དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ལ་ཕྱག་འཚལ་ལོ།། སྣང་ཡན་སེམས་ཀྱི་སྤང་ཐང་དུ།། སྣ་མང་རྩལ་གྱི་མེ་ཏོག་ལ།། རྣམ་གཡེང་རྗེས་སུ་རབ་ཆགས་པའི།།ནང་གི་གཅེས་ཕྲུག་དེ་ལ་འདུད།།

དེ་ཡང་གླུ་གར་རོལ་མོ་སོགས་ལ་མཚར་འཛིན་གྱི་མཛེས་རྟོགས་མེད་ན་སྙན་ངག་གི་བྲོ་བ་ལ་ཡང་རོལ་མྱོང་བྱེད་པར་དཀའ་ཞིང་། རང་ཉིད་སྒྱུ་རྩལ་གྱི་འཇིག་རྟེན་ལ་འཇུག་པའི་སྤྲོ་བ་ཡང་ཡོད་མི་སྲིད་པ་ལྟ་བུ་ཡིན། སྒྱུ་རྩལ་ལ་སྤྲོ་བ་མེད་ཅིང་ངོ་མཚར་ལ་མཚར་དུ་མི་འཛིན་མི་ཤེས་པའི་མི་ཚེ་ནི། ང་ཚོས་མདོག་ཤོར་བའི་རི་མོ་ཞིག་གམ་ཡང་ན་ཚོན་མདངས་མེད་པའི་སྐྱ་རིས་ལྟ་བུ་ཞིག་རེད་ཟེར་གྱི་ཡོད། མ་གཞི“མི”ཟེར་བའི་སྲོག་ཆགས་འདི་ནི། དགའ་དུས་དགོད་སྒྲ་དང་སྐྱོ་དུས་སྨྲེ་ངག་འདོན་པའི་མཚར་འཛིན་དང་སྐྱོ་ཉམས་སྟོན་ཤེས་པའི་ཚད་མཐོ་བའི་རང་བྱུང་སྲོག་ཆགས་ཤིག་ཡིན་ནའང་། ཅུང་ཟད་ཀློང་ཡངས་པའི་ངོ་མཚར་གྱི་འཇིག་རྟེན་ལ་ལོངས་སུ་སྤྱོད་བསམ་ན། ངེས་པར་དུ་སྒྱུ་རྩལ་གང་དེའི་སྔོན་འགྲོ་དང་བློ་སྦྱོང་སོགས་ལ་ཉམས་ལེན་དང་འབྲེལ་འགྲིས་བྱ་དགོས་ཀྱི་ཡོད། དེ་ཡང་སྒྱུ་རྩལ་ཐམས་ཅད་ཀྱི་རྩེ་མོ་དང་སྙིང་པོ་ལྟ་བུ་སྙན་ངག་རིག་པ་ལ་ཆ་བཞག་ན། དེ་ཉིད་རྩ་བ་ཚུགས་ཤིང་སྡོང་པོ་སྐྱེས་ཏེ་ཡལ་ག་དང་ལོ་མ་མེ་ཏོག་དང་འབྲས་བུ་སྨིན་པའི་བར་དུ། ལྗོན་ཤིང་བཟང་པོ་ཞིག་སྐྱེས་པ་དང་ཀུན་ནས་འདྲ་པོ་ཡོད་པས། བཤམ་དུ་དཔེ་ལྗོན་ཤིང་དང་སྦྱར་ནས་དོན་ཚན་དྲུག་ཙམ་གྱིས་སྙན་ངག་གི་ལམ་རིམ་མདོར་བསྡུས་ཤིག་བཤད་ན་འདོད་པ་ཡིན།

གཅིག

ལྗོན་པའི་ས་བོན་ནམ་ཡང་ན་སྙན་ངག་གི་རྩ་བ་ཇི་ལྟར་འཛུགས་དགོས་སམ། སྙན་ངག་གི་རྩ་བ་ལོ་ཆུང་བྱིས་པའི་དུས་ནས་སྒྲུང་དང་གཏམ་དཔེ། གབ་ཚིག་དང་དམངས་གླུ་སོགས་མེས་པོ་དམ་པ་རྣམས་ཀྱིས་གནང་བའི་ཞིམ་མངར་རོ་བརྒྱ་ལྡན་པའི་ཤིང་ཏོག་འདི་དག་གི་ས་བོན་གྱིས་འཛུགས་དགོས། ས་བོན་དེ་འདྲ་བཏབས་ཤིང་མཚར་འཛིན་གྱི་བློ་མིག་རྒྱ་ཡངས་པ་ཞིག་ཏུ་བཏང་ཟིན་པའི་གཞོན་སྐྱེས་རྣམས་ཀྱི་ཞལ་ནས། ངག་གི་སྡོང་པོ་དང་ཡལ་ག་སོགས་ལེགས་པར་སྐྱེ་བཞིན་པ་མཐོང་གིན་འདུག །  དེས་ན་གཏམ་བཤད་ཀྱི་གོ་བརྡ་ཅུང་ཟད་འཕྲོད་དུས་ནས་བཟུང་ཨ་ཕྱི་ཨ་མྱེ་དང་ཨ་ཕ་ཨ་མས་བཤད་པའི་དམངས་གཏམ་སྙན་མོ་དེ་ཚོ་ནི། ཕུལ་བྱུང་སྙན་ངག་གི་མེ་ཏོག་ཅི་དགར་བཞད་ཅིང་། སྣོད་བཅུད་རོལ་མྱོང་གི་འབྲས་བུ་གང་འདོད་དུ་སྨིན་པའི་སྒྱུ་རྩལ་པ་ཁོང་ཚོའི་ཐུན་མོང་གི་ས་བོན་ཐེབས་ཤིང་། རྩ་བ་ཚུགས་པའི་རྒྱུ་རྐྱེན་ངོ་མ་དེ་རེད་ཨང་།

དེ་ལྟར་ན་མི་རིགས་སོ་སོའི་དམངས་ཁྲོད་རིག་རྩལ་གྱིས་མི་རིགས་དེའི་མཛེས་རྟོགས་དང་བསམ་བློ་གསོ་ཞིང་སྐྱོང་གིན་ཡོད་པས། ང་ཚོ་བོད་ཀྱི་དམངས་ཁྲོད་དུ། བོད་རང་གི་བསམ་བློའི་མཚར་འཛིན་དང་ཉེ་བའི་སྙན་ངག་གི་ས་བོན་འདེབས་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་པའི་རྒུད་པ་ཞིག་མཆེད་ཀྱིན་འདུག ། མི་རིགས་གཞན་གྱིས་བཟོས་པའི་འགུལ་རིས་དང་གློག་བརྙན་སོགས་ཀྱིས་ཀླད་པ་ཡོངས་སུ་གང་བའི་བོད་ཕྲུག་དག་གིས། མ་འོང་པར་བོད་སེམས་ལྡན་པའི་བོད་ཀྱི་སྐད་ཆ་ཞིག་ཤོད་སྲིད་དམ། བོད་ཀྱི་སྙན་ཚིག་རེ་འཁྱོང་སྲིད་དམ།

གཉིས།

སྙན་ངག་གི་སྡོང་པོ་ཇི་ལྟར་སྐྱེས་སམ། དེ་ལ་དམངས་གཏམ་རིང་མོ་དག་ལ་དགའ་ཞེན་དང་ཉན་སྤྲོ་ཅན་གྱི་རྩ་བ་ཚུགས་པའི་བློ་གསལ་དག་གི་ཞལ་ནས་སྙན་ངག་གི་སྡོང་པོ་སྐྱེ་བར་འགྱུར་ཏེ། དེ་ཡང་མྱོང་ཚོར་དང་ལྟ་ཚུལ། དད་པ་དང་བརྩེ་དུངས་སོགས་རྗོད་བྱེད་ངག་གི་ལམ་ནས་མཚོན་དགོས་པའི་འདོད་བློ་ཡོད་ལ། གཞན་གྱིས་བརྩམས་པའི་སྙན་ཚིག ། དམངས་ཁྲོད་ནས་བྱུང་བའི་གླུ་གཞས། རྟོགས་ལྡན་གྱིས་བླངས་བའི་མགུར་དབྱངས་དག་ལས། ཚིག་གི་བརྗོད་སྟངས་དང་དོན་གྱི་མཚོན་ལུགས་སོགས་གཡར་ཏེ་བྱུང་བའི་མི་ཞིག་གི་རྩོམ་ཡིག་ཐོག་མ་དེ་ཚོ་ལ་སྙན་ངག་གི་སྡོང་པོ་ཟེར་ཞིང་། ས་བོན་གད་དེ་སྡོང་པོ་ཕྱི་རུ་མངོན་པའི་རང་བྱུང་གི་སྣང་ཚུལ་ཙམ་ཞིག་རེད། འོན་ཀྱང་ང་ཚོ་དགོན་སྡེའི་ནང་གི་སྙན་ངག་ལ་ལས་སྐལ་ཡག་པོ་ཞིག་གཏན་ནས་མི་གདའ་སྟེ། རྩོམ་འབྲི་བ་རྣམས་ཨ་གསར་ཆེ་དྲགས་པའམ། ཡང་ནས་ཡིད་ཚིམ་སླ་བའི་རྐྱེན་གྱིས། སྦྲུམ་མ་མངལ་ཤོར་གྱི་དཔེ་ལྟར་ཡིད་དུ་འོང་བའི་ལྗོན་བཟང་གང་དེའི་སྡོང་པོ་ཙམ་སྐྱེས་ནས་སྐམ་འགྲོ་ཡིན་འདུག་སྟེ། ཁ་ནས་སྙན་ངག་སྙན་ངག་ཟེར་མཁན་མང་ན་ཡང་། སྙན་ངག་རྒྱུན་བསྐྱངས་ནས་རང་མི་རིགས་ཀྱི་རྩོམ་རིག་གི་ལྷ་མོ་ལ་ཡིད་འོང་གི་མཛེས་རྒྱན་ལེགས་པོ་འཁྱོང་མཁན་གྱི་སྙན་ངག་པ་ཧ་ཅང་གི་མཐོང་དཀོན་པ་འདིའོ།།

གསུམ།

སྙན་ངག་གི་ཡལ་ག ། རང་གི་མྱོང་ཚོར་ཡི་གེའི་ལམ་ནས་སྤེལ་འདོད་པའི་འདུན་པ་ཞིག་ཡོད་ན་ཡང་། དེ་ཉིད་ཅུང་ཟད་རྩིང་རགས་ཅན་ཞིག་ཡིན་པས། ཕྲ་ཞིབ་ཅན་གྱི་ཚིག་སྦྱོར་ལ་བརྟེན་ཏེ་ཁོར་ཡུག་དང་སྣང་བརྙན་སོགས་ཞིབ་འབྲི་བྱེད་པ་དང་། སེམས་ཁམས་ཀྱི་མྱོང་བ་ཟབ་མོ་གླེང་མི་ནུས་ཀྱང་། གཞན་གྱི་རྩོམ་ཚིག་བརྐུ་བའམ་གཡར་བའི་ནུད་དེ་འགྲོ་བའི་རིམ་པ་ལས་བརྒལ་ཏེ། རང་ཉིད་རང་གི་རྐང་པར་བརྟེན་ནས་ཡར་ལངས་ཏེ་གོམ་པ་སྤོ་བའི་རིམ་པ་ཞིག་ལ་སྙན་ངག་གི་ཡལ་ག་ཟེར། དེ་ཡང་དགའ་སྐྱོ་ཆགས་སྡང་དང་དད་པ་ངེས་འབྱུང་གི་ཚོར་བ་དག་སྤྱི་བཤད་དང་བམ་བརྗོད་ལྟ་བུ་ཞིག་གི་སྒོ་ནས་འབྲི་ཐབས་བྱེད་དེ། དཔེར་ན་གདོང་གི་རྣམ་འགྱུར་དང་ལག་གི་ཕྱག་རྒྱས་མི་ལ་གོ་བརྡ་འཕྲོད་ཐབས་བྱེད་པ་དང་མཚུངས། ང་ཚོ་བོད་པ་རྣམས་ཀྱིས་ནི་ཚད་གཞི་འདི་ཙམ་ལ་ཐོན་དུས་ནས་མི་ཡིས་ཀྱང་སྙན་ངག་པ་ཟེར་ནས་བཏགས། རང་གིས་ཀྱང་རྩོམ་པ་པོ་ཡིན་སྙམ་བཞིན་འདུག་ནའང་། མིག་ལྡན་གཞན་ཞིག་གིས་བལྟས་ན། སྙན་ངག་གི་མེ་ཏོག་བཞད་པ་ལྟ་ཅི་ཕྲ་ཞིབ་ཅན་གྱི་ལོ་མ་ཡང་སྐྱེས་མེད་པས། རིམ་པ་འདི་ལ་རྩོམ་པ་པོ་ཟེར་བའི་སྣེ་ཁྲིད་རང་བཞིན་ཅན་གྱི་ཐ་སྙད་ནི་འབོད་པར་མི་འོས་སོ།།

བཞི།

སྙན་ངག་གི་ལོ་མ། དེ་ནས་མུ་མཐུད་དེ་མདུན་ནས་མདུན་དུ་སྐྱོད་པའི་རྟེན་འབྲེལ་ལས། བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་སྤྲོས་པ་རྣམས་ཇེ་ཞིབ་ཇེ་ཕྲར་འགྲོ་ལ། གསོམ་ཤིང་གི་ལོ་མ་ཇི་བཞིན། བརྗོད་གཞི་ནེ་ཙོ་ལྟ་བུའམ་ཡང་ན་མེ་ཏོག་ལྟ་བུའི་དངོས་པོ་གཅིག་བརྗོད་བྱ་བྱས་ན། དེ་ཉིད་བམ་བཤད་བྱེད་པའི་ལག་བརྡ་ལས་རིམ་པ་འཕར་ཏེ། མངོན་སུམ་བཞིན་དུ་ཡིད་ཀྱི་སྤྱན་རས་ལ་བཤམ་པར་བྱེད་དེ། དེ་ལྟ་བུའི་ལམ་གྱི་རིམ་པ་དེར་ལྗོན་པའི་ལོ་མ་ལྟ་བུའི་སྙན་ངག་གི་ས་ལམ་ཟེར་དགོས་པས། འདི་ནི་ཕྱི་རོལ་གྱི་བྱ་དངོས་བསྐྱར་འབྲི་བྱས་པ་ཙམ་ལ་ཟེར། འདི་ཙམ་ཞིག་ལ་སྙན་ངག་གི་དངོས་གཞིའམ་མེ་ཏོག་ལྟ་བུའི་སྙན་ངག་གི་ས་ལམ་ནི་མི་ཟེར་ཏེ། སྒྱུ་རྩལ་ཐམས་ཅད་ཀྱི་དང་རྩེ་སྙན་ངག་རིག་པ་ནི་བརྩེ་བ་ཟབ་མོ་དང་ཤེས་རབ་རྣོན་པོས་ཚེ་སྲོག་གི་ཆོས་ཉིད། བྱ་དངོས་ཀྱི་རང་བཞིན་སོགས་སྟོན་པའི་ཙན་དན་དམར་པོ་ཞིག་ཡིན་པས། དེ་ཉིད་མེ་ལ་བསྲེག་པའི་སུལ་བ་ནག་པོ་ཞིག་ལ་ཞེ་ཆགས་པར་མི་བྱའོ།། རིམ་པ་འདིའི་ཐོག་ནས་བསམ་བློ་ཟབ་མོ་གཏོང་ཞིང་དཔེ་ཆ་བཟང་པོ་མང་དུ་བཀླག་ཐུབ་ན་ཐད་ཀར་སྙན་ངག་གི་མེ་ཏོག་ཟེར་བ་དེ་འཁྲུངས་ངེས་ཡིན།

ལྔ།

སྙན་ངག་གི་མེ་ཏོག སྔོན་འགྲོ་དེ་དག་ཉམས་སུ་བླངས་ཤིང་ལག་གིས་བསྟར་བའི་རྒྱུད་རིམ་ལས། ད་གཟོད་སྙན་ངག་གི་དངོས་གཞི་སྟེ། མེ་ཏོག་ལྟ་བུའི་མཛེས་སྡུག་རྣམ་པར་བཀྲ་བའི་བརྩམས་ཆོས་དག ། མིག་གི་ལོངས་སྤྱོད་དང་རྣ་བའི་གླིང་བུ་རུ་འཁྲུང་གིན་ཡོད། དེ་ཡང་རང་གི་མཐོང་ཐོས་དང་དགའ་སྐྱོ་ཡི་རི་མོ་དེ་དག་ཞིབ་འབྲི་བྱེད་པའི་སྤྲོ་བ་ཙམ་གྱིས་ཡིད་མི་ཚིམ་པར། ཟུག་ཚོར་ཆེ་བའི་རྨ་ཁ་ལ་རེག་པ་ལྟ་བུའི་ཚོར་བ་དང་ཁ་མ་བྲལ་བའི་སྒོ་ནས། སྤྱི་ཚོགས་དང་འཚོ་བ་མཚོན་པའི་བློས་བསླངས་སྒྱུ་འཕྲུལ་གྱི་སྒྲ་དབྱངས་སྙན་མོ་དེ་ཚོ་ནི། ལུས་ལ་རྒྱན་ཆ་བཏགས་ཏེ་རྐང་པའི་སྟངས་སྟབས་སྒྱུར་བ་དང་མཚུངས་པའི་མཛེས་པ་ཡོད་ན། ད་གཟོད་གཟུགས་མཛེས་ཤིང་དྲི་ཞིམ་པའི་སྙན་ངག་གི་མེ་ཏོག་ངོ་མ་དེ་རེད་ཨང་། ང་ཚོ་བོད་པའི་ལོ་རྒྱུས་ཐོག་སྙན་ངག་ལ་སློབ་སྦྱོང་བྱས་ཤིང་སྦྱང་བ་ལ་འབྲས་བུ་ཐོགས་པའི་རྩོམ་པ་པོ་ཅུང་ཟད་དཀོན་ན་ཡང་། མགྲིན་པའི་རྩ་མདུད་གྲོལ་ནས་སྣང་སྲིད་དཔེ་ཆར་ཤར་བའི་རྣལ་འབྱོར་པ་དེ་ཚོའི་ཞལ་གྱི་སྒོ་མོ་ནས་བརྡོལ་བའི་སྙན་ངག་གི་གཙང་ཆུ་རིང་མོ་འདི་དག་མཇལ་ན། སྙན་ངག་ཤིན་ཏུ་མང་བའི་མི་རིགས་ཤིག་གམ། སྙན་ངག་ཟེར་བ་ཅི་ཡིན་གསལ་པོར་ཤེས་པའི་བོད་པ་ཞིག་ནི་ཡིན་ངེས་པའི་ཚོད་དུ་གདའ།

 དྲུག

སྙན་ངག་གི་ཤིང་འབྲས། སྙན་ངག་གི་འབྲས་བུ་ནི་ངོ་མཚར་མཛེས་རྟོགས་ཀྱི་རོལ་མོས་བཞེངས་པའི་དབྱངས་ཀྱི་སྒེག་མོ་དེ་ཚོ་ལ་རོལ་མྱོང་བྱས་ན། སྒྱུ་རྩལ་གྱི་མཚོན་ཐབས་མི་འདྲ་བ་དང་། ཚོར་བ་ལ་ཉམས་སུ་མྱོང་སྟངས་ཁྱད་དུ་འཕགས་པའི་དབང་གིས། མི་རྣམས་ཀྱི་བློ་ཡི་སྒོ་མོ་ཡོངས་སུ་བྱེ་བར་འགྱུར་ཏེ། དད་པ་ངེས་འབྱུང་། ལ་རྒྱ་ཤ་ཞེན། བརྩེ་དུང་དྲིན་དྲན། ཨ་མཚར་ཀུ་རེ་སོགས་མིའི་རིགས་ཀྱི་འཚོ་བའི་སྙིང་པོ་རྣམས་ལ་ཚེ་སྲོག་ཡོད་པར་བྱེད་ཅིང་། ཚོན་མདངས་རྣམ་པར་བཀྲ་བའི་མཛེས་ལྗོངས་ལྟ་བུའི་དཀྱེལ་ཡངས་དང་རྒྱུན་ཤེས་ཅན་གྱི་སྤྱི་ཚོགས་ཤིག་ཚུར་གཡང་དུ་ལེན་ནུས་པར་གྲགས་སོ།།

སྤྱིར་སྙན་ངག་ཅེས་པའི་རྩོམ་རིག་འདི་ཉིད་ལ་ངོས་བཟུང་ཚུལ་ལ་སྒྲ་ཡངས་དོག་ཅི་རིགས་པ་ཞིག་ཡོད་ན་ཡང་། སྐབས་འདི་ནས་མེ་ཏོག་ལྟ་བུའི་སྙན་ངག་ནི་ཅུང་ཟད་སྒྲ་དོག་པའི་དབང་དུ་བྱས་ནས་བཤད་ཡོད་པ་ཡིན། དེ་ཡང་ང་ཚོ་བོད་ཀྱི་སྙན་ངག་པ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་པས། “དམ་པ་སྔ་མ་རྣམས་འདས་ཤིང་།། བློ་གསལ་བུང་བ་སྤྲིན་བཞིན་འཐོར།། བདག་ཀྱང་མེད་པར་གྱུར་པ་ན།། ཡུལ་འདིར་སྙན་ངག་རྒྱ་མཚོ་ནུབ།།” ཅེས་ཁོང་འདས་རྗེས་སུ་བོད་འདིར་སྙན་ངག་གི་རྒྱ་མཚོ་ནུབ་པར་འགྱུར་བར་གསུངས་པ་དང་། རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་ཀྱང་། རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་དང༌། ། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང༌། ། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌། ། ཞེས་ས་སྟེང་གི་རིན་པོ་ཆེ་གསུམ་ཡོད་ན་གཅིག་ནི་སྙན་ངག་ཡིན་ནོ་གསུངས་པ་སོགས་ལ་བལྟས་ན། རིག་པའི་གཞུང་ལུགས་འདི་ཉིད་ནི་སྟབས་བདེ་ལས་སླ་ཅན་ཞིག་མ་ཡིན་པར། རང་བྱུང་དང་ཚེ་སྲོག་ལ་བཟུང་བའི་བརྩེ་བ་ཟབ་མོ་ཞིག་དང་། བློ་གྲོས་ཀྱི་སྨིན་ཚད་མཐོན་པོ་ཞིག་གི་ཀློང་ནས་བྱུང་བའི་སྒྱུ་རྩལ་གྱི་ངག་སྦྱོར་དབྱངས་འགྲོས་དང་ལྡན་པ་ཞིག་ལ“སྙན་ངག”ཅེས་བཏགས་ཡོད་པར་མཐོང་ངོ་།།

སྒྲ་དབྱངས་ལྷ་མོའི་གཞས་ཆུང་ལ་ཆགས་ནས།། ཚུགས་མེད་གར་གྱི་སྟངས་སྟབས་ངོམ་མཁན་མ།། སྙན་ངག་ལྷ་ཡི་སྲས་མོ་བསླུ་བྲིད་མཁན།། སྐྱེ་རྒུ་འདི་དག་གླུ་ཡིས་དགྲོལ་བར་མཛོད།། ཅེས་པ་འདི་ནི་གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་བོད་རབ་གནས་ཆུ་སྦྲུལ་ལོའི་ལོ་མཇུག་ཏུ་ཀློང་ཆེན་འཛིན་གྲྭའི་སློབ་གཉེར་པ་ལེགས་བཤད་བཟང་པོས་བྲིས་པའོ།།

 

 

___«སྙན་ངག་གི་ལམ་རིམ་མདོར་བསྡུས»ཀྱི་ཁ་སྐོང་།

 

ལྷན་སྐྱེས་རྩོལ་མེད་ཀྱིས་མངའ་བའི།། ངོ་མཚར་མཛེས་རྟོགས་ཀྱི་ལྟ་བ།།སྙན་ངག་རིག་པ་ཡི་ཆ་རྐྱེན།།ཁྱེད་ལ་སྤོས་དྲི་བཞིན་ཁྱབ་ཡོད།། སྦྱང་བརྩོན་དཀའ་སྡུག་ལས་བྱུང་བའི།།བརྡ་དག་མེ་ཏོག་གི་ཆུ་ལུད།།སྒྱུ་རྩལ་རྩོམ་རིག་གི་ལག་ཆ།།ཁྱེད་ཀྱིས་སྔ་ས་ནས་བཟུང་འདུག། རྣམ་དཔྱོད་མེ་ལོང་གི་ནང་དུ།།རང་གཤིས་ཐུན་མིན་ཞིག་ཤར་འདུག།བདག་སེམས་དབྱར་ལྗོངས་ཀྱི་བུང་བ།།གཏན་དུ་འབུལ་འདོད་ཅིག་ཡོད་བཞག།

རྩོམ་རིགས་མེ་ཏོག་གི་ཚལ་དུ།།གོམ་པ་དང་པོ་ནས་སྤོ་ན།།ལྷུག་རྩོམ་སེར་ཆེན་གྱི་མེ་ཏོག།འབྲོག་པའི་སྦྲ་སྒོ་ན་སྐྱེས་ཡོད།།ཐོག་མའི་སྔོན་འགྲོ་ཡི་ཚུལ་དུ།།འདི་ལ་ནན་ཏན་ཞིག་དགོས་སྐད།།ཉིན་ཐོ་ཟིན་ཐོ་ནས་བཟུང་སྟེ།།གནས་སྐོར་ལྗོངས་རྒྱུ་ཡི་ཚོར་སྣང་།།དཔེ་དང་མངོན་བརྗོད་ཀྱིས་བརྒྱན་ལ།།དུས་ཚོད་ཡོད་ཡོད་དུ་ཕྲིས་ཤིག།

གོ་རིམ་ངེས་ཅན་ལྟར་སྒྲུབ་པའི།།རྩོམ་ལ་དོན་གཉེར་འདྲ་འདུག་ན།།གོམ་གང་མདུན་སྤོས་ཀྱི་ཚུལ་དུ།།ན་མ་ཐང་ཆེན་དུ་སྐྱེས་པའི།།བརྩམས་སྒྲུང་ཨུད་པལ་གྱི་མེ་ཏོག།འདི་ལ་དགའ་བ་ཞིག་དགོས་འདུག།བྱིས་སྒྲུང་ངོ་མཚར་གྱི་བུ་རམ།།དང་པོའི་ཚོད་ལྟ་རུ་གྱིས་ལ།།ཐུགས་ལ་ཁོམ་པ་འདྲ་ཡོད་ན།།སྒྲུང་རྩོམ་གླིང་ག་རུ་འཕུར་ཤོག།

སྒྱུ་རྩལ་ཐམས་ཅད་ཀྱི་རྒྱལ་པོ།།ངག་རིགས་སྣ་ཚོགས་ཀྱི་དྭངས་མ།།སྙན་ངག་གུར་ཀུམ་གྱི་མེ་ཏོག།མི་ཚེའི་དཔལ་ཡོན་དུ་འཁྲུངས་པ།།གསར་རྙིང་སྣ་ཚོགས་ཤིག་ཡོད་ལ།།གྲུབ་མཐའ་གང་མང་ཞིག་མཆིས་རུང་།།སྲོལ་རྒྱུན་དཔག་བསམ་གྱི་ཤིང་ལ།།དེང་རབས་འབྲས་བཟང་འདི་འབྲི་དགོས།།བརྩེ་བ་སྲོག་རྩ་རུ་མེད་ན།།ཚིག་སྐམ་རྣམ་ཤེས་ཀྱི་བཙན་གཡེམ།།དབྱངས་འགྲོས་སྙན་པོ་དེ་ཉམ་ན།།སྙན་ངག་ཧྲལ་ཧྲུལ་དེས་ཅི་བྱ།།མཛེས་རྟོག་རྒྱན་ཆ་དང་བྲལ་བའི།།ངག་རྩོམ་ཉ་མོ་དེས་གང་ནུས།།དེ་ཕྱིར་སྲོག༵་ལུས༵་དང་རྒྱན༵་ཆ།།རྒྱུན་དུ་སྣང་འཇོག་ཅིག་དགོས་ལ།།ད་དུང་འཆར་ཡན་གྱི་བློ་ཡིས།།སྒྱུ་འཕྲུལ་ལྷ་ཁང་གི་བཀོད་པ།།བར་སྣང་སྟོང་པ་རུ་བཞེངས་འདྲའི།།མཛེས་ཚོར་ཤུགས་འབྱུང་ཡང་དགོས་སྐད།།མཚོན་ཐབས་ཁྱད་འཕགས་ཀྱི་ནང་ནས།།རྟོགས་པ་རྒྱ་གར་དུ་ཁྲིད་ཅིང་།།དཔྱོད་པ་རྒྱ་ནག་ལ་འདྲེན་ན།།དེ་ལ་སྙན་ངག་ཅེས་འབོད་ཨང་།།གྲོགས་གཅེས་བློ་རིག་གི་མེ་ལྕེ།།གར་སྟབས་ལིང་ལིང་དུ་བསྒྱུར་དགོས།།སེམས་པའི་གཏིང་རུམ་དུ་ཉལ་བའི།།རང་གཤིས་སྟག་མོ་དེ་སད་ཤོག།

2014 .3 .25