དེ་ཡང་ད་ལོའི་ཧྲང་ཧའེ་ཡི་རྒྱལ་སྤྱིའི་གློག་བརྙན་སྟོན་མོའི་ཐོག་ཏུ་མིང་དུ་གྲགས་པའི་རྒྱ་གར་བའི་སློབ་གསོའི་སྐོར་གྱི་གློག་བརྙན<དགེ་རྒན་ཨིག་སྒྲ་ཅན>ཞེས་པ་དེར་ཆེས་མཐོ་བའི་བསྟོད་པ་ཐོབ་ནས་ཁྲོམ་རར་འགྲེམ་འགོ་ཚུགས། སྟོན་མོའི་ཐོག་ཏུ་གློག་བརྙན་དེ་ལ“སྤྱི་ལོ༢༠༡༨ལོར་ངེས་པར་བལྟ་དགོས་པའི་སློབ་གསོའི་གློག་བརྙན”གྱི་མཚན་སྙན་ཐོབ། དེའང་འདི་ཟླའི་ཚེས༡༢ནས་རྒྱལ་ཕྱི་རྒྱལ་ནང་གི་གློག་བརྙན་ཁག་ཏུ་དངོས་སུ་བཀྲམ་ཟིན། །ཆེས་ཕུལ་དུ་བྱུང་བའི་གློག་བརྙན་འདི་གློག་བརྙན་ཁང་དུ་དགྲམ་འགོ་ཚུགས་པ་ནས་ད་བར་དུ་བསྟོད་པ་དང་དགའ་བསུ་མང་པོ་ཐོབ་དང་ཐོབ་མུས་ཡིན། དེ་བས་ཀྱང་སྤྱི་ཚོགས་ཐོག་ནས་དོ་སྣང་ཆེན་པོའང་ཐོབ། གློག་བརྙན་དེ་ལ་ཏུའུ་པན(豆瓣)ཐོག་ཏུ་སྐར་མ༨ཚེག༢ཐོབ་ཡོད། །གློག་བརྙན་འདི་ནི་འཁྲབ་སྟོན་མཁན་གྲགས་ཅན་ལ་ཉི་མུ་ཁེ་ཇི(拉妮•穆克吉)ཞེས་པས་གཙོ་ཁྲབ་མི་སྣ་བྱས་ཤིང་། དེའི་གཙོ་བོའི་བརྗོད་སྙིང་ནི་ཐོར་བུའི་ནད(图雷特氏综合症)ཕོག་པའི་དགེ་རྒན་ནའེ་ནྰ(奈娜)ཡིས་སློབ་སྦྱོང་སྦྱང་འབྲས་སྐྱོ་བའི་སློབ་མའི་སྣེ་ཁྲིད་ནས། གཞན་གྱི་བརྙས་བཅོས་དང་རང་གི་དུག་ལྔ་ལས་རྣམ་པར་རྒྱལ་བའི་སྒྲུང་ཞིག་རེད། ཆེས་ཁྱད་དུ་འཕགས་པའི་སློབ་གྲྭའི་སྤྲོ་གར་དང་སེམས་འགུལ་ཐེབས་ནུས་པའི་དགེ་སློབ་ཀྱི་བརྩེ་བ་བརྒྱུད་ནས། གཟིགས་མོ་བ་རྣམས་ལ་མཐོང་ཐོས་གསར་པ་ཞིག་ཀྱང་རང་ཤུགས་ཀྱིས་སྦྱིན་ཡོད། སློབ་གྲྭའི་སློབ་གསོས་བརྗོད་བྱ་བྱས་པའི་གློག་བརྙན་གྱི་ཁྲོད་ནས་འདི་ནི་ཆེས་དགའ་བསུ་ཐོབ་པའི་གློག་བརྙན་དུ་གྱུར་ཡོད་ལ་དྲ་ཐོག་ཏུའང་དོ་ཁུར་བྱེད་མཁན་ཤིན་ཏུ་མང་། །

གློག་བརྙན<དགེ་རྒན་ཨིག་སྒྲ་ཅན>ཞེས་པ་འདི་ནི་ཕུལ་བྱུང་གི་བརྩམས་སྒྲུང་ཞིག་ལས་བསྒྱུར་བཟོ་བྱས་པ་ཞིག་ཡིན་ཞིང་། བུད་མེད་གཙོ་འཁྲབ་པ་ནའེ་ནྰ(ལ་ཉི་མུ་ཁེ་ཇིས་འཁྲབ)ལ་ཐོར་བུའི་ནད་ཕོག་ཡོད་ཅིང་། རྒྱུན་དུ་དུས་ངེས་མེད་དུ།རང་གིས་རང་ཉིད་ཚོད་འཛིན་བྱ་མི་ཐུབ་པར་རྩ་འདར་རྒྱབ་ཏེ་སྒྲ་ཡ་མཚན་འདྲ་ཐོན་གྱིན་ཡོད། །

ཁོ་མོ་ནི་ཆུང་དུས་ནས་དགེ་རྒན་བྱ་འདོད་ཞིང་། ཕམ་ཉེས་མང་པོའི་རྗེས་སུ་གཞི་ནས་མ་ཡུམ་སློབ་གྲྭར་ལས་བཞུགས་བྱ་བའི་གོ་སྐབས་ཐོབ། འོན་ཏང་ཁོ་མོའི་བསམ་ཡུལ་ལས་འདས་པ་ཞིག་ལ། ཁོ་མོ་སྒུག་མཁན་ནི་སློབ་གྲྭ་ཡོངས་ལ་སྦྱང་འབྲས་དམའ་ཤོས་དང་། ཁ་གཏད་བྱེད་དཀའ་ཤོས་ཀྱི་འཇིན་གྲྭ༩fཔ་ཡིན་པ་རེད། །ཁོ་མོས“སྲིད་ན་དགེ་རྒན་སྡུག་པ་ལས་སློབ་མ་སྡུག་པ་མེད་པའི་ལྟ་བ”སློབ་ཁྲིད་ཀྱི་སྲོག་རྩར་འཛིན་ཏེ། བྱིས་པ་ཚོའི་འཚུབ་ཐེར་དང་སྤྱོད་ངན། རྒྱབ་གཏོད་ལ་བཟོད་སྒོམ་ཁོག་ཡངས་ཀྱིས་བསྟུན་ཏེ། སློབ་མ་རེ་རེར་རང་རང་གི་དགེ་མཚན་ཤེས་སུ་བཅུག་པ་དང་། ཁོ་ཚོས་སློབ་སྦྱོང་ལ་འཛིན་པའི་སྤྲོ་སེམས་དེ་བསྐྱར་དུ་འཚོལ་རོགས་ཞུས། །

ཁོ་མོས་སློབ་མ་ཚོར་ཆེས་བཅུད་དུ་སྨིན་པའི་བཀའ་སློབ་ཀྱིས་རང་ཉིད་ཀྱི་ཕམ་ཁ་ནི་སྐྱེ་སའི་ཁྱིམ་རྒྱུད་དང་འབྲེལ་བ་མེད་པར་སྦྱང་འབྲས་ལེགས་པོ་ཉིད་ཡིན་པ་ཤེས་སུ་བཅུག་ཅིང་། དེས་སྤྱི་ཚོགས་ཐོག་དགེ་བ་དང་ལེགས་སྐྱེས་ཀྱི་འབྲས་བུ་ཕུལ་དགོས་ལུགས་གསུངས། མཐའ་མར། དགེ་སློབ་གཉིས་པོས་སློབ་གྲྭ་དེའི་ངོ་མཚར་གསར་པ་ཞིག་ཀྱང་གཏོད། །གློག་བརྙན་དེས་རྒྱ་གར་གྱི་ཡུལ་རང་ས་ལ་ཐོན་པའི་འབྲས་བུ་ནི་མི་དམན་པ་ཞིག་རེད། གཅིག་ནས་འཛམ་བུ་གླིང་ཡོངས་ཀྱི་དགའ་བསུ་གྲངས་མེད་ཐོབ་ཅིང་། གཉིས་ནས་རྒྱལ་ཕྱིའི་གློག་བརྙན་དུས་སྟོན་ཐོག་ཏུ་བྱ་དགའ་མང་པོ་ཐོབ། དེ་བས་ལ་ཉི་མུ་ཁེ་ཇི་ལ་ཆེས་ཕུལ་དུ་བྱུང་བའི་གཙོ་འཁྲབ་བྱ་དགའ་ཡང་ཐོབ། །

<དགེ་རྒན་ཨིག་སྒྲ་ཅན>ཞེས་པའི་གློག་བརྙན་དེར་སྐུལ་སློང་རང་བཞིན་དང་། སློབ་གྲྭའི་སྤྲོ་གར་རང་བཞིན། ཤ་ཚའི་སེམས་འགུལ་རང་བཞིན་སོགས་ཀྱི་ཁྱད་ཆོས་སྣ་གཅིག་ཏུ་འདུས་ཡོད་རྐྱེན། གློག་བརྙན་དད་པ་ཅན་མང་པོའི་བསྔགས་བརྗོད་ཐོབ་ཡོད། །འཁྲབ་ཁྲིད་པ་ཞི་ཏེ་ཧ་སེ་ཕི་མ་འར་ཧོ་ཐེ་ལ(希德哈斯•P•马尔霍特拉)ཡིས་ཆེས་སྤྱིར་བཏང་བའི་དགེ་སློབ་ཀྱི་བརྩེ་དུང་སྒྲུང་གཏམ་ཞིག་ཏུ། རྒྱ་གར་སྤྱི་ཚོགས་ཁྲོད་ཀྱི་གྲལ་རིམ་གྱི་འགལ་ཟླ་དང་སློབ་གསོའི་གནས་སྟངས་མཚོན་ཐབས་བྱས། དེ་བས་ཀྱང་དགེ་རྒན་ཅི་འདྲ་ཞིག་ན་ལེགས་པོར་བརྩི་བའི་སློབ་གསོའི་དམིགས་ཚད་ལ་འགྲེལ་འདུག །

དགེ་རྒན་ནའེ་ནྰ་དང་འཛིན་གྲྭ༩fཔའི་སློབ་མ་རྣམས་ནི་ཐོག་མ་ནས་བརྙས་བཅོས་དང་མཐོང་ཆུང་གཟེད་མཁན་གྱི་ཉམས་ཆུང་བའི་ཚོགས་སྤྱི་ཡིན་པས། འཚོ་བའི་ཁྲོད་དུ་བཏང་སྙོམས་མིན་པའི་གནས་ཚུལ་མང་པོ་ཐུག་མྱོང་། སྟབས་བདེ་བའི་དགེ་སློབ་འབྲེལ་བ་དང་བསྡུར་ན། ཁོ་ཚོ་ནི་ཕན་ཚུན་དྲོད་སྣང་སྦྱིན་མཁན་དང་། མི་ཚེའི་འཕྲང་ལམ་ལ་འོད་སྣང་མཉམ་སྤྱོད་བྱེད་མཁན་ཞིག་ཏུ་སྣང་། །

གློག་བརྙན་དེའི་ནང་དུ་ད་དུང་དགེ་རྒན་གཞན་པ་ཞིག་ཡོད་དེ། ཁོང་ལ་ཆེས་ཕུལ་བྱུང་གི་སློབ་ཁྲིད་ཀྱི་ཆུ་ཚད་དང་སློབ་གསོའི་ཉམས་མྱོང་ལྡན་མོད། སློབ་ཕྲུག་ལ་ཕུལ་བྱུང་གི་སྣེ་འཁྲིད་དེ་ཙམ་བྱེད་ཐུབ་ཀྱིན་མེད། དེ་ལས་ལྡོག་པ་ཞིག་ལ་དགེ་རྒན་ནའེ་ནྰ་ལ་སྡུག་བསྔལ་དང་དོགས་པ་སོགས་པའི་དཀའ་སྡུག་ཇི་ཙམ་འཕྲད་ཀྱང་། སྔར་བཞིན་སྣོད་བསྟུན་སློབ་ཁྲིད་རྒྱུན་འཁྱོངས་དང་། དཔེ་ཆ་སློབ་པ་ཕུད་པའི་སློབ་མའི་འཚར་ལོངས་ལའང་དོ་སྣང་ཤུགས་ཆེན་བྱེད་ཀྱི་ཡོད། དེ་ནི་དོན་དམ་པའི་གཞན་ལ་མིག་དཔེ་སྟོན་ཐུབ་མཁན་གྱི་དགེ་རྒན་ཚད་ལྡན་ཞིག་གི་མཚན་ཉིད་ཀྱི་ལག་ལེན་དངོས་སོ། །

དེ་བཞིན་གློག་བརྙན་དེའི་ནང་དུ་གཤིས་ཀ་མི་འདྲ་བ། ཁྱད་མཚར། སྤྱང་པོ། དགེ་བ་ཅན་གྱི་སློབ་མའི་གཟུགས་བརྙན་ནི་ཆེས་བག་ཆགས་ཟབ་པ་ཞིག་རེད། དྲ་གྲོགས་མང་པོ་ཞིག་གིས་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་བརྒྱུད་ནས་བལྟད་མོ་མཐོང་རྗེས། “ཐེངས་མང་ངུ་མྱོང་།”དང“ད་ལོའི་ཆེས་ཁྱད་དུ་འཕགས་པའི་སློབ་གྲྭའི་བརྗོད་གཞི་གཙོར་བརྗོད་ཀྱི་གློག་བརྙན་རྩེ་གྲ”སོགས་པའི་མོས་རྟགས་དང་དགའ་བསུ་ཐོབ་ཡོད། །