས་པའི་སྲོག་ཆགས་ཤིག་ཡིན་དུས། ཆོས་ལུགས་འདོད་བློ་སྣ་ཚོགས་དེ་དག་གི་ནང་ནས་འདོད་བློ་གཅིག་སྐོང་བྱེད་ཅིག་གམ། གནད་དོན་མང་པོའི་ནང་ནས་གནད་དོན་གཅིག་ཐག་གཅོད་བྱེད་རེད་མ་གཏོགས། གནད་དོན་ཡོད་ཚད་ཐག་གཅད་ཐུབ་པ་དང་འདོད་བློ་མཐའ་དག་བསྐང་ཐུབ་ཀྱིན་མེད་པ་གསལ་པོ་རེད། དེ་ལྟ་མིན་པར་ཡོད་ཚད་འདིས་ཐག་གཅོད་ཐུབ་སྙམ་པའི་ཨུ་ཚུགས་དེས་གར་ཡང་ཕྱིན་པ་མ་རེད། བུ་རམ་ལ་དགའ་བའི་གང་ཟག་ཅིག་གིས་ཟས་ཡོད་ཚད་ཀྱི་ཚབ་བུ་རམ་གྱིས་བྱེད་ཐུབ་ཟེར་ནས་ཨུ་ཚུགས་བྱས་བཞག་ན། དེས་བུ་རམ་གྱི་ཁྱད་ཆོས་འདོན་ཐུབ་ཀྱིན་མེད་པར་མ་ཟད་དེས་ལྡོག་ཕྱོགས་ཀྱི་ནུས་པ་མ་གཏོགས་དྲང་ཕྱོགས་ཀྱི་ནུས་པ་ཐོན་པ་ལས་ཅི་ཡང་ཡོད་པ་མ་རེད།

འོ་ན་ཆོས་ལུགས་རང་ངོས་ནས་སྤྱི་ཚོགས་ཡར་རྒྱས་ཀྱི་བཀག་རྡོ་བྱེད་དམ་ཟེར་ན། ཁོ་བོས་བསམ་བློ་གཏོང་སྟངས་ཀྱི་དབང་དུ་བྱས་ན་དེ་ནི་ཆོས་ལུགས་རང་ངོས་ནས་ཐག་གཅོད་རྒྱུ་ཞིག་མིན་པར་སྤྱི་ཚོགས་དེས་དད་པ་འཇོག་སྟངས་དང་ཆོས་ལུགས་བེད་དུ་སྤྱོད་སྟངས་སོགས་ལ་རག་ལས་པ་ཞིག་རེད། སྤྱི་ཚོགས་དེས་བེད་དུ་སྤྱོད་སྟངས་དང་དད་པ་འཇོག་སྟངས་ལེགས་ན་ཆོས་ལུགས་གང་ཡིན་ཡང་ལེགས་ལམ་གྱི་སྐུལ་མ་གཏོང་གི་རེད་ལ། སྤྱི་ཚོགས་གང་དེས་ལམ་ལུགས་འཛུགས་སྟངས་དད་པ་འཇོག་སྟངས་མི་ལེགས་དུས་ཆོས་ལུགས་གང་ཡིན་རུང་ཡར་རྒྱས་དང་གཅིག་སྒྲིལ་གྱི་བཀག་རྡོ་ཞིག་ཏུ་ཡང་འགྱུར་སྲིད་པ་རེད། འོན་ཀྱང་བོད་བརྒྱུད་ནང་བསྟན་ནམ་བོད་ཀྱི་ད་སྔའི་དད་པ་འཇོག་སྟངས་འདི་དང་ལག་ལེན་འདེབས་སྟངས་འདིས་གཅིག་སྒྲིལ་དང་ཡར་རྒྱས་ལ་གནོད་ཀྱིན་འདུག་སྙམ། དེ་ཡང་བོད་མི་ཚོས་ནང་ཆོས་ལ་དད་པ་འཇོག་སྟངས་དང་བེད་སྤྱོད་བྱེད་སྟངས་འདིའི་ཆ་ནས་ཟེར་བ་ཡིན་གྱི། སྤྱིར་ནང་བསྟན་སངས་རྒྱས་ཆོས་ལུགས་རང་ངོས་ནས་སྤྱི་ཚོགས་ཡར་རྒྱས་ལ་གནོད་མིན་ནི་རྒྱུ་མཚན་གཞན་ཞིག་རེད།

དེ་ལྟར་ཆོས་ལུགས་ཀྱིས་འགྲོ་བ་མིའི་རིགས་སམ་མི་རིགས་ཀྱི་འདོད་བློ་ཕྱོགས་གཅིག་ལས་ཡོད་ཚད་བསྐང་ཐུབ་པ་མ་རེད་ལ། གནད་དོན་ཡོད་ཚད་ཀྱང་ཐག་བཅད་བྱེད་ཐུབ་པ་མ་རེད། ལྷག་པར་དཔལ་འབྱོར་དང་། ཆབ་སྲིད། དམག་དོན་སོགས་མི་རིགས་ཤིག་ལ་ངེས་པར་དགོས་པ་དང་འཇིག་རྟེན་གྱི་འཚོ་གནས་ཕྱོགས་ལའང་ཕན་ནུས་གང་ཡང་འདོན་གི་མ་རེད། དེ་ནི་ཆོས་ལུགས་ནི་དེ་དག་བློས་གཏོང་བྱས་པའི་རིག་གཞུང་ཞིག་ཡིན་པས་རེད།

ང་ཚོས་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ཡོང་དུས་མི་ལོ་སྟོང་ཕྲག་གཅིག་ལྷག་གི་རིང་ལ་ཆོས་ལུགས་ཀྱིས་ཡོད་ཚད་ཐག་བཅད་ཐུབ་པའམ། ཡོད་ཚད་ཀྱི་ཚབ་མཚོན་བྱེད་ཐུབ་པ་ལྟ་བུའི་འདུ་ཤེས་བཟུང་ནས་སྤྱི་ཚོགས་ཀྱི་བརྩོན་པ་དང་། དཔལ་འབྱོར། དད་མོས་མི་ཚེའི་རིན་ཐང་ཡོད་ཚད་ཆོས་ལུགས་ཀྱི་ཕྱོགས་སུ་ཕུལ་བཞག་པ་རེད། ཐ་ན་ཁྱིམ་ཚང་ཧ་ཅང་དབུལ་པོ་རང་ཉིད་ཀྱིས་ཇ་དང་ཚ་སོགས་ཉོ་བྱེད་མི་ལོན་མཁན་ཞིག་ཡིན་ན་རང་ཉིད་གལ་ཆུང་དུ་བྱས་ནས་བསྟན་པ་དང་དགོན་པའི་ཕྱོགས་སུ་བཏང་ནས་ཡོང་བ་རེད། དེ་ལྟར་དུས་ཡུན་རིང་པོ་ཞིག་ལ་ཆོས་ལུགས་འདི་ལ་ཧ་ཅང་འབད་བརྩོན་ཆེན་པོ་བྱས་ནས་མི་རིགས་ཧྲིལ་པོས་མི་ཚེའི་རིན་ཐང་ཡོད་ཚད་ཕུལ་བ་རེད། ཡིན་ན་ཡང་ང་ཚོའི་འཚོ་གནས་དང་ང་ཚོའི་གནས་བབ་དེ་ད་སྐབས་ཀྱི་གནས་བབ་འདི་རེད།རྒྱུ་མཚན་དེས་ཆོས་ལུགས་ཀྱིས་ཡོད་ཚད་ཐག་བཅད་མི་ཐུབ་པ་གསལ་པོ་རེད།

ད་རུང་ཁོ་ཚོས་སྲོལ་རྒྱུན་དང་ཆོས་ལུགས་ལ་དགག་སྒྲུབ་དང་དོགས་སློང་བྱེད་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། སྲོལ་རྒྱུན་ནམ་སྲོལ་རྒྱུན་གྱི་དབང་འཛིན་པ་རྣམས་ཀྱིས་ཐལ་ཆེ་བའི་སྒེར་གཅོད་ཀྱི་བྱ་བ། ཚད་ལས་འདས་པའི་ལངས་ཤོར་གྱི་ཀུན་སྤྱོད་འདི་དག་ཚོད་འཛིན་བྱེད་པའི་ཆེད་དུ་རེད། རྒྱུ་མཚན་དེ་དག་རེད་མ་གཏོགས། སྲོལ་རྒྱུན་ལ་དགག་སྒྲུབ་དང་ཆོས་ལུགས་ལ་དོགས་སློང་བྱས་ནས་ཆོས་མེད་སྨྲ་བའི་ཚོགས་སྡེ་ག་གེ་མོ་ལྟ་བུ་ཞིག་ཏུ་གྱུར་སོང་ན་སྙམ་པ་དང་། ཆོས་ལུགས་འདི་དང་སྲོལ་རྒྱུན་འདི་བརྗེ་སྤོར་བརྒྱབས་ནས། འཛམ་གླིང་གི་ཆོས་ལུགས་གཞན་པ་ཞིག་གི་ངོ་བོར་བསྒྱུར་སྙམ་པ། ང་ཚོའི་ཆོས་ལུགས་འདི་ཆོས་ལུགས་གཞན་པ་ལས་རྗེས་ལུས་ཡིན་པས་གཞན་ཞིག་འདྲེན་པར་འོས་སྙམ་པ་དེ་འདྲ་འདོད་མཁན་ཡོད་རྒྱུ་མ་རེད་སྙམ།

 

ཡིག་འགོད་པ།   གླིང་ལོ་མ་སེར་པོ།