ད་ལྟ་ལ་ཐུག་གི་བར་ངས་ཁྱེད་ཚོར་ང་དང་བཅའ་སྡོད་སློབ་ཆུང་གི་གཏམ་རྒྱུད་འདིའི་མགོ་འཛུགས་མ་ཐུབ་པར་སེམས་གཏིང་ནས་ནོངས་འགྱོད་སྐྱེས་བཞིན་ཡོད། ཡིན་ནའང་། དུས་སྐབས་འདི་འདྲ་ཞིག་གི་ནང་ངས་ཁྱེད་ཚོར་གཏམ་རྒྱུད་འདི་འདྲ་ཞིག་བཤད་ཐུབ་སོང་བར་ཡང་སེམས་ནང་ནས་དགའ་སྤྲོ་སྐྱེས་ནི་ཞིག་རེད།


ལོ་འགའི་ཡར་སྔོན་ནས་བཟུང་། ཕ་ཡུལ་དུ་ལོག་ཐེངས་རེར་ནམ་རྒྱུན་ང་ལ་སེམས་ཁྲལ་ཞིག་འབྱུང་གིན་འདུག རླངས་འཁོར་ལས་སར་བབས་མ་ཐགགྲམ་པའི་ཕ་རོལ་དུ་ཡོད་པའི་སྡེ་བའི་སློབ་ཆུང་ལ་སྔར་བཞིན་གྲགས་འགུལ་ཅི་ཡང་མི་འདུག སོ་ཕག་དམར་པོ་བརྩིགས་ནས་གྲུབ་པའི་རྟ་སྒ་མའི་དབྱིབས་ཀྱི་སློབ་ཆུང་འདི་ཅིའི་ཕྱིར་གློ་བུར་དུ་ཁུ་སིམ་མེར་གྱུར་སོང་བ་ཡིན་ནམ།


ད་སྐབས་ཕ་ཡུལ་ལ་མཚོན་ན་འགྱུར་ལྡོག་ཧ་ཅང་ཆེ། དེའི་ནང་ནས་ཀྱང་ང་ཚོ་སྡེ་བའི་བཅའ་སྡོད་སློབ་ཆུང་འདི་སུ་ཞིག་གིས་ངག་སྒོ་བཅད་པ་བཞིན་ད་རག་བར་འདི་ལྟར་ཁེར་རྐྱང་དུ་ལུས་སོང་བ་རེད། དེ་ནི་ང་ལ་མཚོན་ན་རྨི་ལམ་དུའང་རྨིས་མ་མྱོང་བའི་དོན་དག་ཞིག་རེད། གང་ལྟར། ཁྱོད་ཚོའི་སེམས་ནང་དུ་འདི་འདྲ་ཞིག་མིན་ཡང་སྲིད་མོད། ཡིན་ཡང་ངའི་སེམས་སུ་བྱ་དངོས་ཐམས་ཅད་ལ་འགྱུར་བ་ག་འདྲ་ཞིག་བཏང་ཆོག་ཀྱང་། ང་རང་ཆུང་དུས་ནས་ཀ་ཁའི་དཔེ་ཀློག་དང་མཉམ་དུ་འཚར་ལོངས་བྱུང་སའི་མ་ཡུམ་སློབ་གྲྭ་འདིའི་ཕྱིའི་ཁ་དོག་དང་ནང་གི་སྙིང་བོ་ལ་འགྱུར་བ་མ་བཏང་ན་སྙམ།འོན་ཀྱང་། དེ་ལས་ལྡོག་སྟེ། ངའི་ཚེ་སྲོག་གི་རྩ་བ་ཚུགས་སའི་བཅའ་སྡོད་སློབ་ཆུང་འདི་རིམ་གྱིས་ང་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་ཕྱིན་སོང་།


ང་ཚོའི་སྡེ་བར་མཚོན་ན་རུ་ཁག་གསུམ་དུ་བགར་ཡོད་ལ་བཅའ་སྡོད་སློབ་ཆུང་རུ་ཁག་གཉིས་པའི་ནང་བཙུགས་ཡོད།དེ་ངེད་ཚང་གི་གྲམ་པའི་ཕ་རོལ་དུ་ཡོད་ཀྱང་སྔོན་ཆད་སློབ་མ་ཚོའི་དཔེ་ཀློག་གི་དབྱངས་རྟ་སྙན་མོ་ཞིག་ནམ་རྒྱུན་ངེད་ཚང་གི་ཕྱི་སྒོ་བརྒྱུད་ནས་ལྷས་འདབས་སུ་མཆེད་འོངས་ལ། དེ་དུས་ང་ད་དུང་སློབ་གྲྭར་འགྲོ་ཐུབ་ཀྱིན་མེད།དེ་ལྟར་དཔེ་ཀློག་གི་དབྱངས་རྟ་སྙན་མོ་དེ་ནམ་རྒྱུན་ངའི་རྣ་ལམ་དུ་གྲགས་ནས་ངའི་དྭངས་གཙང་གི་བྱིས་བློར་བསླུ་བྲིད་གཏོང་བ་བཞིན་གཏན་ནས་མཚམས་བཞག་མྱོང་མེད། སྐབས་དེར་ངས་ཨ་ཕས་སྔོན་ཞིག་ནས་གྲ་སྒྲིག་བྱས་པའི་དཔེ་ཁུག་ཆུང་ཆུང་དེ་རྒྱབ་ཏུ་ཁུར་ནས་རང་ཉིད་སློབ་མ་ཞིག་ཡིན་མདོག་གིས་ལྷས་འདབས་ནས་ཡར་འགྲོ་མར་འགྲོ་བྱས་པ་ཡིན།


རིམ་གྱིས་ང་རང་ནར་སོན་ནས་ལོ་ན་བདུན་བརྒྱད་ཙམ་སོན་པའི་ནངས་མོ་ཞིག་ལ། ངས་ད་གཟོད་ཨ་ཕས་བཟོས་པའི་དཔེ་ཁུག་ཆུང་ཆུང་དེ་ཕྲག་ཏུ་བླངས་ནས་ཕུ་བོ་དང་མཉམ་དུ་གཞི་ནས་སྡེ་བའི་སློབ་ཆུང་དུ་འགྲོ་ཐུབ་སོང་། དེ་ནི་བཅའ་སྡོད་སློབ་ཆུང་དང་ངེད་གཉིས་བར་ལ་ཆེས་ཐོག་མར་ལས་འབྲས་ཀྱི་མདུད་པ་དཀྲིས་པའི་ཉིན་དང་པོ་དེ་ཡིན་པར་མ་ཟད། དུས་དེ་ནས་བཟུང་ང་ཡང་བཅའ་སྡོད་སློབ་ཆུང་གི་དབྱངས་རྟ་སྙན་མོ་དེའི་ཁ་སྣོན་ལྟ་བུ་ཞིག་ཏུ་གྱུར་ནས་བྱིས་པ་གཞན་དག་གི་ཡིད་སེམས་འགུག་པར་བརྩོན་པ་ཡིན།


དེ་དུས་ང་རང་གཅིག་པུ་མ་ཡིན་པར་སྡེ་བའི་ནང་གི་བྱིས་པ་མང་ཆེ་བ་ཞིག་ལོ་བདུན་བརྒྱད་ཙམ་ནས་ད་གཟོད་སློབ་ཆུང་དུ་མངགས་བཞིན་ཡོད། སྤྱིར་ད་སྐབས་ཀྱི་བྱིས་པ་རྣམས་དང་བསྡུར་ན་སློབ་གྲྭར་འགྲོ་ཚད་འཕྱི་སོང་བའི་སྣང་བ་སྟེར་ཡང་། ཕྱིར་འདང་ཞིག་བརྒྱབ་ན་དེ་ལའང་བཟང་ཆ་ཞིག་འདུག ལོ་བདུན་བརྒྱད་ཙམ་ལ་ངས་ཕ་མ་གཉིས་ཀྱི་གཉོར་སྐྱོང་དང་དྭངས་གཙང་གི་ཁོར་ཡུག་འོག འགྲོ་འདུག་སྤྱོད་གསུམ་དང་ཡ་རབས་གུས་སྲོལ་སོགས་ཁྱིམ་ཚང་གི་སློབ་གསོ་ངེས་ཅན་ཞིག་མྱོང་ཐུབ་སོང་། འཚོ་བའི་རྨང་གཞི་དེ་ལྟ་བུ་ཞིག་གི་འོག ངས་འདི་ལྟར་དགའ་སྤྲོ་དང་བཅས་སྡེ་བའི་སློབ་ཆུང་གི་ཕྱོགས་སུ་གོམ་ཁ་བསྒྱུར་པ་ཡིན། གཅིག་ནས་ལོ་ཆེ་བ་དང་བསམ་ཡང་ཅུང་ཟད་ཤེས་ཡོད་པས། ད་སྐབས་ནང་བཞིན་བྱིས་སྐྱོང་གླིང་གི་སློབ་གསོའི་གོ་རིམ་དེ་བརྒྱུད་མི་དགོས་པར་ཐད་ཀར་སློབ་ཆུང་གི་ལོ་རིམ་དང་པོའི་ནང་ཞུགས་ཆོག་པ་ཡིན།ཐོག་མར་ཕུ་བོས་ང་རང་ཁྲིད་ནས་དགེ་རྒན་ཞིག་གི་ཁང་བའི་སྒོ་རྩར་ཐོན་མ་ཐག“ ཡར་ཞུ ”ཞེས་བཤད་མ་ཐག ཁང་བའི་ནང་དུ“ ཤོག ”ཅེས་བཤད་པས། ང་ཡང་ཁོའི་རྗེས་སུ་འབྲངས་ནས་ཕྱིན་པ་ཡིན། ནང་དུ་ཐོན་དུས་གདོང་ལ་མིག་ཤེལ་གྱོན་པའི་དགེ་རྒན་ཞིག་འདུག་སྟེགས་སུ་བསྡད་ནས་དཔེ་ཆར་བལྟ་བཞིན་འདུག ངེད་གཉིས་ནང་དུ་ཐོན་མ་ཐག་ཁོས་དཔེ་ཆར་བལྟ་མཚམས་བཞག་ནས“ ཡ་དོན་དག་ཅི་རེད ”ཅེས་ངའི་ཕུ་བོར་དྲིས་པ་ན་ཕུ་བོས་ང་རང་བསྟན་ནས་སློབ་གྲྭར་བསྐྱལ་འོངས་པའི་གནས་ཚུལ་བཤད། དེ་ནས་ཁོ་རང་ཡར་ལངས་ཞོར་ངའི་ལག་ཏུ་འབྲི་དེབ་ཆུང་ཆུང་ཞིག་བཞག་ནས་ད་སྐབས་སློབ་མ་གསར་བ་མང་པོ་ཐོན་ཡོད་པས། གནས་སྐབས་སུ་བསླབ་དེབ་མི་འདུག་ཟེར། འོན་ཀྱང་ངའི་སེམས་སུ་བསླབ་མེད་ཀྱང་དགེ་རྒན་གྱིས་རང་ཉིད་ལ་འཚམ་པའི་འབྲི་དེབ་ཆུང་ཆུང་ཞིག་གནང་བྱུང་བས་སེམས་སུ་དགའ་བས་མ་མནོན་པར་འབྲི་དེབ་ཆུང་ཆུང་དེ་ལག་ཏུ་ཡང་ཡང་བསྡམས་པས་ལག་མཐིལ་དུ་རྔུལ་ཆུ་བཞུར་བྱུང་།

དེ་ནི་ང་རང་ཆེས་ཐོག་མར་སྡེ་བའི་སློབ་ཆུང་དུ་ཞུགས་པའི་ཉིན་དང་པོ་ཡིན་ལ། ད་སྐབས་ངས་སྣང་ཚུལ་དེ་དྲན་ན་རང་ཉིད་ཀྱང་སེམས་འགུལ་ཐེབས་འོངས་པ་ཞིག་རེད།ང་རང་མིང་ཐོ་འགོད་པར་འགྲོ་སའི་དགེ་རྒན་དེ་སུ་ཞིག་ཡིན་པ་མི་ཤེས་ཀྱང་ཕྱིས་སུ་ཁོས་ང་ཚོར་སློབ་ཁྲིད་བྱེད་དུས་ངས་ད་གཟོད་ཁོ་རང་ངའི་བོད་ཡིག་གི་དགེ་རྒན་ཡིན་པ་ཤེས་སོང་། སློབ་ཆུང་གི་ལོ་ངོ་གསུམ་གྱི་རིང་། ཁོས་ང་ཚོར་བོད་ཡིག་ཁྲིད་ནས་འོངས་ཤིང་།ཁོ་ནི་ཤང་སྲིད་གཞུང་གིས་ཆེད་དུ་ང་ཚོའི་སྡེ་བར་བསྐོ་འཇོག་བྱས་པའི་དམངས་སྒྲུབ་དགེ་རྒན་ཡིན་པ་མ་ཟད། ང་ཚོའི་སྡེ་བའི་སློབ་ཆུང་དུ་ཕ་སྐད་སློབ་གསོའི་རྨང་གཞི་ཐོག་མ་འཇོག་མཁན་ཡང་ཁོ་རང་ཡིན་འདུག

ཉིན་དེར་ཕུ་བོས་མིང་ཐོ་འགོད་བཀོད་རྗེས་དགེ་རྒན་གྱིས་ང་རང་ཁྲིད་ནས་སློབ་ཁང་ཞིག་ཏུ་འཛུལ་སོང་། ནང་དུ་ཐོན་མ་ཐག་ང་དང་ང་ལྟ་བུའི་སློབ་མ་མང་པོ་ཞིག་གིས་སྐད་གསེང་ཐོན་པས་དཔེ་ཆ་ཀློག་བཞིན་འདུགདེ་ནས་དགེ་རྒན་གྱིས་ང་རང་ཅོག་ཙེ་དང་འདུག་སྟེགས་སྟོང་བ་ཞིག་བསྟན་ནས་དེར་སྡོད་དུ་བཅུགངས་མཉམ་མ་བཞག་པར་འདུག་སྟེགས་སུ་བསྡད་པ་ན་ཙིར་སྒྲ་ཞིག་དང་མཉམ་དུ་འདུག་སྟེགས་ཀྱི་ལྷུ་ཚུགས་བཞི་བོ་འཐོར་ནས་དེ་མ་ཐག་ང་ཡང་ཀན་རྐྱེལ་དུ་འགྱེལ་སོང་ སྣང་ཚུལ་དེས་སློབ་ཁང་ནང་རེ་ཞིག་ཧབ་ཆ་དང་དགོད་སྒྲས་ཁེངས་བས། ང་རང་མྱུར་དུ་ཡར་ལངས་ནས་འདུག་སྟེགས་ཀྱི་ལྷུ་ཚིགས་རྣམས་ཡང་བསྐྱར་བསྒྲིགས་ཏེ་སེམས་ཆུང་ངང་འདུག་དགོས་བྱུང་། ཡིན་ནའང་སློབ་གྲོགས་རྣམས་ཀྱི་དགོད་སྒྲ་དང་མིག་གི་ལྟ་ཕྱོགས་ཀྱིས་ངའི་ངོ་གདོང་ད་དུང་ཚ་རེག་རེག་བྱེད་ཀྱིན་འདུག

སྐབས་དེར་ང་སྡོད་སའི་འདུག་སྟེགས་དེ་གཅིག་ནས་བརྟན་པོ་མིན་ཞིང་། སྟེང་དུ་བརྡབས་པའི་འཛེར་མའང་ལྷོད་ཐག་ཆད་དེ་ཅུང་ཟད་ཡར་འབུར་ཡོད་པས། ལྗིད་མང་པོ་བཀལ་ཚེ་ཨོང་ཞབས་སུ་མི་བདེ་བའི་ཚོར་བ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས་འོངས། ཡིན་ནའང་སྟབས་མ་ལེགས་ན་ད་རུང་ཐང་དུ་འགྱེལ་ནས་སློབ་གྲོགས་ཚོའི་མདུན་དུ་ངོ་ཚ་ཉོས་འོངས་བས་ངས་མུ་མཐུད་དུ་ཤ་སྒྲིམས་ཞོར་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་དགོས་བྱུང་། སྐབས་དེར་ངས་མཉམ་འཇོག་བྱེད་དུས་འདུག་སྟེགས་ཁོ་ན་མ་ཡིན་པར་ངའི་མདུན་དུ་ཡོད་པའི་ཅོག་ཙེ་ཟད་རོ་དེ་ཡང་ཞབས་བརྡོལ་འདུག་པ་ཤེས། དྲང་མོར་བཤད་ན། འདུག་སྟེགས་དེ་དང་ཅོག་ཙེ་དེ་གཉིས་སློབ་ཁང་འདིའི་གྲལ་རྔ་རུ་ཚུགས་ཀ་བཏོད་སྤྱད་ཙམ་ཡིན་པ་འདྲ།སློབ་ཁྲིད་གྲོལ་རྗེས་ང་ཐང་དུ་འགྱེལ་བའི་དོན་དག་དེས་ངས་དགེ་རྒན་གྱིས་སློབ་ཐུན་སྐབས་སུ་ཅི་ཞིག་ཁྲིད་པའང་བློ་ངོར་འཆར་མི་ཐུབ།ད་ལྟ་ངས་དེ་དག་ཕྱིར་དྲན་བྱེད་ཐེངས་རེར་ཐེངས་དང་པོར་སློབ་ཆུང་དུ་ཞུགས་པའི་འཚོ་བ་དེ་དངོས་གནས་དགོད་བྲོ་བ་ཞིག་རེད།

དེ་ལྟར། ངས་དགེ་རྒན་གྱིས་ཐོག་མར་ང་ལ་གནང་བའི་འབྲི་དེབ་ཆུང་ཆུང་དེ་ཨ་ཕའི་དཔེ་ཁུག་ནང་བཅུག་ནས་སློབ་ཆུང་གི་འཚོ་བ་གསར་བའི་མགོ་བརྩམ་པ་ཡིན། ང་ཚོ་སློབ་མ་གཉིས་གསུམ་རེས་བསླབ་དེབ་གཅིག་ཅོག་ཙེའི་དཀྱིལ་དུ་བཞག་ནས་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་ནས་འོངས་ཤིང་། ཅུང་མ་འགོར་ང་ཚོ་མི་རེ་རེར་ཡང་རིམ་གྱིས་བསླབ་དེབ་གསར་བ་ཡོད་པར་གྱུར་བས། ཨ་ཕས་ང་ལ་བཟོས་པའི་དཔེ་ཁུག་ཆུང་ཆུང་དེ་ཡང་རླུང་གིས་བསྐྱོད་མ་དགོས་པར་ལྗིད་ཏིག་གེར་གྱུར་སོང་། དང་ཐོག་སློབ་ཆུང་དུ་ཞུགས་དུས་ང་ལ་སྨྱ་གུ་དང་སྨྱུག་སྒམ་སོགས་གཅིག་ཀྱང་མི་འདུག དེ་ལྟར་བཤད་འོངས་ན་ངས་རང་གི་སྐབས་ཐོག་དེའི་སློབ་གྲོགས་ཤིག་དྲན་འོངས།ཁོས་རང་གི་སྨྱུ་གུ་གསར་བ་ཞིག་ཡོད་པ་དེ་ཆ་གཉིས་སུ་བགོས་ནས་མགོ་ན་བསུབ་འགྱིག་མེད་པའི་དུམ་བུ་དེ་ང་ལ་བྱིན་སོང་། ཉིན་དེ་ནས་བཟུང་། ངས་དགེ་རྒན་གྱིས་བྱིན་པའི་འབྲི་དེབ་ཆུང་ཆུང་དེའི་སྟེང་དུའང་རང་གི་ཆེས་ཐོག་མའི་ཡིག་གཟུགས་ཕབ་ཐུབ་སོང་། 


ལོ་རིམ་དང་པོའི་སྐབས་སུ་ང་ཚོས་སྦྱང་གཞི་གཙོ་བོ་སྐད་ཡིག་གི་བསླབ་དེབ་ཡིན་པ་མ་གཏོགས་བསླབ་དེབ་གཞན་དག་མེད་པ་འདྲ།དགེ་རྒན་གྱིས་ང་ཚོར་ཀ་ཁ་ག་ང་ནས་རིམ་གྱིས་མིང་ཚིག་དང་སློབ་ཚན་མང་པོ་ཞིག་ནན་ཏན་གྱིས་སློབ་ཁྲིད་བྱས་ཤིང་རྨང་གཞི་བརྟན་པོ་བཏིངས་པ་དེས་འཛིན་གྲྭའི་ནང་གི་སློབ་མ་མང་ཆེ་བ་ཞིག་བོད་ཡིག་གི་བསླབ་དེབ་ཀློག་པར་ཧ་ཅང་སྤྲོ་སྣང་ལྡན་པར་གྱུར།དེ་ལྟར་ཕལ་ཆེར་ལོ་རིམ་གཉིས་པའི་ནང་ཐོན་དུས་ད་གཟོད་རྒྱ་ཡིག་དང་རྩིས་རིག་གི་བསླབ་དེབ་བསྣན་ནས་དེ་དག་ལ་སློབ་སྦྱོང་བྱས་པ་ཡིན། 


ངས་བསམ་ན་ད་སྐབས་ང་ལ་བོད་ཡིག་གི་རྨང་གཞི་ཅུང་ཟད་ཅིག་ཆགས་ཡོད་པ་འདི་ཡང་གཙོ་བོ་དེ་དག་གི་བཀའ་དྲིན་ཡིན་བསམ་ཡོད། ཡིན་ནའང་དེང་སྐབས་ཀྱི་བྱིས་པ་མང་པོ་ཞིག་སློབ་ཆུང་ནས་བཟུང་བསླབ་དེབ་སྣ་ཚོགས་སྦྱང་རྒྱུ་ཡོད། ཡིན་ནའང་ཁོར་ཡུག་གི་དབང་གིས་ཁོ་ཚོའི་བོད་ཡིག་གི་ཆུ་ཚད་དེ་འདྲ་བཟང་རྒྱུ་མེད་ཁར་དུས་རྒྱུན་རང་གི་སློབ་ཁང་དང་ཁྱིམ་ཚང་ནང་དུའང་བརྒྱ་ཆའི་མང་པོ་ཞིག་གཞན་སྐད་ལ་ལོབས་ཚར་འདུགདེ་ནི་སྤྱི་ཚོགས་འདིའི་འཕེལ་རྒྱས་དང་སློབ་གསོའི་བཅོས་སྒྱུར་གསར་བ་ཞིག་ལ་རག་ལས་ཡོད་པ་མིན་ནམ་སྙམ།

སློབ་ཆུང་སྐབས་སུ་ང་ཚོར་ད་སྐབས་ནང་བཞིན་ཡིག་གཟུགས་ལད་འབྲི་བྱས་ཆོག་པའི་འབྲི་དེབ་དང་ཚོན་སྨྱུག་སོགས་ཀྱང་ཡོད་མ་རེད། དེ་བས་མང་ཆེ་བ་ཞིག་བསླབ་དེབ་སྟེང་གི་ཡིག་གཟུགས་རྣམས་རང་ནུས་རྩལ་དུ་བཏོན་ནས་སྦྱངས་དགོས་པ་ཡིན། ང་ལ་ཆེས་ཟབ་པའི་བག་ཆགས་ཤིག་ཡོད་པ་ནི་སློབ་གསེང་སྐབས་སུ་དགེ་རྒན་གྱིས་ང་ཚོར་ནམ་རྒྱུན་ས་ཐོག་ཏུ་ཡི་གེ་འབྲི་རུ་འཇུག་པ་ཡིན། ཐོག་མར་ང་ཚོས་ས་ངོས་ཀྱི་འབའ་འབུར་རྣམས་སྙོམ་ནས་ལག་པས་གཙང་ཕྱག་བྱས་རྗེས་ད་གཟོད་ཡི་གེ་འབྲི་བ་ཡིན། ས་ངོས་འཇམ་ས་དང་བྱེ་མ་ཅུང་ཟད་འདྲེས་ཡོད་ན་ཡིག་གཟུགས་ཀྱང་ལེགས་པོ་འཁྱོངས་ཐུབ་པ་ཡིན། འོན་ཀྱང་། དེ་ལྟ་བུའི་ས་ཁོད་མང་པོ་མེད་པས་ཚང་མས་སྔ་གཞུག་བརྩད་ནས་འཕྲོག་རེས་བྱས་པ་ཡིན། ཡི་གེ་འབྲི་སྐབས་ལག་འདོམ་གང་གི་ཚད་ཀྱི་ས་ངོས་སྙོམ་པོར་བྱས་རྗེས། སྦོམ་ཕྲ་དང་རིང་ཐུང་ཞ་སྨྱུག་དང་མཚུངས་པའི་ཤིང་ཐུར་ཞིག་གིས་སློབ་ཚན་ནང་གི་མིང་ཚིག་རྣམས་མགོ་བར་མཇུག་གམ་ཡང་ན་བསྐྱར་ཟློས་ཀྱི་ལམ་ནས་འབྲི་བ་ཡིན།དེ་ཡང་གཙོ་བོ་ང་ཚོའི་བློ་ལ་ངེས་པ་དང་ཞར་དུ་ཡིག་གཟུགས་ཀྱང་ཡག་པོ་འཁྱོངས་ཐུབ་པ་རེད། སུས་བྲིས་པ་མགྱོགས་ཤིང་ཡིག་གཟུགས་ཡག་པོ་འཁྱོངས་ཡོད་ཚེ་དགེ་རྒན་གྱིས་འཛིན་གྲྭ་གཞན་གྱི་སློབ་གྲོགས་རྣམས་ཀྱང་བོས་ནས་གྲལ་དག་པའི་ཡིག་གཟུགས་དང་བརྩོན་སེམས་ལ་བཟང་བསྟོད་བྱེད་པས། སྐབས་དེར་རང་ཉིད་དགའ་སྤྲོ་སྐྱེས་ནས་ས་ཐོག་ཏུ་བྲིས་པའི་ཡི་གེ་རྣམས་གཏན་ནས་བསུབ་མ་ཐུབ་པར་ཡང་ནས་ཡང་དུ་བལྟ་དགོས་བྱུང་།


དེ་དུས་ང་ཚོའི་འཛིན་གྲྭའི་ནང་ཡིག་གཟུགས་ཡག་པོ་འབྲི་བའི་སློབ་གྲོགས་ངར་བ་ཞིག་ཡོད། ཁོའི་ཡི་གེ་འབྲི་བྱེད་ཀྱང་ང་ཚོ་དང་མི་འདྲ་བར་སྔོ་རྡོ་ལེབ་མོ་ཆུང་ཆུང་ད་སྐབས་ཀྱི་སྨྱུག་བཅད་ལྟ་བུ་ཞིག་རེད། དེས་ཡིག་གཟུགས་བྲིས་ཚེ་སློབ་གྲོགས་རྣམས་ཁོའི་མཐའ་འཁོར་དུ་རུབ་ནས་ངོ་མཚར་སྐྱེས་བཞིན་ཡོད། ཁོར་ལྷན་སྐྱེས་སུ་ལག་པ་བདེ་མོ་ཞིག་ཡོད་པས་ང་ཚོས་ཇི་ལྟར་ལད་འབྲི་བྱས་ཀྱང་ཁོའི་ཡིག་གཟུགས་ལྟ་བུ་ཞིག་འཁྱོངས་མི་ཐུབ། ཡིད་ཕངས་པ་ཞིག་ལ་སློབ་ཆུང་མཐར་ཕྱིན་རྗེས་ཁོ་རང་མུ་མཐུད་དུ་སློབ་གྲྭར་འགྲིམས་མ་སོང་། སྐབས་དེར་སྡེ་བའི་ནང་གི་སློབ་གྲོགས་མང་ཆེ་བ་ཞིག་སློབ་ཆུང་མཐར་ཕྱིན་རྗེས་མུ་མཐུད་དུ་སློབ་གྲྭར་མི་འགྲིམས་པར་ཕྱིར་རང་ཁྱིམ་དུ་ལོག་ནས་ལུག་རྫི་དང་ལས་ཀ་བྱེད་མཁན་དུ་གྱུར་ཡོད། ཁྱིམ་བདག་དང་དགེ་རྒན་རྣམས་ཀྱིས་ཀྱང་དེ་ལ་ཐེ་གཏོགས་དང་དོ་སྣང་ཆེན་པོ་བྱེད་ཀྱིན་མེད། དེང་སྐབས་སྣང་ཚུལ་དེ་རྩ་བ་ནས་འགྱུར་ཏེ་སློབ་གྲྭར་འགྲོ་མཁན་མང་པོ་འདུག དེ་ངོ་མ་དགའ་འོས་པ་ཞིག་རེད།


སྐབས་དེར་སློབ་སྦྱོང་གི་ཆ་རྐྱེན་ཤིན་ཏུ་ཞན་ཡང་དགེ་རྒན་རྣམས་ཀྱིས་རང་གི་སློབ་མ་ཚོར་རེ་བ་ནན་མོ་འཛིན་པ་ཞིག་རེད། ཞོགས་པའི་རང་སྦྱོང་སྐབས་སུ་ང་ཚོ་སློབ་ཁང་དྲོན་མོའི་ནང་བསྡད་ནས་དཔེ་ཆ་བཀླག་མྱོང་བ་ཞིག་མི་དྲན། ཕྱི་རོལ་དུ་གྲང་ངར་ཇི་འདྲ་ཆེ་ཡང་དགེ་རྒན་གྱིས་ང་ཚོ་ཚང་མ་གྱང་རྩ་ཞིག་ཏུ་གཏད་ནས་སློབ་ཚན་བློར་འཛིན་དུ་འཇུག་པ་རེད།དེ་དུས་རྐང་མགོར་དགུན་ལྷམ་དགའ་ཞིག་ཀྱང་གྱོན་རྒྱུ་མི་འདུག རྐང་བ་གྲང་ནས་འགུལ་མི་ཐུབ་པར་གྱུར་ནའང་། ད་དུང་ས་འཁྱག་ཏུ་བསྡད་ནས་སློབ་ཚན་བློར་སྐྱོར་དགོས་པ་ཡིན། དེ་ལྟར་དགེ་རྒན་གྱི་མདུན་དུ་བློ་རྒྱུགས་སྤྲོད་ཐུབ་ན་མ་གཏོགས་སློབ་ཁང་དུ་སོང་མི་ཆོག སློབ་སྦྱོང་ལ་བཟང་ཞིང་རིག་པ་མྱུར་བའི་སློབ་གྲོགས་ཚོས་དགེ་རྒན་གྱི་མདུན་དུ་བློ་རྒྱུགས་སྤྲད་དེ་སློབ་ཁང་དུ་སོང་རྗེས་བློར་འཛིན་མ་ཐུབ་པའི་སློབ་གྲོགས་ཚོར་རང་དབང་མེད་པར་འཚུབ་ཆ་ལངས་བཞིན་ཡོད། རྒྱུ་མཚན་ནངས་མོ་དེར་དགེ་རྒན་གྱི་མདུན་ནས་བློ་རྒྱུགས་སྤྲོད་མ་ཐུབ་ཚེ་སློབ་ཁང་དུ་འགྲོ་རྒྱུ་ཕར་ཞོག ནངས་ཇ་འཐུང་བའི་གོ་སྐབས་ཀྱང་འཆོར་སྲིད་པ་རེད། 

དེ་དུས་ང་ཚོའི་སློབ་ཁང་ད་སྐབས་བཞིན་དྲོད་རླངས་མེད་པར་ལྕགས་ཐབ་བཙུགས་ནས་རིལ་མ་འབུད་བཞིན་ཡོད། ཞོགས་པའི་རང་སྦྱོང་ཚར་ནས་ནངས་ཇ་འཐུང་སྐབས་སློབ་གྲོགས་ཚོས་རང་རང་གི་འདུག་གོ་ཁ་རྩོད་པའི་གོམས་སྲོལ་ཞིག་ཆགས་ཡོད། གལ་ཏེ་ལྕགས་ཐབས་ཀྱི་གོ་ཁ་མ་ཐེམ་ཚེ་ཅོང་རྡོག་བསྲེགས་མི་ཐུབ་པས། ཞིམ་མངར་ལྡན་པའི་ནངས་ཇ་ཞིག་འཐུང་མི་ཐུབ། འོན་ཀྱང་། འཛིན་གྲྭའི་ནང་གི་སྐྱོར་དཔོན་ཡིན་ན་འཕྲོག་རེས་བྱེད་མི་དགོས་པར་ཁ་ངོ་ཅུང་ཟད་ཡོད་པ་ཡིན། ཡིན་ཡང་ཉིན་ཞིག་ལ་འཛིན་གྲྭའི་ནང་བསམ་ཡུལ་ལས་འདས་པའི་དོན་དག་ཅིག་བྱུང་སོང་། སློབ་གྲོགས་ཤིག་གིས་རང་གི་འདུག་སྟེགས་ཁྱེར་ནས་ལྕགས་ཐབ་ཀྱི་གམ་དུ་ས་རྟགས་ཤིག་བརྒྱབ་ཡོད་མོད།ཁོ་རང་ཕྱིར་སློབ་ཁང་དུ་ཐོན་དུས་འཛིན་གྲྭའི་སྐྱོར་དཔོན་གྱིས་ཁོའི་འདུག་སྟེགས་བླངས་ནས་རང་གི་ཁ་མལ་དུ་བཅོས་པས། སློབ་གྲོགས་དེ་ཁོང་ཁྲོ་ལངས་ནས་སྐྱོར་དཔོན་གྱི་སྟེང་དུ་ཤོར་ཞིང་ཚང་མས་བར་བཀག་པས་སློབ་ཁང་ནང་རེ་ཞིག་ཟང་ཟིང་ལོང་ལང་དུ་གྱུར་ཞིང་། ལྕགས་ཐབ་འགྱེལ་ནས་ནངས་མོ་དེའི་འབྲས་དྭངས་དང་ཅོང་རྡོག་སོགས་ཀྱང་ཐལ་བའི་རྡུལ་དུ་བརླགས་སོང་། དེ་དགེ་རྒན་གྱིས་ཤེས་ནས་ཁོ་གཉིས་སྔ་དྲོའི་སློབ་ཐུན་རིང་བོ་ཞིག་ལ་གྲལ་རྔ་རུ་ལངས་དགོས་བྱུང་།


སྐབས་དེའི་ང་ཚོའི་འཚོ་བ་ཧ་ཅང་ཞན། དྲོས་ཇ་མང་ཆེ་བ་ཡུང་ལྡུར་ཡིན་པ་དང་། སྐབས་རེར་ད་དུང་གློག་ཆད་འགྲོ་བས་ཇ་རྐྱང་དང་ཅོང་རྡོག་མི་འགམས་ཐབས་མེད་ཡིན། ཉིན་གཅིག་གི་ཟས་ཐུན་ནང་ཆེས་ཞིམ་མངར་ལྡན་པ་ནི་དགོང་མོའི་ཐུག་པ་མ་གཏོགས་མེད།ཕྱི་དྲོའི་སློབ་ཐུན་གྲོལ་རྗེས་ཕོ་བ་ཧ་ཅང་ལྟོགས་པས། སློབ་གྲོགས་གྲིམ་པོ་སྐོར་ཞིག་གིས་སྔ་མོ་ནས་རང་གི་ལྕགས་དཀར་ལྭ་བའི་འོག་སྦས་ནས་ཇ་ཁང་གི་གཡས་གཡོན་དུ་སློབ་ཚན་བློར་སྐྱོར་ཁུལ་གྱིས་ཇ་མའི་འབོད་བརྡར་བསྒུག་པ་ཡིན། དེ་ལྟར་སྔོན་ཞིག་ནས་གྲ་སྒྲིག་གང་ལེགས་མ་བྱས་ཚེ་ཐུག་པ་འཐུང་རན་དུས་སློབ་གྲོགས་རྣམས་ཆུ་ཀློང་བརྡོལ་བ་ལྟར་ཟ་ཁང་གི་ཕྱོགས་སུ་བརྒྱུགས་ནས་གྲལ་སྒྲིག་དུས་རང་ཉིད་ཆེས་གཞུག་མར་ལུས་འགྲོ་བའི་ཉེན་ཁ་ཡོད། གལ་ཏེ་རྗེས་སུ་ལུས་ཚེ་རང་གིས་དཀར་ཡོལ་གང་འཐུང་མ་ཚར་བར་སློབ་གྲོགས་གཞན་གྱིས་ཐེངས་གཉིས་པར་བརྩོན་ལེན་བྱས་ནས་ཚར་འགྲོ་བས། ནུབ་འཚལ་འཐུང་རན་དུས་ཚང་མས་རང་རང་ས་ནས་གྲ་སྒྲིག་དང་བློ་རིག་བསྒྲིམས་ནས་འདུག་དགོས་པ་ཡིན། 


སྐབས་དེར་ང་ཚོའི་སློབ་གྲྭའི་ནང་ཇ་མ་གཉིས་མ་གཏོགས་མེད།གཅིག་ང་ཚོའི་སྡེ་བའི་ནང་གི་ཡིན། ཁོ་རང་ཆང་དང་དུ་བ་འཐེན་པར་ཤིན་ཏུ་དགའ། སློབ་ཆུང་མཐར་ཕྱིན་པ་ནས་བཟུང་ང་ཚོ་གཏན་ནས་ངོ་ཐུག་མྱོང་མེད། ཡིད་སྐྱོ་བ་ཞིག་ལ་ང་རང་སློབ་ཆེན་འགྲིམས་སྐབས་ཇ་མ་དེ་ཚེ་ལས་འདས་སོང་བའི་གནས་ཚུལ་ཐོས་བྱུང་། ཁོ་རང་སྡེ་བའི་སློབ་ཆུང་དུ་ཇ་མ་བྱས་ནས་ལོ་ངོ་མང་པོ་འགོར་མྱོང་བ་ཞིག་རེད། སློབ་མ་རྣམས་ལའང་ཧ་ཅང་ཤ་ཚ་བས་ལན་རེར་ནུབ་འཚལ་གྱིས་མ་འདང་ཚེ། ཁོས་ཡང་བསྐྱར་ཟ་མ་བསྐོལ་བའམ་ཡང་ན་ཅོང་རྡོག་རེ་གཉིས་ཀྱིས་ང་ཚོར་ཁ་སྣོན་བྱེད་པ་ཡིན། ད་ལྟ་ངས་ད་དུང་ཁོའི་སྣང་བརྙན་མང་པོ་ཞིག་ཡིད་ལ་གསལ་བོར་དྲན་ཐུབ་ཀྱིན་འདུག

ང་ཚོའི་སློབ་ཆུང་དུ་ཉལ་ཁང་གཅིག་ནས་གཉིས་ཡོད། དེ་གཙོ་བོ་རུ་ཁག་དང་པོ་དང་གསུམ་པ། ཡང་ན་སྡེ་བའི་ཁ་སྟོད་ནས་འོངས་པའི་སློབ་མ་རྣམས་རང་ཁྱིམ་དང་ཁ་ཐག་རིང་བས་ཆེད་དུ་བཀོད་སྒྲིག་བྱས་པ་ཞིག་རེད། སྐབས་དེའི་ཉལ་ཁང་ཡང་ད་སྐབས་བཞིན་དྲོད་རླངས་དང་ཉལ་ཁྲི་ཐོག་བརྩེགས་ཅན་དེ་དག་ག་ལ་ཡིན། ཁྱིམ་གྱི་ཚ་ཐབ་ཀྱི་རྣམ་པ་ལྟར་ལས་པའི་ས་སྟེགས་གྲུ་བཞི་ནར་མོ་ཞིག་གི་སྟེང་། ཉལ་བསྟན་དམར་པོ་ཡུགས་གཅིག་བཏིངས་ནས་སློབ་མ་བཅུ་ཁ་ལྷག་དཔུང་བ་མཉམ་གཤིབ་ཀྱིས་འཚང་ཁ་བརྒྱབ་ནས་ཉལ་བ་ཡིན།ང་རང་ཐེ་བའི་རུ་ཁག་གཉིས་པའི་སློབ་མ་རྣམས་སློབ་ཁྲིད་གྲོལ་རྗེས་རང་ཁྱིམ་དུ་ལོག་ཆོག་པ་ཡིན་ཙང་། དགོང་ཚོགས་གྲོལ་རྗེས་ང་ཚོ་ཁྱིམ་དུ་ལོག་མ་འདོད་པར་སློབ་གྲྭའི་ཉལ་ཁང་ནང་རུམ་བརྒྱབ་ནས་ཉལ་བ་ཡིན། ཡིན་ནའང་། དེ་ལྟར་ཉལ་ན་ངེས་པར་དུ་ས་ཁོད་ལྷག་མ་ཞིག་དགོས་པས། གཡས་ལོག་གཡོན་བྱས་ནས་ཉལ་ཆོག་པ་ཞིག་ག་ལ་ཡིན། ཚང་མས་རྐང་བ་དང་ལུས་པོ་དྲང་མོར་བཅོས་ནས་ཉལ་བ་དང་ཕན་ཚུན་ལ་ཀུ་རེ་དང་དགོད་གཏམ་བཤད་ཞོར་སྔུར་བ་ཐན་ཐུན་ཞིག་དང་མཉམ་དུ་མཛེས་སྡུག་གི་རྨི་ལམ་དྲོན་མོ་ཞིག་ཏུ་ལམ་ལ་ཆས་པ་ཡིན།

ཕྱི་ཉིན་སློབ་གྲྭའི་ཅོང་བརྡ་གྲགས་མ་ཐག་ཚང་མ་རང་རང་ས་ནས་གྲིམ་རིལ་ཞིག་བརྒྱབ་ཏེ་སློབ་གྲྭའི་ར་སྐོར་དུ་འཛིན་གྲྭ་སོ་སོ་གཅིག་རྗེས་གཉིས་མཐུད་ཀྱིས་བསྟར་ཕྲེང་བསྒྲིག་ནས་ཞོགས་རྩལ་བརྒྱུགས་པ་ཡིན།ཉིན་ཞིག་གི་ཞོགས་པར་ང་ཚོ་མལ་ལས་ལངས་ཏེ་ཞོགས་རྩལ་བརྒྱུགས་དུས་བྲེལ་འཚུབ་ཤིན་ཏུ་ཆེ་བས། ཚང་མ་ཞོགས་རྩལ་བརྒྱུགས་ནས་ཕྱིར་ཉལ་ཁང་དུ་ལོག་རྗེས་ངས་རང་གི་རྐང་མགོར་བལྟ་དུས་ལྷམ་ཆ་མེད་གཉིས་གྱོན་ཡོད་པ་ཤེས། སློབ་གྲོགས་རྣམས་ཀྱིས་རྣམ་པ་དེ་མཐོང་བས་ནས་ཚང་མ་དགོད་ཁ་ཤོར། ང་ཡང་དོགས་མ་བདེ་བར་ཁོ་ཚོ་དང་གཡོལ་ཅི་ཐུབ་བྱས། དེ་ལས་ཀྱང་དགོད་བྲོ་བ་ནི་སློབ་གྲོགས་པྲ་ཆལ་རེ་གཉིས་ཀྱིས་དགོང་མོ་ཚང་མ་གཉིད་དུ་ཡུར་སྐབས་བསམ་གཟས་ཉལ་ཁང་གཞན་པའི་སློབ་གྲོགས་ཚོའི་རྐང་ལྷམ་བརྐུས་ནས་གཞན་དུ་སྦས་ཚེ།ཕྱི་ཉིན་ཞོགས་རྩལ་རྒྱུགས་རན་དུས་སློབ་གྲོགས་སྐོར་ཞིག་གིས་རང་གི་རྐང་ལྷམ་མ་རྙེད་པར་ཉལ་ཁང་དུ་འདུག་ཚེ། དགེ་རྒན་གྱིས་གཉིད་ལ་ཤོར་སོང་བར་སྙམ་ནས་རྐང་རྗེན་དུ་སྒོ་འགྲམ་ནས་ལངས་དགོས་པ་ཡིན། ང་ལ་མཚོན་ན་བཅའ་སྡོད་སློབ་ཆུང་གི་འཚོ་བ་ནི་དངོས་གནས་ཁ་དོག་རྣམ་པར་བཀྲ་བའི་འཇིག་རྟེན་ཞིག་ཆུང་ཆུང་ཞིག་སྟེ། ངའི་ཆེས་ཐོག་མའི་བྱིས་དུས་ཀྱི་འཚོ་བར་མཚར་སྡུག་གི་འོད་སྣང་གཞན་ཞིག་བསྩལ་འདུག་པར་མ་ཟད། སྡེ་བ་འདིར་མཚོན་ན་ཡ་ཐོད་ཀྱི་མིག་དང་ཁོང་གི་སྙིང་ལྟ་བུ་ཞིག་ཅི་ལ་མིན། ཡིན་ནའང་། ཕ་ཡུལ་དུ་ལོག་ཐེངས་རེར་ངས་གྲམ་པའི་ཕ་རོལ་དུ་རྣ་བ་ཡང་ཡང་གཏད་ཀྱང་སྡེ་བའི་སློབ་ཆུང་ལ་སྔར་བཞིན་གྲགས་འགུལ་ཅི་ཡང་མ་བྱུང་།

2018.12.5ཉིན་ཆབ་ཆ་རུ་སྤེལ།