ཅི་ཞིན་ལིན་གྱིས་བརྩམས།

ཡང་བསྐྱར་སྨུག་པ་འཐིབས་བྱུང་།

ཉེ་བའི་ལོ་འགའི་རིང་ནས་བཟུང་། ངོས་རང་ཞོགས་པར་མལ་ལས་ལྡང་རྗེས་ཀྱི་བྱ་བ་དང་པོ་ནི་སྒེའུ་ཁུང་ཕྱི་ཕྱོགས་སུ་ཕྱེས་ཏེ། ཕྱི་རོལ་གྱི་སྨུག་པ་ཕོན་ཆེན་མིག་གིས་ལོངས་སུ་སྤྱོད་རྒྱུ་དེ་ཡིན།

སྔོན་ཆད་ངོས་རང་སྨུག་པ་ལ་གཏན་ནས་དགའ་མ་མྱོང་། ད་ལྟ་གློ་བུར་དུ་དགའ་བོ་བྱུང་དོན་ཅི་ཡིན་ནམ་ཞེ་ན།  འདི་ལ་རྒྱུ་རྐྱེན་རྟེན་འབྲེལ་ཕྲ་མོ་རེ་ཡོད་ངེས། ཁེ་ཉིན་གནམ་གྲུར་བསྡད་དེ་བོད་ལྗོངས་ཀྱི་མཁའ་དབྱིངས་སུ་བསྐྱོད་སྐབས། གནམ་གྲུའི་ལས་བཟོ་བས། ཀ་ཏི་མན་རྡོ་ལ་ད་ལྟ་སྨུག་པ་སྟུག་པོས་གཡོགས་འདུག་ཅིང་། རིག་ཚད་ནི་རྨིད་བརྒྱ་ཙམ་ཡིན་པས། གནམ་གྲུ་འབབ་པར་དཀའ་ལས་ཁག་ཙམ་འདུག་ཅེས་སྨྲས་བྱུང་། ཀ་ཏི་མན་རྡོས་ངེད་ཅག་ཇེ་དལ་དུ་བཏང་སྟེ་འཕུར་དུ་བཅུག་བྱུང་། ངོས་རང་ལ་སྐབས་དེར་སེམས་ཁྲལ་བག་ཙམ་བདོག་བྱུང་སྟེ། བརྒྱ་ལ་སྨུག་པ་སྟུག་པོ་མ་ཡལ་ཚེ། ངེད་ཅག་གང་ལ་འབབ་བམ་སྙམ་པའི་སྐྲག་སྣང་སྐྱེས། ཕྱོགས་གཞན་ཞིག་ནས། ང་ལ་མཚར་སྣང་རང་ཡང་སྐྱེས་བྱུང་བ་ནི། ཀ་ཏི་མན་རྡོ་ལ་ཡང་སྨུག་པོ་སྟུག་པོ་ཡོད་དམ་ཞེས་པའོ།། ཡིན་ནའང་། སྨུག་པ་གཞི་ནས་དྭངས་སོང་། ང་ཚོའི་གནམ་གྲུ་དུས་ལྟར་བལ་བོའི་རྒྱལ་སའི་གནམ་གྲུ་འབབ་ཐང་དུ་བབས། གནམ་གྲུ་འབབ་ཐང་དུ་ཉི་འོད་ཀྱི་སྣང་བ་ཕྱོགས་ཀུན་ཏུ་འཕྲོས་འདུག

འདིའི་རྐྱེན་གྱིས། ངོས་རང་སྨུག་པ་ལ་མཚར་སྣང་དང་སྤྲོ་སྣང་ཡོད་པར་གྱུར།

ཀ་ཏི་མན་རྡོ་ལ་འབྱོར་བའི་ཉིན་གཉིས་པའི་ཐོ་རེངས་ཁར། ངོས་རང་མལ་ལས་ལྡང་མ་ཐག སྒེའུ་ཕྱི་རུ་བརྐྱངས་པ་ན། ཕྱི་རོལ་གྱི་ནམ་མཁའ་ཧྲིལ་བོར་སྨུག་ཆེན་གྱིས་བཏུམས་འདུག་པ་མཐོང་། ཁ་སང་ཕྱི་དྲོར་ངེད་ཅག་གིས་ཀ་ཏི་མན་རྡོའི་རྒྱ་སྲང་ནས་གྲོང་ཁྱེར་གྱི་ལྷོ་ངོས་སུ་མུ་ཁྱུད་ཚར་དུ་དངར་ཞིང་། བང་རིམ་དང་བང་རིམ་བསྒྲིལ་ནས་ལྟེབས་མའི་ཚུལ་དུ་མཐོང་བའི་རི་བོ་རེ་རེས་ཕྱང་ཞྭ་མནབས་ཡོད་པ་མཐོང་། འདི་དག་ཚང་མ་ལོ་ངོ་ཁྲི་ཕྲག་མང་པོའི་རིང་གི་གངས་རི་ཡིན་ཞིང་། ཉི་འོག་ཏུ་མིག་ལ་འཚེར་བའི་དངུལ་དཀར་གྱི་རང་མདངས་འཕྲོ་བར་བྱེད།  

འདི་ནི་ངོས་རང་གི་མི་ཚེའི་ནང་ཐེངས་དང་པོར་ལྗོངས་རྣམ་འདི་འདྲ་མཐོང་བ་ཡིན་པས། ངོས་རང་བྱིས་པ་བཞིན་དུ་སྤྲོ་སྣང་གིས་ཕྱུག་པར་གྱུར།  

ད་ལྟ་སྨུག་ཆེན་གྱིས་ཡོད་ཚད་གཡོག་ཅིང་སྒྲིབས་ནས། ལོ་ངོ་ཁྲི་ཕྲག་རིང་གི་གངས་རི་དེ་དག་ཀྱང་མཐོང་ཡུལ་དུ་མི་སྣང་ལ། ཐ་ན་གྲིབ་མ་ཙམ་ཡང་བཞག་མི་འདུག མགྲོན་བྲང་གི་ལྟག་རྒྱབ་ཀྱི་མཁའ་ལ་སྙེགས་པའི་སྡོང་རྒན་དེ་དག ནམ་རྒྱུན་ཡིན་ན། ཤིན་ཏུ་མཐོ་བའི་ར་ལག་དག་མཐོན་མཐིང་དབྱིངས་སུ་གཟེངས་ཡོད་མོད། ད་ལྟ་གྲིབ་མ་ནག་ལམ་པ་ཡལ་ལ་ཉེ་བ་ཙམ་ལས་མི་འདུག་ཅིང་། མདོག་དཀར་པོའི་སྨུག་ཆེན་བཀླུབས་པའི་ངང་ཚུལ་ནི། མ་ཧ་ཙི་ནའི་གནའ་བོའི་རི་མོ་ཞིག་དང་དབྱེར་མ་མཆིས་སོ།།   

ཁ་སང་མགྲོན་བྲང་ལ་འབྱོར་ནས་རླངས་འཁོར་ལས་འབབ་དུས། ངོས་རང་ནས་བལ་བོའི་སྐྱེས་མ་ཞིག་གིས་གྱོ་མོག་དམར་པོ་སླེ་བོ་གང་འཁུར་ཏེ་གྱོ་མོག་སྤུང་ཐོ་ཞིག་གི་སྟེང་དུ་འགྱེལ་འདུག་པ་མཐོང་། ད་ལྟ་ངོས་རང་གིས་སྐྱེས་པ་ཞིག་གིས་དངོས་པོ་བསྡམས་མ་དམར་པོ་ཞིག་ལག་ཏུ་འཆིང་ཡོད་པ་མཐོང་བྱུང་། ངོས་རང་ནས་ཁོའི་ལག་གི་དེ་ནི་ཡང་གྱོ་མོག་དམར་པོ་རེད་བསམས་མོད། ཁོང་ཉེ་སར་འབྱོར་དུས་དངོས་པོ་དམར་པོ་དེ་ལྷབ་ལྷུབ་འདར་བ་མཐོང་། ཡིན་ངོ་མ་ནི་མེ་ཏོག་དམར་པོ་བསྡམས་མ་ཁྱུ་གཅིག་ཡིན་པ་གཞི་ནས་ཤེས་པས། ངོས་རང་སྡོད་ཚུགས་མེད་པར་དགད་དགོས་ཐུག་སོང་།    

ངོས་རང་རྣམ་ཤེས་བོར་བ་བཞིན་དུ་ཁོང་དགོད་གཏིང་ནས་ཤོར་དུས། གློ་རྡོག་ཏུ་གང་ཞིག་ནས་ཡིན་མིན་ཤེས་པའི་ཀོ་ཀོ་ཞེས་པའི་སྒྲ་ཞིག་ཁྱབ་ནས་ཐོན་བྱུང་། སྨུག་པ་སྟུག་པོས་གཟུགས་བརྙན་ཡོད་ཚད་མི་མཐོང་བར་བྱས་ནས་སྒྲིབ་ཡོད་ཀྱང་། སྒྲའི་སྐྱེ་མཆེད་ནི་འགོག་ག་ལ་ཐུབ་བམ། ངོས་རང་ནས་དེ་ནི་ཕུག་རོན་གྱི་སྐད་ཡིན་པ་ཤེས་སོང་། ངོས་རང་གིས་རྣ་བ་བླགས་ནས་ཉན་སྒང་དེར། ཡང་བསྐྱར་ག་ནས་ཡིན་པར་ཆ་མི་འཚལ་བའི་ཁྱི་སྐད་ཅིག་བསྟུད་མར་ཐོས་བྱུང་།

འདི་ཡོད་ཚད་ནི་སེམས་སུ་འཆར་དཀའ་བའི་ལྗོངས་རྣམ་ཏག་ཏག་རེད་ཨང་། 

ངོས་རང་གི་སེམས་སུ་གཏན་ནས་མ་དྲན་པ་ཞིག་ནི། ངོས་རང་གིས་ཀ་ཏི་མན་རྡོ་རུ་རང་ཉིད་ཞེ་ནས་དགའ་བའི་སྲོག་ཆགས་ཕུག་རོན་དང་ཁྱི་གཉིས་ངོས་ཟིན་པར་མ་ཟད། དེ་གཉིས་དུས་ཚོད་གཅིག་མཚུངས་ནང་སྨུག་པོ་སྟུག་པོ་ལས་མངོན་བྱུང་བ་དེ་ཡིན། དེས་ན། སྨུག་པ་སྟུག་པོ་ནི་ངོས་རང་ལ་མཚར་སྡུག་གི་རི་གྲོང་འདི་ནས་ལོངས་སུ་སྤྱོད་ཤེས་པར་གྱུར་བའི་དངོས་པོ་གསུམ་པ་གང་དེ་ཡིན་ནམ།  

འཇིག་རྟེན་དུ། སྨུག་པར་དགའ་བའི་མི་ནི་ཧ་ལམ་མང་པོ་ཞིག་མེད་པར་མངོན།    

དབྱིན་ཇིའི་ལོན་ཊོན་གྱི་སྨུག་ཆེན་ནི་ཅུང་ཟད་གྲགས་ཆོད་པ་ཞིག་རེད། རྩོམ་མཁན་རེ་ཟུང་གིས་ལྷུག་རྩོམ་དང་བརྩམས་སྒྲུང་དུ་ལོན་ཊོན་གྱི་སྨུག་པ་ཞིབ་འབྲི་བྱས་ཡོད་ཅིང་། རང་ཅག་གིས་བཀླག་པའི་ཚེ་ན་ཟད་མཐའ་མེད་པའི་བྲོ་བ་ཞིག་གིས་གཏམས་སོ།།   

བལ་བོའི་རྩོམ་རིག་སྐོར་ལ་ངོས་རང་རྒྱུས་དེ་ཙམ་མེད་ཙང་། བལ་བོའི་རྩོམ་མཁན་གྱིས་ཀྱང་ཀ་ཏི་མན་རྡོའི་སྨུག་པར་ཆེད་དམིགས་ཀྱི་བྲིས་རྩོམ་ཡོད་པ་ངེད་ནས་ཤེས་མ་བྱུང་། ཡིན་ནའང་། ལོན་ཊོན་དང་། ཀ་ཏི་མན་རྡོ་གང་གི་ཡང་རུང་། མངོན་སུམ་འཛེམ་མེད་ཀྱིས་སྨུག་པ་སྟུག་པོར་བསྟོད་བསྔགས་མཛད་མཁན་ནི་ཕལ་ཆེར་ཉུང་ངུའི་ཚོད་དུ་གདའ། དེའི་ཁྲོད་ཀྱི་རྒྱུ་རྐྱེན་ཅི་ཡིན་ནི་ངོས་རང་གིས་མི་ཤེས་ལ། ངོས་རང་ལ་སོས་དལ་བག་ལྷོད་ཀྱིས་དེའི་གཏིང་ཐག་ཆོད་འདོད་ཀྱང་མེད།    

ངོས་རང་ད་ལྟ་རི་མཐོའི་རྒྱལ་བོའི་ཁབ་ཀྱི་དབུས་ཀྱི་གྲོང་ཁྱེར་དུ་བསྡད་དེ་སྨུག་པ་སྟུག་པོར་བསྟོད་གླུ་འབུལ་གྱིན་ཡོད་པ་འདི་ནི་ངོས་རང་གི་དྲན་ཡུལ་ལས་འདས་པ་ཞིག་ཀྱང་ངོ་།། སྔར་ཡིན་ན་ངོས་རང་གིས་སྨུག་པར་བསྟོད་ཚིག་འབུལ་མྱོང་མེད་ལ། ནན་ཏན་གྱིས་སྨུག་པར་ལྟ་ཞིབ་ཀྱང་བྱས་མྱོང་མེད། ད་ལྟའི་ངོས་རང་གི་མིག་མདུན་གྱི་ཡོད་ཚད་ནི་བསྟོད་བསྔགས་ནས་ལྟ་ཞིབ་དུ་ཐོན་པ་ཞིག་ཡིན་ལ། ལྟ་ཞིབ་ལས་སྔར་ལས་ཀྱང་མཛེས་པའི་སྣོན་མ་བཏབ་པ་ཞིག་ཀྱང་ཡིན།   

སྨུག་པས་མཛེས་པ་དང་། བཙོག་པ། སྙིང་དུ་སྡུག་པ། མི་སྡུག་པའི་དངོས་པོ་ཡོད་ཚད་ལ་སྲབ་མཐུག་གང་ཡིན་གྱི་ཡོལ་བ་ཡང་མོ་ཞིག་དཀྲིས་སོང་། གསལ་བོར་སྣང་བ་དག་མག་མོག་ཏུ་བཟོས་པ་དེས། ཉིན་གར་ཉི་མའི་དཀར་ངོགས་སུ་མཐོང་ཐབས་བྲལ་བའི་རབ་རིབ་ཀྱི། མག་མོག་གི་མཛེས་པ་གཞན་ཞིག་བསྣམས་ནས་སླེབས་བྱུང་།  

སྐབས་ལན་རེར། སྔོན་ཆད་ངོས་རང་གིས་ཐེངས་དང་པོར་མག་མོག་ཨང་རྩིས་རིག་པ་ཞེས་པ་ཐོས་དུས། ངོས་རང་ནས་སྐད་ཆ་ཡ་མ་བརླ་ཞིག་བརྡོལ་མྱོང་བ་སྟེ། ཨང་རྩིས་རིག་ཚན་གང་དང་བསྡུར་ཀྱང་ཤིན་ཏུ་མངོན་སུམ་འཁྲུལ་བྲལ་ཅིག་ཡིན་དགོས་པའི་རེ་བ་འདོན་པས་ན། མག་མོག་ཨང་རྩིས་རིག་པ་ཞེས་པ་ཞིག་ཀྱང་མཆིས་པ་འདི་ཅི་ཡིན་ནམ་ཞེས་པའོ།།  

ཕྱིས་སུ་ངོས་རང་ནས་མཚམས་སྦྱོར་གྱི་རྩོམ་རེ་ཟུང་བཀླགས་པ་དང་འབྲེལ། རིམ་བཞིན་མག་མོག་ཨང་རྩིས་རིག་པའི་བརྗོད་བྱ་ལ་ངེས་ཤེས་འདྲོངས་པར་གྱུར་སྟབས། ངོས་རང་ནས་སྔོན་གྱི་དྲན་ཚུལ་དང་གོ་ལྡོག་པའི་བསམ་པ་སྐྱེས་ནས། མག་མོག་ཨང་རྩིས་རིག་པ་ནི་དངོས་གནས་དྲང་གནས་ཀྱིས་ཁྱད་དུ་འཕགས་པ་ཞིག་ཡིན་པ་ཤེས་སོང་། འགྲོ་བ་མིའི་སྤྱི་ཚོགས་ཀྱི་དང་། ནར་མའི་འཚོ་བའི་དང་། སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གི་ཁྲོད་དུ། མག་མོག་གི་ཆོས་གྲངས་ཀྱིས་མི་ཟིན་པ་ཞིག་འདུག ཇི་ལྟར་ནའང་། མག་མོག་གི་ཆོས་འདི་དག་དགག་ཐུབ་ཡོད་པ་མ་རེད།    

དོན་དངོས་འདི་ཁས་བླངས ཚེ། རིག་གཞུང་ཞིབ་འཇུག་དང་གཏན་བཟོས་སྲིད་བྱུས་སོགས་ལ་དགེ་མཚན་རྨད་དུ་བྱུང་བ་ཞིག་མཆིས་སོ།།    

འོ་ན། རང་བྱུང་ཁམས་ཆེན་མོའི་ཁྲོད་དུའམ་ཞེ་ན། རང་བྱུང་ཁམས་ཆེན་མོའི་རབ་རིབ་མག་མོག་གི་ཆོས་ནི་རབ་ཏུ་འཕེལ། མཛེས་རྟོག་གི་ལྟ་བ་ཡང་དེ་ལས་མ་འདས། ཆོས་མང་པོ་ཞིག་དང་། སྐབས་མང་པོ་ཞིག་གི་སྐབས་སུ། རབ་རིབ་མག་མོག་གི་ཆོས་མང་པོ་ཞིག་སྔར་ལས་ཀྱང་མཛེས་པར་སྣང་།   

ཟླ་འོག་ཏུ་ཡུལ་ལྗོངས་ལ་བལྟ་བ་དང་། སྨུག་པའི་ནང་མེ་ཏོག་ལ་བལྟ་བ་ལ་ནི་སྤྲོ་སྣང་གཞན་ཞིག་སེམས་ངོས་སུ་ཆགས་ཡོད་པའི་རྐྱེན་གྱིས་མ་ཡིན་ནམ།    

གནས་འདི་རུ་ལྟད་མོ་བ་ལ་རང་དབང་མང་པོ་ཞིག་མཆིས་ཏེ། རང་གིས་རང་གི་རྣམ་རྟོག་ལ་གཤོག་པ་བཙུགས་ནས་སྟེང་ལྷ་ཡུལ་ནས་འོག་ས་ཁ། དཀྱུས་ཞེང་ཀུན་ཏུ་བསྐོར་བ་བརྒྱབ་ཏེ། གནས་ངེས་མེད་ལ་འཁྱུག་ཆོག་ལ། བརྩེ་བ་ཡོད་ཚད་རང་གི་རྟོགས་པས་བཞེངས་པའི་ཞིང་ཁམས་སུ་དྲངས་ཆོག ཁྱོད་ཀྱིས་ཅི་ཞིག་འདོད་ན། དེ་མ་ཉིད་དུ་དེ་ག་རང་དུ་འགྱུར་བ་ཡིན། གཏིང་དཔོག་སླ་བ་དང་། ཕྲ་ཞིང་ཡལ་བའི་ཆོས་དག་དང་བསྡུར་ཚེ་དགེ་མཚན་མང་དུ་མཆིས། མ་ཟད། གཏིང་དཔོག་སླ་བ་དང་ཕྲ་ཞིང་ཡལ་སླ་བའི་ཆོས་ཤིག རང་བྱུང་ཁམས་ཆེན་མོའི་པང་དུ་གཏན་ནས་གཞི་མི་གྲུབ་བོ།།    

ངོས་རང་གི་དྲན་པ་རྒྱ་ཡན་དུ་གཡན་པར་བཏང་བས། གློ་རྡེག་ཏུ་འདི་དག་ཡོད་ཚད་དྲན་པར་བྱས། ངོས་རང་ནས་སྨྱུག་ཁར་ལྷ་བབས་འདྲའི་མཚར་སྣང་གིས་ངོས་རང་ཏག་ཏག་རྟོག་བཏགས་འདི་དག་གི་འཇིངས་སུ་ར་བཟི་བར་གྱུར།   

སྐབས་འདིར། སྒེའུ་ཁུང་ཕྱི་རོལ་གྱི་སྨུག་པ་སྔར་བཞིན་ཚགས་དམ་ཤིང་སྟུག་པོར་འཁྱིལ་འདུག དེས་ཕལ་ཆེར ངོས་རང་གི་སེམས་ཁམས་རྟོགས་ནས། ངོས་རང་ནས་ཁོ་ལ་བསྟོད་བསྔགས་ཕུལ་བར་བཀའ་དྲིན་འཇལ་བཞིན་མཆིས། ཁོ་ལ་སྨྲ་བས་སྟོངས་རྐྱེན། སྔར་ལས་ལྷག་པའི་མཛེས་ཉམས་དང་ངོ་མཚར་ལྐོག་གྱུར་གྱི་རྣམ་པའི་ཚུལ་གྱིས་གནམ་སའི་བར་དགེངས་པར་བྱས་བྱུང་།

                                             

1986ལོའི་ཟླ11ཚེས26ཉིན།