—— རིག་ལྡན་རྒྱ་མཚོའི་སྒྲུང་རིང《བློས་བསླངས་དཀྱིལ་འཁོར》གླེང་བ།   

རིག་ལྡན་རྒྱ་མཚོ་ནི་དེང་རབས་བོད་ཀྱི་རྩོམ་སྟེགས་སུ་གྲུབ་འབྲས་གཡུར་དུ་ཟ་ཞིང་ཤུགས་རྐྱེན་ཤིན་ཏུ་ཟབ་པའི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན། ཁོང་ནི“དངོས་གནས་མི་ལོ་ཧྲིལ་བོ་སུམ་ཅུའི་དུས་ཡུན་ནང་དུ་སྒྲུང་གཏམ་འབྲི་བ་དང་ཀློག་པ། དཔྱད་པ་གཏོང་བ་སོགས་ཀྱི་ལས་ཀ་རྒྱུན་མ་ཆད་པར”①གཉེར་མཁན་ཞིག་ཡིན་པའི་ཆ་ནས། ནམ་རྒྱུན་འཚོ་བར་ཟབ་ཞུགས་གཏོང་བ་དང་དངོས་ཡོད་ལ་དོ་སྣང་བྱེད་པ། མིའི་སེམས་ཁམས་ཀྱི་འཇིག་རྟེན་ལ་འཚོལ་རྟོག་གནང་བ། མི་ཚེའི་དོན་སྙིང་ལ་རྟོག་ཞིབ་གནད་མོ་བགྱིད་པ་སོགས་ཀྱི་ལས་ལ་འཇོན་ཞིང་། མི་ཚེ་དང་སྤྱི་ཚོགས་ལ་གཏིང་ཟབ་པའི་བསམ་གཞིག་དང་ཞིབ་འཇུག་མཛད་དེ་རྩོམ་རིག་གི་ལྟ་བ་ཟབ་མོ་ཆགས་ཡོད་པ་ཞིག་ཡིན། ཁོང་གིས་ཐོག་མར“སྒྲུང་གཏམ་ནི་མི་རིགས་ཤིག་གི་གསང་རྣམ་དུ་ངོས་འཛིན་བྱེད་པའི” (པར་ཀྲ་ཁོའི་གསུང)②བསམ་བློ་ཁུར་དུ་བཞེས་ཡོད་པས། སྒྲུང་རིང巜བློས་བསླངས་དཀྱིལ་འཁོར》(2017ལོའི་ཟླ7པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར)དུ་གཞན་དུ་མ་གྲགས་པའི་ཉེ་རབས་མདོ་སྨད་ཡུལ་གྱི་ཁམས་ཆུང་སྡེ་བ་དང་སྣང་ར། རྨ་ཡུལ་སོགས་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་ཡུལ་གྲུ་ཞིག་གི་ལོ་རྒྱུས་སུ་བསྒྲིལ་བ་དང་། ཐོས་པ་དགའ་དང་བུ་མོ་ཟླ་སྒྲོན་བཟང་མོའི་མི་ཚེ་གང་གི་འཚོ་བའི་མྱོང་བརྒྱུད་དང་ལས་དབང་གི་འགྱུར་ལྡོག་བརྒྱུད་དེ། མི་སྒེར་གྱི་ལས་དབང་དང་ཁྱིམ་རྒྱུད་ཀྱི་ལས་དབང་། མི་རིགས་ཀྱི་ལས་དབང་རྣམས་གཞི་གཅིག་ཏུ་སྦྲེལ་ཅིང་། ལོ་རྒྱུས་ཀྱི་ལྟ་བ་གསར་བའི་མཐོང་སྣེ་ལ་བརྟེན་ནས་དུས་རབས་གཅིག་ལྷག་གི་སྐབས་དེའི་བོད་རིགས་ཀྱི་ཚོ་བ་ས་ཁུལ་གྱི་སྤྱི་ཚོགས་ཀྱི་གནས་བབ་དང་ལོ་རྒྱུས་ཀྱི་སྒྲིག་གཞི་དུམ་བུ་ཞིག་ཟིན་ཐོར་བཀོད་ཡོད། རྩོམ་དུ་ངག་རྒྱུན་གྱི་ཆ་མང་བ་དང་ལོ་རྒྱུས་ཀྱི་རྒྱུ་ཆ་གཙིགས་པ། འཚོ་བའི་དངོས་དོན་གྱིས་ཕྱུག་པ་དང་ཡུལ་དུས་ཀྱི་ཤོང་རྒྱ་ཡངས་པ་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དེ་ནི་རྩོམ་པ་པོ་ཉིད་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཨ་མདོའི་ཡུལ་དུ་སྐྱེས་ཤིང་ནར་སོན་པ་དང་། གཞོན་དུས་ནས་མདོ་དབུས་ཁམས་གསུམ་དང་ཨ་རི་དང་རྒྱ་གར་སོགས་ཡུལ་གྲུ་མང་པོར་འགྲིམས་ཏེ། རྒྱུ་མང་ཅན་གྱི་ཡུལ་ཁམས་དག་གི་མི་རིགས་དང་ཡུལ་སྲོལ་གོམས་འདྲིས་ཀྱི་རིག་གནས་སྣང་ཚུལ་ལ་ཆ་རྒྱུས་ཟབ་མོ་ཐོབ་པའི་མི་སྒེར་གྱི་ཉམས་མྱོང་གི་འབྲས་བུ་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་རེད། ཡིན་ན་ཡང་། རྩོམ་པ་པོས་བརྩམས་སྒྲུང་འདི་འབྲི་སྐབས“རང་ཉིད་གོམས་པའི་རྩོམ་གཤིས་དོར་ནས་བོད་མི་རིགས་ཀྱི་གནའ་རབས་རྩོམ་རིག་གི་རྩོམ་གཤིས་ལ་སྒོ་བསྟུན་ཅི་ཐུབ་བྱས་ཡོད”③ཟེར་མོད། དོན་ངོ་མར་ཁོང་གིས་རྩོམ་རིག་གི་སྐད་ཆ་དང་སྒྲིག་གཞིའི་ཆ་ནས《མི་ལ་རས་པའི་རྣམ་ཐར》གཙོས་པའི་བོད་གནའ་རབས་ཀྱི་བརྩམས་སྒྲུང་གི་རྣམ་པ་ལྷུར་བླངས་ཡོད་ཀྱང་རྩོམ་རིག་གི་སྙིང་སྟོབས་དང་ལོ་རྒྱུས་ཀྱི་ལྟ་བ། མཛེས་དཔྱོད་ཀྱི་འདུ་ཤེས་སོགས་ཀྱི་ཆར་སྔ་མའི་བརྩམས་སྒྲུང་གཞན་དང་མི་འདྲ་བའི་ཁྱད་ཆོས་དང་དགེ་མཚན་མང་པོ་མངོན་གསལ་དུ་ཆགས་འདུག་ཅིང་། ཁྱད་ཆོས་དེ་དག་ཁྲོད་ནས་ཆེས་གཙོ་བོར་གྱུར་པ་ནི་ཁོང་གིས“ལོ་རྒྱུས”ཞེས་པའི་ཐ་སྙད་འདི་ལ་བསམ་གཞིག་གི་ལྟ་ཚུལ་ཐུན་མོང་མ་ཡིན་པ་ཞིག་བཅངས་ཡོད་པ་དེ་རེད།

རང་རེའི་རྩོམ་བྱུང་གི་ལོ་རྒྱུས་སམ་ལོ་རྒྱུས་ཀྱི་རྩོམ་རིག་གི་ཁྱབ་ཁོངས་སུ《རྡོ་རིང་པཎ་ཊི་ཏའི་རྣམ་ཐར》དང་། 《བློན་པོ་མགར་གྱི་གཏམ་རྒྱུད》 《ཐོན་མི་སམ་བྷོ་ཊ》《རྒྱ་བཟའ་བལ་བཟའི་རྣམ་ཐར》《མི་དབང་རྟོགས་བརྗོད》སོགས་བརྩམས་སྒྲུང་གི་རྣམ་པ་ཅན་གྱི་སྒྲུང་རིང་མི་འདྲ་བ་མཐོང་རྒྱུ་ཡོད་ཅིང་། བོད་ཀྱི་རྩོམ་རིག་གཞུང་ལུགས་དང་ལོ་རྒྱུས་གཞུང་ལུགས་ཀྱིས་དེ་ལ་ངོས་འཛིན་བྱེད་སྐབས“ལོ་རྒྱུས་སྒྲུང་གཏམ”ཞེས་འབོད་སྟངས་རྒྱུན་ཆགས་སུ་གྱུར་ཡོད། སྤྱིར་བཏང་གི་གོ་བ་ལེན་སྟངས་ལྟར་ན། ལོ་རྒྱུས་སྒྲུང་གཏམ་ཟེར་བ་ནི། ལོ་རྒྱུས་ཀྱི་མི་སྣ་དང་དོན་རྐྱེན་བརྗོད་གཞིར་བྱས་པའི་བརྩམས་སྒྲུང་རིང་ཐུང་ཅི་རིགས་ལ་བྱ་བ་དང་། དེའི་ཁྱད་ཆོས་གཙོ་བོ་ནི་དོན་དངོས་ཀྱི་ལོ་རྒྱུས་མི་སྣ་དང་དོན་རྐྱེན་རྨང་གཞི་བྱས་པའི་སྟེང་དུ་རྩོམ་པ་པོས་དགོས་ངེས་ཀྱི་གཅིག་སྡུད་དང་འོས་འཚམ་གྱི་འཆར་སྣང་དང་རྟོག་བཟོ་བརྒྱུད་དེ་ལོ་རྒྱུས་ཀྱི་དུས་རབས་ངེས་ཅན་གྱི་སྤྱི་ཚོགས་རྣམ་པ་དང་ལོ་རྒྱུས་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་བསྐྱར་མཚོན་བྱེད་པ་ཞིག་ཡིན། འོན་ཀྱང་། དེང་འདིར། རྩོམ་རིག་གི་ལྟ་བ་ལ་རིམ་གྱིས་འགྱུར་ལྡོག་འབྱུང་བཞིན་པ་དང་བསྟུན་ནས་ལོ་རྒྱུས་རྩོམ་རིག་ཅེས་པའི“ལོ་རྒྱུས”ལ་གོ་བ་དང་དོགས་སློང་སྣ་ཚོགས་འདོན་གྱིན་པར་སྣང་། ཁ་ཅིག་གིས་ལོ་རྒྱུས་ནི“འཆར་ཡན་ཁྲོད་ཀྱི་འདས་ཟིན་པའི་ཡུལ་དུས”སུ་འདོད་པ་དང་། འགའ་ཞིག་གིས“འདས་པའི་ཡུལ་དུས་སུ་དངོས་ནས་བྱུང་བའི་དོན་དག་ཡོད་ཚད”དུ་དགོངས་ཤིང་། རེ་འགས“འདས་པའི་ཡུལ་དུས་སུ་བྱུང་བའི་དོན་དག་གི་ཟིན་ཐོ”རུ་བསམ་བཞིན་ཡོད། “འཆར་ཡན་ཁྲོད་ཀྱི་འདས་པའི་ཡུལ་དུས”དེ་ལའང“མི་སྒེར”གྱི་འཆར་ཡན་དང“ཐུན་མོང”(མི་རིགས་དང་དུས་རབས་ལྟ་བུ)གི་འཆར་ཡན་དང་། ཡང་ན་བསམ་གཟས་ནས་རྟོག་བཟོ་བྱས་པའི་ཚུལ་གྱི་འཆར་ཡན་དང་དམིགས་མེད་དུ་རྟོག་བཟོ་བྱས་པའི་འཆར་ཡན་སོགས་ཀྱི་དབྱེ་བ་མཛད་ཡོད། དེ་བཞིན་དུ“འདས་པའི་ཡུལ་དུས་སུ་དངོས་ནས་བྱུང་བའི་དོན་དག་ཡོད་ཚད”ལའང་རྟོག་གཞིག་རང་བཞིན་གྱི་སྔོན་རྟོག་གི་འཆར་འགོད་ཡོད་མེད་རིགས་གཉིས་སུ་ཕྱེ་རུང་ལ། “འདས་པའི་ཡུལ་དུས་སུ་བྱུང་བའི་དོན་དག་གི་གི་ཟིན་ཐོ”ལ་ཡང་ལོ་རྒྱུས་རྣལ་མ་དང་ཕལ་མའི་ཁྱད་པར་ཡོད་དོ།།

གང་ལྟར་ཀྱང་། ཡུན་རིང་གི་རྩོམ་རིག་ལོ་རྒྱུས་འཕེལ་རྒྱས་ཁྲོད་དུ། རྩོམ་རིག་དང་ལོ་རྒྱུས་གཉིས་ལ་དབྱེ་བ་འབྱེད་རྒྱུ་མི་སྣང་། ཁྱད་པར་དུ་སྙན་ངག་དང་ལོ་རྒྱུས་གཉིས་ཆུ་དང་མ་འོ་མ་འདྲེས་པ་ལྟར་ཡིན་པ་སྔོན་གྱི་སྐྱེ་རབས་དང་རྣམ་ཐར། རྟོགས་བརྗོད་ཕལ་ཆེ་བ་དག་བཅད་ལྷུག་གི་སྙན་ངག་ལམ་ནས་འབྲི་བ་ལས་ཀྱང་གསལ་བར་རྟོགས་ཐུབ། དེ་བས། ད་ལྟ་ང་ཚོར་ཆ་རྒྱུས་ཡོད་པའི་རྩོམ་རིག་དང་ལོ་རྒྱུས། མཚན་ཉིད་རིག་པ་སོགས་ཀྱི་ཤེས་བྱའི་དབྱེ་མཚམས་ནི་ཉེ་རབས་ནས་བྱུང་བ་ལས་སྔོན་གྱི་དུས་སུ་བྱེ་བྲག་གི་ཞིབ་ཆ་འདོན་མཁན་བྱུང་མེད་ཚོད་རེད། རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་སོགས་གང་ཡིན་ཀྱང་དེ་སྔའི་ལོ་རྒྱུས་ཀྱི་བརྩམས་ཆོས་དང་རྩོམ་རིག་གི་བརྩམས་ཆོས་མཐའ་དག་ནི་ནམ་ཡང་གཞི་གཅིག་ཏུ་འདྲེས་ནས་ཡོད། མིང་དུ་གྲགས་པའི་གནའ་བོའི་ཀེ་རེ་སིའི་ཧི་མའི་ལོ་རྒྱུས་སྙན་ངག་དང་རྒྱ་ནག་གི《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》 བོད་ཀྱི《གེ་སར་རྒྱལ་པོའི་སྒྲུང》སོགས་སོ་སོས་རང་ངོས་ནས་གནའ་རབས་ཀྱི་ལོ་རྒྱུས་ཟིན་བྲིས་སུ་བཏབ་ཡོད་ཅིང་། དེང་གི་ལོ་རྒྱུས་སྨྲ་བ་དག་གིས་གནའ་བོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སྐབས་དེ་དག་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་དུ་བཟུང་ཡོད་པར་མ་ཟད། གནའ་བོའི་ཀེ་རེ་སི་འམ་བོད་ཀྱི་རྩོམ་རིག་གི་འབྱུང་ཁུངས་རིགས་ཤིག་གི་ཁུངས་འདེད་བྱེད་དུའང་བགྲང་གིན་ཡོད། དེར་བརྟེན། རྩོམ་རིག་དང་ལོ་རྒྱུས་ཀྱི་འབྲེལ་བ་གང་འདྲ་ཡིན་པའི་སྐོར་ལ་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གཞུང་ལུགས་ཁྲོད་དུ་ཅུང་ཟད་ཕྱོགས་བསྡུས་ཀྱི་གསལ་བཤད་བྱེད་ཐུབ་པ་བྱུང་ཡོད་དེ། དོན་དངོས་ཀྱིས་དངོས་ཡོད་འཚོ་བ་འཕྱོར་འབྲི་བྱེད་པ་དང་ལོ་རྒྱུས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ཚུར་སྣང་བྱེད་པ་ནི་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གི་རྩ་བའི་བླང་བྱ་དང་མཐུན་པ་ཞིག་ཡིན།

གལ་ཏེ་ལོ་རྒྱུས་ནི་ཕྱི་རོལ་ཡུལ་གྱི་དོན་དངོས་ཤིག་ཡིན་པའི་དབང་དུ་བཏང་ན། རྟོག་བཟོའི་རྣམ་པར་གནས་པའི་རྩོམ་རིག་གིས“བདེན་དངོས”ཀྱི་སྒོ་ནས་དོན་དངོས་དེའི་རིགས་སྒྱུ་རྩལ་ལ་བརྟེན་ནས་ཚུར་སྣང་བྱེད་ཐུབ་པ་ཡིན། གནའ་བོའི་ཀེ་རེ་སིའི་སྐབས་སུ། ཡ་ལིས་ཧྲི་ཏའོ་ཏི་ན་རེ། “སྙན་ངག་འབྲི་བའི་བྱ་འགུལ་དེ་ལོ་རྒྱུས་འབྲི་བ་དང་བསྡུར་ན་དེ་ལ་མཚན་ཉིད་རིག་པའི་ནང་དོན་ལྡན་པ་ཡིན། ……རྒྱུ་མཚན་ནི་སྙན་ངག་གིས་བྲིས་པའི་དོན་དག་ལ་ཡོངས་ཁྱབ་རང་བཞིན་ལྡན་མོད། འོན་ཀྱང་ལོ་རྒྱུས་ནི་བྱེ་བྲག་གིས་སྤྲོས་བརྗོད་བྱས་པའི་དོན་དག་ཅིག་རེད”④ཅེས་གསུངས། དེ་ལས་ང་ཚོས་རྩོམ་རིག་ནི་ལོ་རྒྱུས་ཀྱི་དངོས་དོན་གྱི་སྟབས་བདེའི་ཟིན་ཐོ་ཙམ་མ་ཡིན་པར་ཡོངས་ཁྱབ་རང་བཞིན་དང་ཆོས་ཉིད་རང་བཞིན་སྔོག་འདོན་བྱེད་པའི་ལོ་རྒྱུས་ཀྱི་ནང་དོན་ཞིག་ཏུ་གྱུར་ཡོད་པ་རྟོགས་ཐུབ། ཕྱིས་ཀྱི་དངོས་ཡོད་རིང་ལུགས་ཀྱི་གཞུང་ལུགས་སྨྲ་པ་དག་གིས་ཀྱང་བསམ་བློ་འདི་ཉིད་གཞིར་བཟུང་སྟེ་རྩོམ་རིག་གི“བདེན་པའི”རྨང་གཞིའི་ནང་དོན་ལ་འགྲེལ་བཤད་གནང་སྟེ་རྩོམ་རིག་གིས་དཔེ་གཞི་ཅན་གྱི་གཅིག་བསྡུས་ཀྱི་རྣམ་པ་བརྒྱུད་དེ་ལོ་རྒྱུས་ཀྱི་དོན་དངོས་མཐའ་དག་ཚུར་སྣང་བྱེད་པའི་སྡོམ་ཚིག་འཇོག་གིན་ཡོད་པ་རེད། དེ་ལྟར། ང་ཚོས་དུས་ཡུན་རིང་པོ་ཞིག་གི་ནང་དུ“ལོ་རྒྱུས”ནི་དངོས་སྣང་གི་དོན་སྤྱི་ཞིག་ཏུ་ངོས་འཛིན་པ་ཡིན་ཏེ། བོད་གནའ་རབས་ཀྱི《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དང《མི་དབང་རྟོགས་བརྗོད》 《རྒྱ་བཟའ་བལ་བཟའི་རྣམ་ཐར》《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》སོགས་བརྩམས་སྒྲུང་གི་རྣམ་པ་ཅན་གྱི་སྒྲུང་མང་པོའི་ནང་དུ་ཡང་དོན་དངོས་ཀྱི་ཡུལ་དང་དུས་ཀྱི་བར་མཚམས་ཡོད་པ་དང་དོན་དངོས་ཀྱི་བྱུང་བ་ངོ་མ་ཡོད་པར་སྣང་ལ། དེ་དག་ལ་ད་དུང་ཧ་ཅང་ཐག་ཆོད་རང་བཞིན་ལྡན་པའི་རིན་ཐང་གི་དོན་སྙིང་ཡང་ལྡན་པར་འདོད། དོན་དངོས་དེ་དག་ལས་མཚོན་པའི་རིན་ཐང་དེ་ལ་སུས་ཀྱང་དོགས་སློང་མཛད་མི་དགོས་པའི་ཡང་དག་རང་བཞིན་ལྡན་པར་མ་ཟད། ད་ལྟའི་དངོས་ཡོད་ཀྱི་རིན་ཐང་གི་འབྱུང་ཁུངས་ཀྱང་དེ་ཉིད་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། དེ་ལྟ་བུའི་ལོ་རྒྱུས་ཀྱི་འདུ་ཤེས་ཀྱི་རམ་འདེགས་འོག་མི་རྣམས་ཀྱིས་རང་བཞིན་གྱིས་དངོས་གནས་ཀྱི་ལོ་རྒྱུས་དེ་དེ་ལྟར་གཞི་གྲུབ་ཅིང་ཡུལ་དུས་ཀྱི་ངོས་ནས་བྱུང་མྱོང་ཡོད་པར་མ་ཟད། དེས་དངོས་ཡོད་ལ་ནུས་པ་ངེས་ཅན་ཞིག་འདོན་གྱིན་ཡོད་པར་ཡིད་ཆེས་གཏིང་ནས་བྱེད་ཀྱིན་ཡོད། དེ་ནི་ང་ཚོས་ད་རག་བར་རྒྱུན་བསྐྱངས་པའི་སྲོལ་རྒྱུན་གྱི་རྩོམ་རིག་དང་ལོ་རྒྱུས་ཀྱི་ལྟ་བ་ཞིག་རེད།

སྒྲུང་གཏམ་རྩོམ་པ་པོ་རང་སྒྲས《བློས་བསླངས་དཀྱིལ་འཁོར》ལ་དཔྱད་པ་གཏོང་སྐབས“སྒྲུང་གཏམ་འདིར་སྒྲུང་རིང་ཞིག་ལ་མ་གཏོགས་འཛོམས་མི་ཐུབ་པའི་དཀྱུས་ཞེང་དཔངས་གསུམ་གྱི་རྣམ་པ་མངོན་གསལ་དུ་འཛོམས་ཡོད།”⑤ཅེས་བསྟན་ཡོད་ལ། དེ་ཡང་དཀྱུས་ཀྱི་དབང་དུ་དུས་རབས་ཉི་ཤུ་པའི་མགོ་ནས་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བར་བསྲིངས་ཡོད་པ་དང་། ཞེང་གི་དབང་དུ་ཁམས་ཆུང་སྡེ་བ་ནས་རྒྱ་བསྐྱེད་དེ་ཡུལ་གྲུ་དེའི་ལེ་ལག་ཏུ་གྱུར་པའི་རྨ་ཡུལ་དང་སྣང་ར། ཨ་ཆུང་གནམ་རྫོང་སོགས་ལ་ཁྱབ་ཅིང་། དཔངས་ཀྱི་དབང་དུ་ས་ཁུལ་འདིའི་ཡུལ་སྲོལ་གོམས་འདྲིས་དང་ཉོག་འཛིང་ཆེ་བའི་སྲིད་འགྱུར་གྱི་རྣམ་པ་སོགས་ཚུད་པར་བཤད་པ་ནི་གནད་དུ་ཐིངས་པའི་ལེགས་བཤད་དུ་འཁུམས་མོད། ཞིབ་ཏུ་དཔྱད་ན། སྐུ་ཞབས་རང་སྒྲས་ང་ཚོར་ཁྱོན་ཡོངས་ནས་སྒྲུང་གཏམ་གྱི་དགེ་མཚན་གླེང་བ་ཙམ་ལས་བྱེ་བྲག་གི་ཆ་ནས་རྩོམ་རིག་དང་ལོ་རྒྱུས་གཉིས་ཀྱི་འབྲེལ་བ་དང་གཙོ་ཕལ་གྱི་གོ་གནས་གཞིར་བཞག་སྟེ་དབྱེ་ཞིབ་བཏང་མི་འདུག ཕྲན་གྱིས་བལྟས་ན། “ཡུལ་གྲུ”ཞིག་གི་ལོ་རྒྱུས་སུ་གཟིགས་ཆོག་པའི《བློས་བསླངས་དཀྱིལ་འཁོར》ལ་རོལ་མྱོང་བྱེད་སྐབས་ད་དུང་མུ་མཐུད་དུ་རྩོམ་རིག་དང་ལོ་རྒྱུས་ཀྱི་འབྲེལ་བའི་གནད་དོན་ལ་སྔར་ལས་ལྷག་པའི་གཏིང་ཟབ་ཀྱིས་ཞིབ་འཇུག་བྱེད་པའི་དགོས་པ་ཅུང་མཆིས་སོ་སྙམ།

ས་ཁམས་ཀྱི་ཆ་ནས་བཤད་ན། སྐུ་ཞབས་རང་སྒྲས་ཞེང་གི་དབང་དུ་བཏང་ནས་བཤད་པའི་ཁམས་ཆུང་སྡེ་བ་དང་དེའི་ལེ་ལག་ཏུ་གྱུར་པའི་རྨ་ཡུལ་དང་སྣང་ར། ཨ་ཆུང་གནམ་རྫོང་ལ་སོགས་པ་ནི་གཙོ་ཆེར《མདོ་སྨད་ཆོས་འབྱུང》དུ་གསལ་བ་ལྟར་ཡུལ་མདོ་སྨད་ཀྱི་རྨ་ཆུའི་ཉེ་འགྲམ་དུ་ཆགས་པ་དང་། དེ་བཞིན་དུ་རྨ་ཡུལ་དཔོན་དང་སྣང་རའི་དཔོན། གནུབས་པཎ་ཆེན། བླ་མ་བསྟན་འཛིན་དབང་ཕྱུག གསེར་ཁྲི་སྐྲ་ནག་པ་སོགས་ལས་མང་པོ་ཞིག་ནི་རྟོག་བཟོའི་རྩལ་ལས་ཐོན་པ་མ་ཡིན་པར་བཅིངས་འགྲོལ་ཡར་སྔོན་དུ་མདོ་སྨད་ཀྱི་ལོ་རྒྱུས་ཐོག་དངོས་སུ་བྱུང་བའི་མི་སྣ་ཡིན། མི་སྣ་དང་ས་གནས། དོན་གྱི་བྱུང་བ་དེ་དག་ལ་ལོ་རྒྱུས་ཀྱི་རྒྱུ་ཆ་ངེས་ཅན་ཞིག་ཡོད་པས། ད་ལྟ་ང་ཚོའི་མིག་མདུན་དུ《བློས་བསླངས་དཀྱིལ་འཁོར》ནི་ཡང་སྙིང་ལོ་རྒྱུས་ཡིན་ནམ་རྩོམ་རིག་ཡིན་པར་བརྡར་ཤ་གཅོད་དཀའ་བའི་གནད་དོན་ཆེན་པོ་ཞིག་ལྷགས་འདུག འདིའི་སྟེང་ནས་ང་ཚོའི་རྩོམ་པ་པོའི་རྩོམ་འབྲིའི་ཀུན་སློང་དང་སྙིང་སྟོབས་ཤིག་ཀྱང་མྱོང་ཐུབ་པ་ཡིན།

ང་ཚོས་ཤེས་ཟིན་པ་ལྟར། 《བློས་བསླངས་དཀྱིལ་འཁོར》སུ་ལོ་རྒྱུས་ཀྱི་དོན་དངོས་ཀྱི་རྒྱུ་ཆ་ཚད་མཐོན་པོས་སྤྱད་ཡོད་ན་ཡང་། དེ་ནི་སྔར་བཞིན་རྩོམ་རིག་གི་བརྩམས་ཆོས་ཤིག་ཏུ་ལྟ་བ་ལས་ལོ་རྒྱུས་ཀྱི་དེབ་ཐེར་དུ་ངོས་འཛིན་ཐབས་མེད། ལོ་རྒྱུས་ནི་དོན་དངོས་ཡིན་ལ་རྩོམ་རིག་ནི་དེ་དང་མི་མཐུན་པར་རྟོག་བཟོ་ལས་གྲུབ་པ་ཡིན། ལོ་རྒྱུས་ནི་རང་བྱུང་གི་འཕེལ་རྒྱས་ཀྱི་གོ་རིམ་ཡིན་པ་དང་། རྩོམ་རིག་ནི་རིན་ཐང་དཔྱད་འཇོག་གི་གོ་རིམ་ཡིན། ལོ་རྒྱུས་ནི་སིལ་བུར་ཐོར་བའི་རིལ་བུ་ཡིན་ལ་རྩོམ་རིག་ནི་སྐྱེ་ལྡན་གྱི་གྲུབ་ཚུལ་ཧྲིལ་བོ་ཞིག་རེད། དེ་བས། 《བློས་བསླངས་དཀྱིལ་འཁོར》ཀྱི་ལོ་རྒྱུས་རྒྱུ་ཆ་ཕོན་ཆེན་པོ་དེ་ལ་ཁུངས་སྐྱེལ་ན་མི་འགྲིག་པར་དེ་ཉིད་རྩོམ་རིག་གི་བརྩམས་ཆོས་ཀྱི་ཁོངས་སུ་བསྐྱལ་རྒྱུ་ནི་རང་བཞིན་གྱི་གནས་ལུགས་ཤིག་ཡིན་ལ། བརྩམས་སྒྲུང་དུ་སྤྱད་པའི་ལོ་རྒྱུས་ཀྱི་རྒྱུ་ཆ་དེ་དག་ཀྱང་རང་བཞིན་གྱིས་རྩོམ་རིག་གི་གྲུབ་ཆར་གཏོགས་པ་ལས་ལོ་རྒྱུས་ཀྱི་རྒྱུ་ཆར་འགྲོ་ཐབས་མེད་པ་ནི་ཞར་དུ་རྟོགས་ཐུབ་པའི་དོན་ཞིག་རེད། དེས་ན། ང་ཚོས《བློས་བསླངས་དཀྱིལ་འཁོར》ལ་ལོ་རྒྱུས་རིག་པའི་བྱེད་ཐབས་ཀྱིས་དབྱེ་ཞིབ་དང་མཚན་ཉིད་བཞག་ན་མི་འགྲིག་པ་དང་། ལོ་རྒྱུས་ཀྱི་རྒྱུ་ཆ་སྤྱད་དེ་རྩོམ་རིག་བརྩམས་ཆོས་ཀྱི་ཕག་རྒྱབ་ཀྱི་དོན་དངོས་ལ་སྔོག་འདོན་བྱས་ན་དེ་བས་ཀྱང་སྙིང་བོ་མེད། མདོར་ན། ང་ཚོས《བློས་བསླངས་དཀྱིལ་འཁོར》ཀློག་པར་བྱེད་ན། ངེས་པར་དུ་རྩོམ་རིག་གི་དངོས་གཞི་སྟེང་དུ་དབབ་དགོས་ཏེ། བརྩམས་སྒྲུང་གི་ངོ་གདོང་རྣལ་མ་ནི་རྩོམ་རིག་གི་བརྩམས་ཆོས་ནང་ཁུལ་དུ་གནས་པ་ལས། བརྩམས་ཆོས་ཀྱི་ཕྱི་རོལ་ན་ནམ་ཡང་གཡེང་མི་སྲིད། དེ་ཡང་ཡིན་ཏེ། རྩོམ་རིག་བརྩམས་ཆོས་ཀྱི་རིན་ཐང་ངོ་མ་ནི་ལོ་རྒྱུས་ཀྱི་གདོང་གཡོགས་བཤུ་རྒྱུ་དེ་མ་ཡིན་པར་མི་ལ་བློ་སྒོ་འབྱེད་པ་དང་བསམ་གཞིག་གི་སྣེ་འཁྲིད་རྒྱུ་དེ་རེད།

ཡིན་ན་ཡང་། སྤྲོས་བརྗོད་རིག་པའི་ཆ་ནས་བཤད་ན། ལོ་རྒྱུས་སྟེང་བྱུང་བའི་དུས་ཚོད་དང་དོན་རྐྱེན་ནི་ལོ་རྒྱུས་སྨྲ་བ་གང་དེས་སྤྲོས་བརྗོད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཀློག་པ་པོར་ཆ་འཕྲིན་གྱི་གོ་རིམ་ཞིག་བརྒྱུད་སྤྲོད་བྱས་པ་ཉིད་ཡིན་ཏེ། དེ་ཡང་། ངག་ཐོག་གམ་ཡིག་ཐོག་གང་རུང་གི་སྤྲོས་བརྗོད་དེས་མི་རྣམས་ལ་ལོ་རྒྱུས་ཀྱི་བྱུང་བ་དེ་འདྲ་ཞིག་བྱུང་ཟིན་པ་བློ་ངོར་ཚོར་རྟོགས་བྱུང་དུ་བཅུག་པ་ཡིན་པས། དོན་སྙིང་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། མི་རྣམས་ལ་ཚོར་རྟོགས་བྱུང་བའི་ལོ་རྒྱུས་དེ་ནི་དོན་དངོས་སྟེང་བྱུང་བའི་དོན་དག་གི་ངོ་གདོང་རྣལ་མ་དེ་ཡིན་མི་སྲིད་པར། སྐད་ཆ་དང་ཡི་གེ་བརྒྱུད་དེ་སྤྲོས་བརྗོད་བྱས་པའི་འབྲས་བུ་གཞན་ཞིག་རེད། རྒྱུ་མཚན་ནི། སྤྲོས་བརྗོད་པའི་སྤྲོས་བརྗོད་བྱེད་སྟངས་ལ་སྐབས་བསྟུན་རང་བཞིན་དང་རང་སྣང་རང་བཞིན་ཡོད་པར་མ་ཟད། ཁྱད་པར་དུ་སྤྲོས་བརྗོད་ཀྱི་སྐབས་སུ་མི་སྒེར་གྱི་རིན་ཐང་གི་ཚད་གཞི་དེ་ངང་ངམ་ཤུགས་ཀྱིས་སྤྲོས་བརྗོད་ཀྱི་གོ་རིམ་ཧྲིལ་བོའི་ནང་དུ་སིམ་ཡོད་པ་རེད། དེ་བས། ང་ཚོས་མཐོང་བའི་ལོ་རྒྱུས་ཀྱི་ངོ་གདོང་དེར་དོན་དམ་དུ“དེ་ཁོ་ན་ཉིད་ལས་མ་འདས་པའི”ངོ་བོ་དང་རྣམ་པ་དེ་ཚུགས་ཐུབ་ཡོད་པ་མ་རེད། དེ་ལྟར་ན། ལོ་རྒྱུས་ཀྱི་ཁྱད་འཕགས་རང་བཞིན་ནི་ལོ་རྒྱུས་སྤྲོས་བརྗོད་ཀྱི་སྤྲོས་བརྗོད་བྱེད་ཐབས་ལ་སྣང་མེད་བྱས་པའི་རྨང་གཞིའི་སྟེང་དུ་བྱུང་བ་ཡིན་ལ། གལ་ཏེ་སྤྲོས་བརྗོད་བྱེད་ཐབས་ཀྱིས་ལོ་རྒྱུས་ཀྱི་ངོ་གདོང་སྟོན་པའི་ཚོད་འཛིན་རང་བཞིན་ལ་དོ་སྣང་བྱས་ཚེ། ང་ཚོས“མཐོང་ཐུབ་པ”ནི་དོན་དངོས་སུ་བྱུང་མྱོང་བའི་དོན་དག་གི་གཟུགས་བརྙན་ཙམ་ལས་མ་འདས་པས། ལོ་རྒྱུས་ཀྱི་ངོ་གདོང་རྣལ་མ་ནི་སུས་ཀྱང་ཤེས་ཐབས་མེད་པ་རེད། དེར་བརྟེན། ང་ཚོས་གླེང་བཞིན་པའི“ལོ་རྒྱུས་སྒྲུང་གཏམ”ནི་སྲོལ་རྒྱུན་ཀྱི་ལོ་རྒྱུས་སྒྲུང་གཏམ་ལྟར་གོ་བ་མ་བླངས་ན་ལུང་དང་རིགས་པའི་གནོད་པ་སྣ་ཚོགས་འབབ་པ་སྨོས་ཅི་དགོས།

འོ་ན། 《བློས་བསླངས་དཀྱིལ་འཁོར》གྱིས་ཇི་ལྟར“རྩོམ་རིག”དང“ལོ་རྒྱུས”ཀྱི་འབྲེལ་བ་ཐག་བཅད་དེ་མི་སྒེར་གྱི་ལས་དབང་དང་མི་རིགས་ཤིག་གི་ལས་དབང་གཉིས་གཅིག་ཏུ་སྦྲེལ་ནས་མཚོན་ཡོད་པ་ཡིན་ནམ། མཐར་གཏུགས་ནས་བཤད་ན། དེ་ནི་རྩོམ་པ་པོ་རང་ཉིད་ཀྱི་ལོ་རྒྱུས་ལྟ་བ་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་རེད།

《བློས་བསླངས་དཀྱིལ་འཁོར》ནི་ལོ་རྒྱུས་སྒྲུང་གཏམ་དུ་གཏོགས་ན་ཡང་། དེ་དང་རང་རེའི་སྲོལ་རྒྱུན་གྱི་ལོ་རྒྱུས་སྒྲུང་གཏམ་བར་དུ་ཧེ་བག་ཆེན་པོ་རྒྱུགས་པ་ཡིན་ཏེ། 《བློས་བསླངས་དཀྱིལ་འཁོར》གྱིས་སྲོལ་རྒྱུན་གྱི་སྒྲུང་གཏམ་ལྟར་ལོ་རྒྱུས་ཀྱི་དོན་རྐྱེན་ངོ་མ་སྤྱད་དེ་ལོ་རྒྱུས་ཀྱི་གཏམ་རྒྱུད་གང་རུང་ཞིག་རིམ་པར་བསྟར་ཏེ་གཟབ་ནན་གྱི་དངོས་ཡོད་ཤེས་བྱ་དང་ལོ་རྒྱུས་ཀྱི་བསླབ་བྱ་ཕུན་སུམ་ཚོགས་པ་དེར་རྒྱས་འགྲེལ་ལྟ་བུ་ཞིག་བྱེད་པ་མ་ཡིན་པར། གཅིག་ནས“སྒྲུང་གཏམ་ནང་བོད་མི་རང་གི་བདེ་སྡུག་གམ། རང་ལ་ཆ་རྒྱུས་ཡོད་པའི་ཁོར་ཡུག་ཅིག་ནས་བློས་བསླང་བྱས་ཏེ་འཛམ་གླིང་སྤྱིའི་རིག་གནས་ཀྱི་ཁྱབ་ཁོངས་སུ་ག་ལེར་བགྲོད་པའིབཤུལ་ལམ་ཞིག་སྟོན་གྱིན་ཡོད་པ”⑥དང་། གཉིས་ནས་སྔོན་དུས་བྱུང་ཟིན་པའི་ལོ་རྒྱུས་ཀྱི་སྒྲོམ་གཞི་ལ་བརྟེན་ནས་དེང་རབས་ཀྱི་མིའི་ཚེ་སྲོག་གི་ཉམས་ཞིབ་ཅིག་སྟོན་བཞིན་ཡོད་པས། རྩོམ་པ་པོ་རང་ངོས་ནས་བཤད་ན། སྲོལ་རྒྱུན་གྱི་གོམས་སྲོལ་ལྟར“ལོ་རྒྱུས་སྒྲུང་གཏམ”གྱིས་ནམ་ཡང་མིག་ཟུང་ལོ་རྒྱུས་ཀྱི་གར་སྟེགས་སྟེང་གི་མི་སྣ་རླབས་པོ་ཆེ་དང་དེ་དག་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཀྱི་ངོ་མཚར་བའི་མཛད་རྗེས་ལ་གཏོད་པའི་འཆིང་རྒྱ་ལས་བརྒལ་ཏེ་རྩོམ་ཡིག་གི་ནང་གནས་སྒྲིག་གཞི་དང་རྣམ་པ། སྤྲོས་བརྗོད་ཀྱི་མཐོང་སྣེ། རིན་ཐང་འཁྱེར་སོའི་སྟེང་དུ་སྒྲིག་འགྲོལ་ཆེན་པོ་གཏོང་བའི་ལམ་དུ་ཞུགས་ཡོད་པ་རེད། དེ་ནི་གསལ་བར་བཤད་ན། “སྤྱི་ཚོགས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། སྤྱི་ཚོགས་འཚོ་བ་མཚོན་པའི་སྒྲུང་གཏམ་གྱི་བརྗོད་བྱ་དང་རྗོད་བྱེད་ཐད་དུའང་འཕེལ་འགྱུར་འདྲ་མིན་འབྱུང་དགོས་པ་ཆོས་ཉིད”⑦དུ་རྟོགས་པའི་རྩོམ་པ་པོའི་རྩོམ་རིག་གི་བསམ་བློ་དང་ལྟ་བ་ཞིག་ཡིན་ལ། བསམ་བློ་དང་ལྟ་བ་དེར་རྒྱབ་བརྟེན་བྱས་པའི་སྒྲུང་གཏམ་དེ་རིགས་ལ་རྩོམ་རིག་གི་གཞུང་ལུགས་སུ“ལོ་རྒྱུས་སྒྲུང་གཏམ་གསར་མའམ”ཡང་ན“ལོ་རྒྱུས་རིང་ལུགས་གསར་མའི་སྒྲུང་གཏམ”ཞེས་འབོད་ཀྱིན་ཡོད།

རྒྱ་ནག་ལ་མཚོན་ན། ལོ་རྒྱུས་སྒྲུང་གཏམ་གསར་མ་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་དུ་དར་ཁྱབ་ཆེན་པོ་བྱུང་བ་ཞིག་རེད། འདི་དང“དངོས་འབྲི་སྒྲུང་གཏམ”གཉིས་ནི་རྩ་བ་གཅིག་ལས་གྱེས་པའི་ཡལ་ག་གཉིས་སུ་ངོས་འཛིན་པ་དང་། རྒྱའི་རྩོམ་རིག་དཔྱད་བརྗོད་པ་ཁྲིན་སི་ཧི་ནས་སྒྲུང་གཏམ་དེ་གཉིས་གང་ཡིན་ཀྱང“ཞིབ་འབྲི་བྱས་པའི་ཡུལ་དུས་ཀྱི་ཁྱབ་ཁོངས་གང་ཞིག་ལོ་རྒྱུས་ཀྱི་ཀློང་དུ་བསྐྱལ་བར་འབད་བརྩོན་གནང་གི་ཡོད། དེ་ཡང་བྱེ་བྲག་གི་གསར་རྩོམ་གནས་ཚུལ་གྱི་ཆ་ནས་བལྟས་ན། ལོ་རྒྱུས་སྒྲུང་གཏམ་གསར་མས་གདམ་གསེས་བྱས་པའི་བརྗོད་གཞིའི་ཁྱབ་ཁོངས་ནི་ཕལ་ཆེར་མིན་གོའི་དུས་སྐབས་ཡིན་ལ། ……དེར་མ་ཟད། སྒྲུང་གཏམ་དུ་ལོ་རྒྱུས་ཀྱི་བརྗོད་གཞི་གཏན་འབེབས་གཏོང་སྐབས། དམིགས་ཡུལ་ཡོད་པའི་སྒོ་ནས་ཆབ་སྲིད་ཀྱི་དབང་ཆའི་འདུ་ཤེས་ངོས་ནས་ལོ་རྒྱུས་ལ་འགྲེལ་བརྗོད་གཏན་ནས་མི་བྱེད་པར་གང་ནུས་ཀྱིས་མིན་གོའི་ལོ་རྒྱུས་ཀྱི་ངོ་གདོང་རྣལ་མ་འབུར་དུ་འདོད་ཐབས་བྱེད་པ་རེད”⑧ཅེས་གསུངས། སྡོམ་ཚིག་དེར་བལྟས་ན། 《བློས་བསླངས་དཀྱིལ་འཁོར》གྱི་བརྗོད་གཞི་ཡང་ཏག་ཏག་ཀྲུང་ཧྭ་མིན་གོའི་དུས་སྐབས་སུ་གཞོལ་ཡོད་ལ། མིན་གོའི་དུས་སྐབས་ཀྱི་བོད་རིགས་ཁྱིམ་རྒྱུད་ཅིག་གི་ལོ་རྒྱུས་ཆེས་སྤྱིར་བཏང་བ་ཞིག་བསྟན་ཡོད་པས་ “ལོ་རྒྱུས་སྒྲུང་གཏམ་གསར་མའི”ཕྱིའི་སྣང་ཚུལ་གྱི་ཁྱད་ཆོས་ཡོངས་སུ་ཚང་ནས་འདུག

གོང་དུ་སྨོས་པ་ལྟར། ལོ་རྒྱུས་སྒྲུང་གཏམ་གསར་མ་ནི་སྲོལ་རྒྱུན་ལོ་རྒྱུས་སྒྲུང་གཏམ་གྱི་སྒྲིག་གཞི་གཏོར་བའི་གསར་བརྗེ་ཞིག་ཡིན། “གསར་མ”ཞེས་པས་ལོ་རྒྱུས་ཀྱི་བརྗོད་གཞི་གསར་བ་ཡིན་པ་བསྟན་པ་མ་ཡིན་པར། ལོ་རྒྱུས་ཀྱི་འདུ་ཤེས་གསར་བ་དང་མཚོན་སྟངས་གསར་བ། སྤྲོས་བརྗོད་བྱེད་སྟངས་གསར་བ་ཞིག་བླ་ལྷག་ཏུ་མཚོན་བཞིན་ཡོད། དེ་ལྟར་ན། ལོ་རྒྱུས་སྒྲུང་གཏམ་གསར་མས་སྔོན་གྱི་ལོ་རྒྱུས་སྒྲུང་གཏམ་ལྟར་བརྗོད་གཞི་ཡོད་ཚད་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ཟིན་ཐོར་འགོད་པའི་སྤྱི་འགྲོས་ལས་འགོངས་ཏེ་མཐོང་སྣེ་དེ་ངེས་པར་དུ་ཁྱིམ་རྒྱུད་དང་ཚོ་བའི་ལོ་རྒྱུས་སྤྲོས་བརྗོད་བྱེད་པའི་སྟེང་དུ་ཕྱོགས་ཡོད་ལ། བརྒྱ་ལ་ལོ་རྒྱུས་ཀྱི་བྱུང་བ་གལ་ཆེན་ཞིག་བརྗོད་དགོས་པ་བྱུང་ན་ཡང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གཡར་ཏེ་མི་སྣ་དང་ཁྱིམ་རྒྱུད། ཚོ་བ་སོགས་ཀྱི་ལོ་རྒྱུས་ཁྲོད་ཀྱི་སྐྱིད་སྡུག་གི་མྱོང་བརྒྱུད་ཞིབ་འབྲི་བྱེད་པ་ལས་མ་འདས་ཤིང་། དེས་ང་ཚོར་ལོ་རྒྱུས་ཀྱི་མཛེས་ལྗོངས་གསར་བ་ཞིག་དང་རྩོམ་རིག་ལོ་རྒྱུས་ཀྱི་དོན་སྙིང་གསར་བ་ཞིག་མཁོ་འདོན་བྱས་ཡོད་པ་རེད།

ཡིན་ན་ཡང་། ལོ་རྒྱུས་སྤྲོས་བརྗོད་ཀྱི་ཤུགས་སུ་རྩོམ་པ་པོའི་རིན་ཐང་གི་འཚོལ་སྙེག་མངོན་པར་མཚོན་ཡོད་ཅིང་། དེས་ཐད་ཀར་མིས་ལོ་རྒྱུས་ལ་གཟིགས་རྟོག་བྱེད་པའི་འདུ་ཤེས་དང་བྱེད་ཐབས་ལ་ཤུགས་རྐྱེན་གཏོང་བ་དང་། ལོ་རྒྱུས་སྤྲོས་བརྗོད་ཀྱི་དམིགས་ཡུལ་དང་ཁ་ཕྱོགས་ཐག་གཅོད་པ་ཡིན་ལ། མི་འདྲ་བའི་རིན་ཐང་གི་འཚོལ་སྙེག་དེས་ནམ་ཡང་ལོ་རྒྱུས་སྤྲོས་བརྗོད་ཀྱི་ཁྱད་གཤིས་མི་འདྲ་བ་སྣ་ཚོགས་བསྐྱེད་སྐྲུན་བྱེད་པ་ཡིན། དེ་བས། ང་ཚོས་《བློས་བསླངས་དཀྱིལ་འཁོར》གྱི་བརྗོད་གཞི་གཙོ་བོ་ནི“མིན་གོའི་དུས་སྐབས”ཡིན་པ་དང་། དེས་སྲོལ་རྒྱུན་སྒྲུང་གཏམ་གྱི་རྗེས་སུ་མ་འབྲངས་པར་དཔའ་བོའི་ལོ་རྒྱུས་དང་བཙན་པོའི་བྱས་རྗེས། བླ་མའི་ཆེ་བ་དང་དཔོན་པོའི་ཟིལ་ཤུགས་སོགས“འཇིག་རྟེན་ལས་འདས་པའི”མི་གཤིས་དག་སྨྱུག་རྩེ་ནས་དོར་ཏེ“སྤྲོས་བརྗོད་ཀྱི་ལོ་རྒྱུས”དོན་དུ་གཉེར་བ་ཁོ་ནས་སྒྲུང་གཏམ་དེ་ཉིད“ལོ་རྒྱུས་སྒྲུང་གཏམ་གསར་མའི”ཁོངས་སུ་བསྡུ་བ་དང་རྩོམ་པ་པོའི་ལོ་རྒྱུས་ཀྱི་ལྟ་བ་ཡང་གསལ་བཤད་གནད་དུ་སྨིན་པ་ཞིག་འཁྱོངས་དཀའ་བར་སྙམ།

དེ་སྔོན་རྒྱའི་རྩོམ་རིག་དཔྱད་བརྗོད་པ་ཝང་ཧེང་ཧྲེང(王恒升)གིས《མཐོང་སྣེ་སྣ་ཚོགས་ཁྲོད་ཀྱི་མོ་ཡན་གྱི་གསར་རྩོམ་ལ་ཞིབ་འཇུག་མཛད་པ》⑨ཟེར་བའི་དཔེ་དེབ་ཏུ། མོ་ཡན་གྱི《ནུ་རྒྱས་འཕོངས་དར》ལ་ལོ་རྒྱུས་སྒྲུང་གཏམ་གསར་མའི་ཁྱད་ཆོས་ཡོངས་སུ་འཛོམས་པར་འདོད་ཡོད་ཅིང་། ཁྱད་ཆོས་དེ་དག་ཕྱོགས་དྲུག་གི་སྒོ་ནས་བཤད་ཡོད་པ་སྟེ། གཅིག  སྤྲོས་བརྗོད་ཀྱི་ལྟ་བ་དམངས་ཁྲོད་ཅན་ཡིན་པ། གཉིས། ལོ་རྒྱུས་ཀྱི་མཐོང་སྣེ་རང་སྒེར་ཅན་ཡིན་པ། གསུམ། ལོ་རྒྱུས་ཀྱི་འཇུག་རིམ་ཐོལ་བྱུང་ཅན་ཡིན་པ། བཞི། ལོ་རྒྱུས་སོར་ཆུད་ཀྱི་འཁྲེང་ཞེན་ཅན། ལྔ། བརྗོད་སྙིང་གབ་སྦས་ཅན། དྲུག མི་སྣ་གསར་བཞེངས་རང་གཤིས་ཅན་ཡིན་པ་བཅས་ཏེ། ང་ཚོས་ལོ་རྒྱུས་སྒྲུང་གཏམ་གསར་མའི་ཁྱད་ཆོས་དེ་དག་ཡིད་ལ་བཅགས་ཏེ《བློས་བསླངས་དཀྱིལ་འཁོར》ལ་སླར་ཡང་ཚད་འཇལ་རགས་རིམ་ཞིག་བྱས་ན་ད་གཟོད་བརྩམས་སྒྲུང་འདིའི་ལོ་རྒྱུས་ཀྱི“བདེན་པ”དང་རྩོམ་རིག་གི་རིན་ཐང་ངོ་མ་རྙེད་ཐུབ།

ཆབ་སྲིད་དང་དབང་ཆ་སོགས་གང་གིས་ཀྱང་ཐེ་གཏོགས་དང་འཆིང་རྒྱ་མི་འདེབས་པར་རང་དབང་གི་མོས་པའི་སྟེང་ནས་སྤྲོས་བརྗོད་བྱེད་པའི་རྩོམ་ལུགས་ནི་དམངས་ཁྲོད་ཀྱི་ལངས་ཕྱོགས་ཅན་གྱི་སྤྲོས་བརྗོད་བྱེད་སྟངས་ཡིན། ཅུང་ལྟོས་བཅས་ཀྱི་སྒོ་ནས་བཤད་ན། དམངས་ཁྲོད་ཀྱི་སྤྱི་ཚོགས་སྒྲིག་སྲོལ་ནི་ལོ་ངོ་སྟོང་ཕྲག་ཁྲོད་གྲུབ་པའི་སྲོལ་རྒྱུན་རིག་གནས་ཀྱི་འགྲོ་ལུགས་འདུག་སྟངས་ལྟར་ཡིན་ལ། དེང་རབས་སྤྱི་ཚོགས་ཀྱི་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཀུན་སྤྱོད་ཀྱི་འཇུག་རིམ་གྱིས་དེ་ལ་ཐེ་གཏོགས་ཆེན་པོ་བྱས་མེད་པར། མི་རྣམས་ཀྱིས་གདོད་མའི་ཚེ་སྲོག་གི་ནུས་ཤུགས་ལ་བརྟེན་ནས་འཚོ་བའི་དགའ་སྡང་དང་ཆགས་ཞེན་འདོན་པ་ཡིན་པས། གང་སར་རང་ནུས་ཀྱི་འདོད་པ་འཐིམས་པའི་སྟོབས་ཤུགས་ཤིག་གིས་ཚེ་སྲོག་གི་ནུས་པ་རྒྱ་ཁྱབ་ཏུ་སྤེལ་བཞིན་ཡོད། དེ་ཡང་དམངས་ཁྲོད་ཀྱི་ལངས་ཕྱོགས་ཀྱིས་རྩོམ་པ་པོ་རང་ཉིད་ཀྱི་ལྟ་བ་དེ་དག་མཚོན་ཐུབ་པ་དང་། དབང་ཆ་གཞན་དང་ཆབ་སྲིད་གང་གི་དབང་དུ་མ་གྱུར་པར་རང་ཉིད་ཀྱི་མོས་པ་གཙང་མ་དེ་འདོན་ཐུབ་པ་ཡིན། དེ་བས་དམངས་ཁྲོད་རྩོམ་སྟངས་ནི་རང་ཉིད་འབངས་ཕལ་བ་ཞིག་ཏུ་སྤྲུལ་ནས་སྤྱི་ཚོགས་ཀྱི་དམའ་རིམ་འཚོ་བ་ཚུར་སྣང་བྱེད་རྒྱུ་དང་། དེའི་དམིགས་ཡུལ་ནི“མི་དམངས་ཀྱི་ཆེད་དུ་རྩོམ་ཡིག་འབྲི་བ”དང་གཏན་ནས་མི་མཚུངས། རྩོམ་པ་པོ་ལོ་རྒྱུས་ཀྱི་མི་ཕལ་བའི་གོ་གནས་སུ་འགྲེང་སྟེ་གསར་རྩོམ་བྱེད་པ་ནི་ཕལ་བའི་མིག་མདངས་ཀྱིས་བལྟས་ཏེ་ཡོད་ཚད་ལ་དཔྱད་གཅོད་བྱེད་པ་སྟེ། སྒྲུང་གཏམ་སྤྱད་དེ་གང་ཞིག་ལ་མཚང་འབྱིན་དང་གང་ཞིག་ལ་སྐུལ་ལྕག་གཏོང་བ། རེ་ལྟོས་གང་ཞིག་འདོན་པ། སློབ་གསོ་གང་ཞིག་གཏོང་བ་དག་མ་ཡིན་པར། འདྲ་མཉམ་གྱི་རྣམ་འགྱུར་བཟུང་ནས་བརྩམས་སྒྲུང་ནང་གི་མི་སྣ་ལ་སྣེ་ལེན་ཡང་དག་བཏང(དཔེར་ན་རྩོམ་པ་པོས“ལྷ་མ་ཡིན”དང་མུ་སྟེགས་པ་སོགས་ཀྱི་མི་གཞི་ལ་མཐོང་ཆུང་དང་བརྙས་དམོད་མི་བྱེད་པར་བརྩི་འཇོག་འོས་འཚམ་བྱེད་པ་ལྟ་བུ)ནས། རང་ཉིད་ནི་རང་ཉིད་ཀྱི་ཀློག་པ་པོ་ལས་ཆེས་ཆེར་མཁས་པ་དང་འཇོན་ཐང་ཁྱད་པར་བ་ལྡན་པའི་གང་ཟག་ཏུ་ལྟ་མི་རིགས་པ་དང་། དེ་བཞིན་དུ་རང་ཉིད་ནི་རང་ཉིད་ཀྱི་རྩོམ་ནང་གི་མི་སྣ་དག་ལས་མཛངས་པ་ཞིག་ཏུ་མི་འདོད་པའི་རྣམ་གྱུར་འཛིན་པ་དེ་ཡིན། རྩོམ་པ་པོ་ཞིག་ཡིན་ན། རབ་ཡིན་ན་ཀུན་སྤྱོད་དང་བསམ་བློའི་དཔྱད་གཅོད་པ་ཞིག་ཡིན་ན་མི་འགྲིག་སྟེ། གང་ཞིག་འགྲིག་པ་དང་གང་ཞིག་ནོར་བ་ནི། དུས་ཚོད་དང་ལོ་རྒྱུས་ཀྱི་ལྟ་བའི་ཐོག་ནས་ཐག་གཅོད་བྱེད་ངེས་པ་ཞིག་རེད

《བློས་བསླངས་དཀྱིལ་འཁོར》གྱི་དམངས་ཁྲོད་རྩོམ་སྟངས་ཀྱི་ལངས་ཕྱོགས་ནི་གཙོ་བོ་ལོ་རྒྱུས་ཀྱི་སོར་ཆུད་རང་བཞིན་གྱི་ཞིབ་འབྲིའི་སྟེང་ན་མངོན་ཡོད་པ་རེད། བརྩམས་སྒྲུང་འདིའི་ནང་དུ་ཅུང་ཟད་ཞིབ་ཚགས་ཀྱིས་འབྲི་བཞེངས་བྱས་པའི་གནུབས་པཎ་ཆེན་དང་ཐོས་པ་དགའ། སྣང་རའི་དཔོན་པོ། རྨ་ཡུལ་དཔོན་པོ་བཅས་ཀྱི་སྣང་བརྙན་གྱིས་དེ་དག་མཚོན་བཞིན་ཡོད་དེ། སྣང་རའི་དཔོན་པོ་དང་རྨ་ཡུལ་དཔོན་པོ། གསེར་ཁྲི་སྐྲ་ནག་པ་དང་ཐོས་པ་དགའ་སོགས་ནི་ལོ་རྒྱུས་ངོ་མ་བརྒྱུད་མྱོང་མཁན་དང་། ལོ་རྒྱུས་ཀྱི་དཔང་བོ་དང་། ལོ་རྒྱུས་ཀྱི་ཉམས་ཞིབ་པ་དང་དཔྱད་འཇོག་པ་ཡིན་ལ། ཁོ་ཚོའི་སྐད་ཆ་བཤད་སྟངས་རེ་རེ་དང་བསམ་བློ་གཏོང་སྟངས། འགུལ་སྐྱོད་བྱེད་ཚུལ་རེ་རེ་སོགས་ནི་དམངས་ཁྲོད་ནས་བྱུང་བའི་ཆེས་བདེན་སྟོབས་ལྡན་པའི་ལོ་རྒྱུས་ཀྱི་མཆན་འགྲེལ་རྣལ་མ་རེད། དཔེར་ན་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་མྱ་ངན་ལས་འདས་པའི་སྟེང་ལ་ཨ་ཆུང་གནམ་རྫོང་གི་འཚམས་པ་ཚུལ་ཁྲིམས་བགྲོངས་པས་ཁམས་ཆུང་སྡེ་བ་ཧྲིལ་བོས་འདུན་ཁུར་ཏེ་ལོ་སར་སྐབས་སུ་ཚོན་རྩི་མ་བྱུགས་པའི་གསོམ་མདའ་སྐྱ་བོས་ལབ་ཙེ་བསྟད་པ་ལྟ་བུ་དང་། ཟི་ལིང་ཙོང་ཏུ་ནས་བླ་མ་བསྟན་འཛིན་དབང་ཕྱུག་ལ་བཀའ་འཕྲིན་བཏང་སྟེ་གྲོང་གཉིས་ཀྱིས་མུ་གེའི་སྟེང་ལ་ཟླ་ལྷག་གི་ཚུལ་གྱིས་འབྲུ་ཁྲལ་འཇལ་བ་ལྟ་བུ་ལས་བླ་མ་བསྟན་འཛིན་དབང་ཕྱུག་ནི་མ་གཞི་ནས་དཀའ་བ་ཁུར་དུ་ཁྱེར་མཁན་ཞིག་དང་མང་ཚོགས་ལ་རྟེན་ཅིང་འབྲེལ་བའི་ངང་དུ་འཚོ་བ་ལས་མང་ཚོགས་ཀྱི་གཟུངས་ཐག་དང་བྲལ་བའི་གང་ཟག“རླབས་པོ་ཆེ”ཞིག་མ་ཡིན་པར་ལོ་རྒྱུས་ཀྱི་སྤྲུལ་གཟུགས་ངོ་མ་ཞིག་ཡིན་པ་མཐོང་ཐུབ་པ་ལྟ་བུ་རེད། དེ་ལས་གཞན། ཐོས་པ་དགའ་དང་བུ་མོ་ཟླ་སྒྲོན་བཟང་མོའི་བྱིས་པའི་བརྩེ་དུངས་འགོག་པའི་ཐད་དུ་རྩོམ་པ་པོས་མི་གཤིས་ཀྱི་གཉོམ་སོ་ནས་ཟབ་འཇུག་བྱས་ཏེ་ཨ་ཕ་ཞིག་ཡིན་ན་ཨ་ཕའི་བུ་ལ་བཅངས་པའི་འདང་བརྩེ་དང་འགན་ཁུར་གྱི་སྟེང་ནས་འགོག་པ་དང་། བླ་མ་ཞིག་ཡིན་ན་ཆོས་ཀྱི་བར་ཆད་ཀྱི་སྒོ་ནས་འགོག་རྒོལ་བྱེད་པ་སོགས་ལས་དམངས་ཁྲོད་ཀྱི་འཚོ་སྡོད་ཀྱི་ལྟ་བ་དེ་སེར་སྐྱ་གང་ཡིན་ཀྱང་རྒྱ་ཆེ་བའི་གྲོང་དང་དགོན་པ་གང་དུའང་ཚེ་སྲོག་གི་སྟོབས་ཤུགས་བཙན་པོའི་འོག་ཏུ་གནས་པ་མཚོན་ཡོད།

ལོ་རྒྱུས་ཀྱི་མཐོང་སྣེ་མི་སྒེར་ཅན་ཡིན་པ་ཡང《བློས་བསླངས་དཀྱིལ་འཁོར》གྱི་སྤྲོས་བརྗོད་བྱེད་སྟངས་གསར་བ་ཞིག་རེད། སྤྱིར་ན། རྩོམ་པ་པོ་སུ་དང་གང་ཡིན་ཀྱང་དེའི་གསར་རྩོམ་གྱི་བརྩམས་ཆོས་ལ་དུས་རབས་ཀྱི་ཚོད་འཛིན་དང་ཤུགས་རྐྱེན་མི་ཐེབས་པ་མི་སྲིད་དེ། མོ་ཡན་གྱིས“གལ་ཏེ་གནའ་རབས་ཀྱི་འཚོ་བ་ཞིག་འབྲི་ན་ཡང་དེང་རབས་ཀྱི་མིས་འབྲི་བ་ཞིག་ཡིན་ཕྱིན། དེང་རབས་འཚོ་བའི་ནང་གི་མཁའ་དབུགས་ཡོད་ཚད་ངེས་པར་དུ་ཞིབ་འབྲི་བྱས་པའི་གནའ་རབས་ཀྱི་འཚོ་བའི་ཁྲོད་དུ་ཚུར་སྣང་ཡོང་བ་བྱེད་དགོས་ལ། ལོ་རྒྱུས་ངོ་མ་ཞིག་འབྲི་ན་ལྷག་ཏུ་དེ་ལྟར་རེད། ལོ་རྒྱུས་སྨྲ་བས་ལོ་རྒྱུས་ཀྱི་དོན་རྐྱེན་གཞིར་བཟུང་ནས་བསམ་བློ་འདོན་པ་དང་། སྒྲུང་གཏམ་པས་བསམ་བློ་སྤྱད་དེ་ལོ་རྒྱུས་ཀྱི་དོན་རྐྱེན་འདེམ་པ་དང་ལེགས་བཅོས་གཏོང་བ་ཡིན། གལ་ཏེ་དེ་ལྟ་བུའི་ལོ་རྒྱུས་ཀྱི་དོན་རྐྱེན་བྱུང་མེད་པ་ཡིན་ན་ཡང་རྩོམ་པ་པོས་དེ་ལྟ་བུའི་ལོ་རྒྱུས་ཤིག་གཏན་ནས་རྟོག་བཟོ་བྱེད་མི་ཐུབ་པ་ཞིག་ཡིན་མི་སྲིད། ཡིན་ན་ཡང་ལོ་རྒྱུས་ཀྱི་སྒྲུང་གཏམ་དེ་རྩོམ་པ་པོའི་དེང་རབས་རང་བཞིན་གྱི་སྤྲོས་བརྗོད་ཁྲོད་དུ་སིམ་པར་བྱས་ཏེ། ཁྱོན་ཡོངས་ནས་ལོ་རྒྱུས་ཇི་མ་ཇི་བཞིན་དུ་བསྐྱར་དཔར་གཏོང་རྒྱུ་ཟེར་ན་དེ་ནི་གཏན་ནས་དཔེ་མི་སྲིད་པ་ཞིག”⑩ཟེར། སློབ་དེབ་ངོས་ཀྱི་ལོ་རྒྱུས་ལྟ་བུ་ལ་བལྟས་ན། ང་ཚོས་དཀར་ནག་གི་དབྱེ་བ་དང་བདེན་རྫུན་གྱི་ཁྱད་པར་གྱི་དབྱེ་མཚམས་སོགས་གསལ་ལྷང་ངེར་མཐོང་ཐུབ་མོད། འོན་ཀྱང་། ཅུང་ཟད་བྱེ་བྲག་དང་ཅུང་ཟད་སྒེར་ངོས་ཅན་གྱི་ཆ་ནས་བལྟས་ན། ལོ་རྒྱུས་ངོ་མ་དེ་བསླབ་དེབ་ངོས་ཀྱི་ལོ་རྒྱུས་དང་མི་འདྲ་བ་ཤེས་ཐུབ། དེ་བས། སྒྲུང་གཏམ་པའི་སྨྱུག་འོག་གི་ལོ་རྒྱུས་ནི་དམངས་ཁྲོད་ནས་བྱུང་བའི་རྣམ་ཐར་གྱི་ཚུལ་དང་ལྡན་པའི་ལོ་རྒྱུས་ཡིན་ལ། འདིས་ནི་ལོ་རྒྱུས་མཚོན་པར་བྱེད་པ་ལས་ལོ་རྒྱུས་ངོ་མ་སྟོན་པར་མི་བྱེད་ཅིང་། རྩོམ་པ་པོ་རང་ཉིད་ཀྱི་རྟགས་ཐམ་ཁེལ་བའི་ལོ་རྒྱུས་ཡིན་པ་ལས་བསླབ་དེབ་ངོས་ཀྱི་ལོ་རྒྱུས་ལྟ་བུ་མིན། རྒྱུ་མཚན་ནི། རྩོམ་པ་པོ་གྲལ་རིམ་ལས་འདས་པའི་མཐོ་ཚད་ཅིག་ཏུ་འགྲེང་ནས་སྙིང་རྗེ་དང་ཐུགས་ཁུར་གྱི་མིག་གིས་ལོ་རྒྱུས་འཕེལ་འགྱུར་ཁྲོད་ཀྱི་མི་དང་མིའི་ལས་དབང་ལ་བསམ་གཞིག་གཏོང་གིན་ཡོད་པའི་སྟབས་རེད། དུས་རབས་ཉེར་གཅིག་པའི་རྒྱུ་འབྲས་བློ་མིག་ཅན་གྱི་རྩོམ་པ་པོ་ཞིག་ལ་མཚོན་ན་སྔར་ལས་ལྷག་པའི་སྒོ་ནས་དུས་རབས་ཀྱི་མཐོ་ས་ཞིག་ཏུ་འགྲེང་སྟེ་འཚོ་བའི་གཏིང་ཟབ་ས་དང་རྒྱ་ཆེ་ས་ཞིག་ལ་བསྙབ་དགོས་པ་ཡིན།  རིག་ལྡན་རྒྱ་མཚོས་ལོ་རྒྱུས་རིང་ལུགས་གསར་པའི་ལྟ་བ་དང་ལེན་བྱེད་པའི་སྟབས་ཀྱིས《བློས་བསླངས་དཀྱིལ་འཁོར》ནང་དུ། རྒྱ་ཆེ་ཞིང་གཡོ་སྐྱོམ་དྲག་པའི་ཉེ་རབས་ཀྱི་ཁམས་ཆུང་སྡེ་བ་དང་སྣང་ར། རྨ་ཡུལ་སོགས་ཀྱི་ལོ་རྒྱུས་དེ་ཉུང་བསྡུས་ཀྱིས་ཁྱིམ་རྒྱུད་ཅིག་གི་ལོ་རྒྱུས་སུ་བསྒྲིལ་ནས། གནུབས་པཎ་ཆེན་ཚང་གི་ཁྱིམ་ཚང་གི་ཁྱིམ་མི་རེ་རེའི་མྱོང་བརྒྱུད་དག་མངོན་གསལ་གྱི་རང་སྒེར་ཅན་གྱི་མཐོང་སྣེ་ལ་བརྟེན་ནས་ཡོངས་འགྲུབ་བྱེད་ཐུབ་པ་བྱུང་ཡོད་པ་ནི་གཙོ་བོ་ཁོང་གི་རྩོམ་རིག་གི་ལྟ་བ་དེ་སྲོལ་རྒྱུན་ནས་དེང་རབས་སུ་ཐོད་བརྒལ་བྱུང་བའི་རྒྱུ་རྐྱེན་ལ་རག་ལས་པ་ཡིན།

《བློས་བསླངས་དཀྱིལ་འཁོར》ནང་དུ། རྩོམ་པ་པོའི་རང་སྒེར་ཅན་གྱི་རྩོམ་འབྲིའི་མཐོང་སྣེ་གཞན་ཞིག་ནི་ཐོས་པ་དགའ་རང་བྱུང་གི་མི་ནས་སྤྱི་ཚོགས་ཀྱི་མིར་གྱུར་པའི་ཞིབ་འབྲིའི་སྟེང་ན་ཡོད། ཐོས་པ་དགའ་ནི་ཆུང་དུས་ནས་བུ་མོ་ཟླ་སྒྲོན་བཟང་མོ་དང་དགའ་ཞིང་མཐུན་པར་མ་ཟད། ལོ་རྒྱུས་ཀྱི་རྟོག་བཏགས་ཀྱི་ཡུལ་ཁམས་ཏེ་ཤམ་བྷ་ལའི་ཞིང་ཁམས་ལ་ངོ་མཚར་དུ་འཛིན་པ་དང་དེ་ལ་སྨོན་ལམ་རྒྱག་པའི་ཆོས་པ་ངོ་མ་ཞིག་ཀྱང་རེད། འོན་ཀྱང་། རྩོམ་པ་པོས་སྔོན་གྱི་རང་རེའི་སྒྲུང་གཏམ་དང་རྣམ་ཐར་གྱི་ལོ་རྒྱུས་འབྲི་ཐབས་ལྟར་མ་བྲིས་ལ། མི་གཤིས་ཀྱི་འཕེལ་རིམ་ལ་ཡང་མ་ལྟོས་པར་རང་ཉིད་ཀྱི་ལོ་རྒྱུས་ཀྱི་ལྟ་བའི་ངོས་ནས་བྲིས་པས་ཐོས་པ་དགའ་ནར་སོན་ཏེ་དབང་ལ་ཉན་པའི་སྐབས་སུའང་ཡོད་ཚད་ཆོས་ལ་བློས་གཏོང་ཐུབ་ཀྱིན་མེད་པའི་རང་གཤིས་དེ་དྲང་པོའི་ལམ་ནས་བརྗོད་པར་ཆོས་ལུགས་ཀྱི་བསམ་བློའི་བཀག་རྒྱ་ཐེབས་མེད་པ་རེད།

《བློས་བསླངས་དཀྱིལ་འཁོར》དུ་ད་དུང་མིའི་རིིགས་ཀྱི་ལོ་རྒྱུས་ཡོད་ཚད་ནི་རེ་ཧམ་གྱི་གོ་རིམ་ཧྲིལ་བོ་ཞིག་ཡིན་པའི་གནས་ལུགས་དེ་གཏིང་ཟབ་ཀྱིས་སྒོ་ནས་མཚོན་འདུག མིའི་རིགས་ཀྱི་ལོ་རྒྱུས་ནི་རེ་ཧམ་ནས་མཆེད་པའི་མཇུག་འབྲས་ཡིན། དེ་བས་རྩོམ་འདིའི་ནང་སྒྲུང་གཏམ་དུ་ལོ་རྒྱུས་མདུན་དུ་སྐྱོད་པའི་རྒྱུ་རྐྱེན་ལ་རྟོག་འཇུག་བྱས་ཏེ་མི་སྣའི་ལས་དབང་གི་འཕོ་འགྱུར་ལ་དབྱེ་ཞིབ་གཏོང་སྐབས། མི་སྣ་མང་པོའི་རང་ནུས་ཀྱི་རེ་ཧམ་གྱི་ཟུར་ཚད་ནས་གཟབ་འབྲི་བྱས་པ་སྟེ། དཔེར་ན་ཟླ་སྒྲོན་བཟང་མོའི་འཚོ་སྡོད་ཀྱི་འདོད་པ་དང་། ཐོས་པ་དགའི་བརྩེ་དུང་གི་འདོད་པ་དང་། རྨ་ཡུལ་དཔོན་པོ་དང་སྣང་རའི་དཔོན་པོའི་དབང་ཆའི་འདོད་པ། ཁྲིམས་དཔོན་གྱི་སྒོར་ཧམ་སོགས་གནད་དུ་བཟུང་བ་ལྟ་བུ་ཡིན་ལ། དེ་བཞིན་དུ་ཐོས་པ་དགས་ཤམ་བྷ་ལའི་ཞིང་ཁམས་རྨི་ལམ་དུ་རྨིས་པ་དང་། ཡང་ཤམ་བྷ་ལ་མཐོང་བའི་ཆེད་དུ་ཆོས་ལ་གཞོལ་བ། མགར་བ་བསོད་ནམས་སྟོབས་རྒྱས་ཀྱིས་དབྱིན་ཇིའི་མེ་མདའ་ལ་བརྟེན་ནས་ཀླ་ཀློའི་དཔུང་འཇོམས་པའི་མེ་མདའ་གསར་བ་ལས་པ་དང་། ཆོས་པ་དང་ཁྱིམ་པ་བ་མང་པོ་ཞིག་གིས་དངོས་ཡོད་འཚོ་བ་ལ་ཡིད་མ་ཚིམ་པར་ཤམ་བྷ་ལའི་ཞིང་བཀོད་ལ་རེ་ལྟོས་ཆེན་པོ་བྱེད་པ་ལྟ་བུ་ཡིན་ལ། དེར་མ་ཟད། མིའི་འདོད་ཧམ་ནི་ལོ་རྒྱུས་མདུན་དུ་བསྐྱོད་པའི་སྒུལ་ཤུགས་ཡིན་པ་དང་། སྒུལ་ཤུགས་དེ་བཀག་ན་ལོ་རྒྱུས་མདུན་དུ་སྐྱོད་ཐབས་མེད་པ་ཐོས་པ་དགའི་བརྩེ་དུང་གི་འདོད་པར་བཀག་སྡོམ་བྱས་པའི་འབྲས་བུ་ལས་གསལ་བཤད་བྱས་ཡོད་པ་ལྟ་བུ་རེད།

《བློས་བསླངས་དཀྱིལ་འཁོར》གྱིས“གཅིག་ནས་རང་རེས་ད་ལྟའི་བར་དུ་ཤམ་བྷ་ལའི་ཤེས་རིག་དང་དཔལ་ཡོན་གྱི་རྒྱུན་བསྐྱངས་ནས་ཡོང་འདུག་ཚུལ་མཚོན་པ་དང་། གཉིས་ནས་དཔལ་ཡོན་དེ་ནི་མི་རང་ངོས་ཀྱི་བསམ་བློ་དང་ལག་པར་བརྟེན་ནས་འཛུགས་སྐྲུན་བྱེད་དགོས་པ་ཞིག་ཡིན་པ་ལས། སྨོན་ལམ་ཁོ་ནས་འགྲུབ་པ་ཞིག་ཡེ་ནས་མ་རེད”ཅེས་བསྟན་ཡོད། འདི་ནི་སྒྲུང་གཏམ་འདིའི་སྤྱིའི་བསམ་བློ་ཡིན་མོད། ཞིབ་ཏུ་བསམ་ན། ང་ཚོས་ད་དུང“འཇིག་རྟེན་ལ་སྙིང་བོ་མེད་པའི”བསམ་བློ་གཞན་ཞིག་ཀྱང་རྩོམ་པོས་ཞར་གྱིས་སྒྲོག་ཀྱིན་པ་མཐོང་ཐུབ་སྟེ། དཔེར་ན་སྣང་རའི་དཔོན་དང་རྨ་ཡུལ་དཔོན་བར་གྱི་འགལ་བའི་མཇུག་འབྲས་དང་ཐོས་པ་དགའི་བཟོད་བསྲན་དང་ཟླ་སྒྲོན་བཟང་མོའི་བརྩེ་འདང་ལ་ཕམ་ཁའི་སྐྱོ་གར་བྱུང་བ་དེས་མ་གཞི་ནས“འདུས་བྱས་ཐམས་ཅད་མི་རྟག་པ”དང“ཟག་བཅས་ཐམས་ཅད་སྡུག་བསྔལ་བ”ཡིན་པ་མཚོན་ཐུབ་པ་ལྟ་བུ་རེད། “འཁོར་བ་ལ་སྙིང་བོ་མེད་པར”སྨྲ་བ་ནི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་དགོངས་གཙོ་བོ་ཞིག་ཡིན་པ་སྨོས་མ་དགོས་ལ། ཧྥ་རན་སིའི་སྐད་གྲགས་ཅན་གྱི་མཚན་ཉིད་རིག་པ་པ་ས་ཐིས(让·保罗·萨特)འཐུས་ཚབ་བྱས་པའི་གཞི་གྲུབ་རིང་ལུགས་པའི་བསམ་བློའི་མཚོན་ཚུལ་ཞིག་ཀྱང་ཡིན། གཞི་གྲུབ་རིང་ལུགས་པས་མི་ནི་སྙིང་བོ་མེད་པ་དང་རྒྱུས་ལོན་མི་ཐུབ་པར་ཁེར་རྐྱང་གི་ངང་དུ་འཇིག་རྟེན་སྟེང་འཚོ་བ་དང་། དེའི་འཚོ་སྡོད་ལ་མ་གཞི་ནས་དོན་སྙིང་མེད་པར་འདོད། ས་ཐིས་ད་དུང《ཞེན་ལོག》ཅེས་པའི་དེབ་ཏུ་གཞི་གྲུབ་ནི“སྟོང་བ་ཉིད”དང་དངོས་ཡོད་ནི“སྐྱུག་བྲོ་བ”ཡིན་པར་བཤད་མོད། འོན་ཀྱང་། ཕྱོགས་གཅིག་ནས“མི་གཞན་པ་ནི་དམྱལ་བ་ཡིན་པ”དང་། ཕྱོགས་གཅིག་ནས་མི་ནི་གཞན་དང་ཁ་བྲལ་ཏེ་ཁེར་རྐྱང་དུ་གནས་ཐབས་མེད་པས། སྐྱོ་གར་ནི་གཡོལ་ཐབས་མེད་པ་ཞིག་དང་གང་ས་གང་དུ་མི་གནས་པ་མི་སྲིད་པའི་འདོད་ཚུལ་བཅངས་ཡོད། དེར་བརྟེན། གཞན་དུ་ན《བློས་བསླངས་དཀྱིལ་འཁོར》གྱིས་ས་ཐིའི་གཞི་གྲུབ་རིང་ལུགས་ཀྱི་བསམ་བློ་འདི་འདྲ་ལ་རྒྱབ་བརྟེན་བྱས་པ་དེས་རྩོམ་པ་པོས་མ་བསམ་ས་ནས་ལོ་རྒྱུས་རིང་ལུགས་གསར་མའི་སྒྲུང་གཏམ་འདི་བོད་གནའ་རབས་ཀྱི་སྲོལ་རྒྱུན་རྩོམ་སྟངས་ལ་སླར་ལྡོག་པའི་ཉེན་ཁའང་ཆེན་པོ་འདུག་གོ།

 

ཟུར་ལྟའི་དཔྱད་གཞི།

①2018ལོའི《སྦྲང་ཆར》དེབ་དང་པོའི་ཤོག་ངོས187པ།

②阵忠实、冯希折、张琼:《陈忠实访谈录》,陕西人民出版社2016年出版,第15页。

③2018ལོའི《སྦྲང་ཆར》དེབ་དང་པོའི་ཤོག་ངོས188པ།

④巜名作欣赏》2007年第10期,第99页。

⑤2018ལོའི《སྦྲང་ཆར》དེབ་དང་པོའི་ཤོག་ངོས198པ།

⑥《གསར་རྩོམ་གྱི་ཉམས་མྱོང་གླེང་བ》བཀྲ་བྷས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ7པ། ཤོག་ངོས305པ།

⑦《གསར་རྩོམ་གྱི་ཉམས་མྱོང་གླེང་བ》བཀྲ་བྷས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ7པ། ཤོག་ངོས300པ།

⑧泓峻:《莫言新论》,安徽文艺出版社2016年出版,第156页。

⑨王恒升:《多维视野中的莫言创作研究》,人民出版社,2016年第一版。

⑩王恒升:《多维视野中的莫言创作研究》,人民出版社,2016年第一版,第199页。