འབུམ་ཤུལ་ཐུབ་བསྟན་བློ་གྲོས།

1

བསྐལ་བ་ཆ་འཕྲིན་ཅན་གྱི་དུས།
སོ་སྐྱེས་བཞད་གོད་གཏམ་ལ་དགའ།
ལྷ་ཆབ་བདུད་རྩིའི་བྱིན་རླབས་ལས།
ཧམ་པའི་ཁྱི་ལ་ཟས་ལྷག་འཕྲོད།

2

དེ་བས་རང་ལ་སེམས་སྐྱེད་དང་།
གཏི་མུག་ང་རྒྱལ་ཞི་བ་ལ།
ཁ་མཚར་ཁྱིའི་བསྟན་བཅོས་འདི།
གཞན་ལ་མ་དམིགས་རང་ལ་སྦྱར།

3

སྐྱེ་བོ་ཚན་རིག་ལ་རྨོངས་པས།
འཇིག་བརྟེན་བྱ་བ་སྨྱོ་འཁྲབ་བྱེད།
ཁྱི་ཡིས་འཕྲུལ་འཁོར་མ་ཤེས་པས།
རྗེས་ལ་དེད་དེ་ཟ་འདོད་བཅིང་།

4

གང་གིས་རྒྱུ་འབྱོར་ཙམ་ལ་ནི།
རང་གི་གཉེན་ཉེ་སྡང་བྱེད་ན།
ཁྱི་ཕྲུག་ཟས་ལ་རབ་འདོད་ནས།
མ་ཡི་ཁ་ཟས་བཅོམ་དང་མཚུངས།

5

བྲན་དང་བྲན་མིན་ཤེས་དགོས་སྟེ།

མ་ཤེས་པ་རྣམས་གཞན་གྱིས་བསླུ།

བདག་པོའི་རྩམ་ལྡག་སྟེར་ཙམ་ལས།

མཛོད་ཀྱང་རང་གི་ཡིན་སྙམ་སྐྱེ།

6

དེ་བས་བླུན་པོ་གཞན་བྲན་གྱུར།

མཁས་པས་རང་ཚུགས་འཆོར་བ་མེད།

ཁྱི་རྣམས་ཐག་པས་འཆིང་བྱེད་ལ།

རི་སྤྱང་སྔོན་མོ་དེ་ལྟ་མིན།

7

བླུན་པོར་སྙན་གྲགས་ཐོབ་པ་དེ།
དབེན་བཞུགས་མཁས་པའི་དོ་ཟླ་མིན།
བཙོང་ཁྱི་ལ་བོར་གདན་ཐོབ་ཀྱང་།
གངས་རིའི་སེང་གེ་དོ་ལེ་མིན།

8

འཇིག་བརྟེན་བདེན་གཉིས་མ་མཐོང་བས།

ལྷ་འདྲེ་འབྱུང་ལ་ཡིད་ཆེས་བྱེད།

མཚན་མོའི་ཁྱི་རྒན་ཟུག་པ་ནི།

ཅི་ཡང་མ་མཐོང་དངངས་ནས་ཟུག

9

སྐྱེས་བུ་རབ་ཀྱིས་ཕྱི་འདང་བྱེད།

བླུན་པོས་སྐབས་དོན་ཙམ་ལ་འབད།

ཁྱི་ལ་ལྟོ་ཆས་ཐོབ་འགྱུར་ན།

སྣོད་ལ་ཉར་ཚགས་ཤེས་པ་མིན།

10

འབྱོར་བ་ཆུང་ཙམ་རྙེད་གྱུར་བས།
བླུན་པོའི་ཁམས་ལ་སྐྱིད་སྣང་སྐྱེ།
ཤ་ཁུ་ཐིགས་ཙམ་རག་པས་ན།
ཁྱི་མོས་མཇུག་མ་གཡུགས་སྟེ་རྒྱུ།

11

བདག་སྒེར་ཅེས་པ་མེད་གྱུར་ན།
ཐབས་མེད་ཐབས་ཀྱི་དབང་དུ་ཤོར།
དབང་པོས་ཟས་ལྷག་མ་སྟེར་ན།
ཐབས་མེད་ཁྱི་ཡིས་མི་གཙང་ཟ།

12

དྲག་པོས་བཅད་པའི་དབང་ཆ་ལ།
སྤྱི་མོས་ཁྲིམས་ཀྱི་ཐོབ་མིང་མེད།
ཁྱི་རྒན་སྐེ་ཡི་ལྕགས་ཐག་དེ།
འགུལ་རྒྱན་རེད་ཅེས་བརྗོད་མཁན་སུ།

13

བདེན་པའི་དོན་རྣམས་འགྲུབ་དགོས་ན།
གཡོ་སྒྱུའི་ཐབས་ལ་བསྟེན་མི་བྱ།
ཤ་ཚིལ་ཇི་ལྟས་རྒྱས་ཀྱང་རུང་།
ཁྱི་ཤ་ཟས་སུ་རོལ་མི་འགྱུར།

14

ས་སྟེང་འགྲོ་བ་མཆོག་དམན་ཀུན།
རང་གི་རིགས་ལ་གཅེས་པ་བྱེད།
མི་ཡིས་བྲན་དུ་སོང་ནས་ན།
རང་གི་རིགས་ལ་འཆའ་མཁན་ཁྱི།

15

སྐྱེས་རབ་དད་པ་འགྲོ་བའི་དོན།
སྐྱེས་འབྲིང་དད་པ་སེམས་གསོའི་ཆེད།
སྐྱེས་དམན་དད་པ་རྒྱུ་ནོར་སྟེ།
ཁྱི་རྣམས་ཟས་དྲི་ཐིལ་ལ་དད།

16

སྐྱེས་མཆོག་གོ་འཕང་དགའ་ལས་ཐོབ།
སྐྱེས་ངན་དབང་ཆ་འཇིགས་སྐུལ་ལས།
སངས་རྒྱས་མདུན་ལ་མཆོད་བྱེད་དང་།
ཁྱི་ལ་གོ་རེ་འདྲ་བ་མིན།

17

ཀུན་ལ་ཕན་པའི་དོན་སྒྲུབ་ཀྱང་།
སྐྱེས་མཆོག་ལ་ནི་འཕྱ་སྨོད་བྱེད།
ཁྱི་དགེའི་དོན་དུ་བྱོན་འདོད་པའི།
རྒྱལ་སྲས་དེ་ལ་ཁྱི་ཡིས་རུབ།

18

དགེ་བའི་དོན་དམ་མ་ཤེས་ནས།
བླུན་པོ་མི་དགེ་ལས་ལ་འབད།
གང་གིས་གཙང་བཙོག་མི་དབྱེ་བས།
ཁྱི་རྣམས་མི་གཙང་གནས་ལ་འཁོར།

19

མི་ཡིས་ལོངས་སུ་སྤྱོད་པ་དག
དལ་འབྱོར་སྙིང་བོར་སྒོམ་མི་རུང་།
ཟས་ནི་ཁོ་ན་བརྙེགས་བྱེད་པས།
ཁྱི་རྣམས་ཟས་ཀྱི་བྲན་ཏུ་འགྱུར།

20

འོན་ཀྱང་མི་ཚེའི་རིན་ཐང་ནི།
རྒྱུ་ཡིས་བཞལ་བ་ཡང་ཡོད་དེ།
པགས་དང་ཤ་ལ་རིན་མེད་པས།
ཁྱི་ནི་དུད་འགྲོའི་མཐའ་མར་བརྩི།

21

སྐྱེས་བོས་དོན་ཆེན་སྒྲུབ་འདོད་ན།
ཐོག་མར་དཀའ་ཆེན་བརྒལ་དགོས་སྟེ།
དམ་པའི་གསུང་ལས་མཐོང་བ་ལྟར།
མི་ལུས་སྔོན་ཏུ་ཁྱི་ལུས་ལེན།

22

རིགས་ལམ་མ་བསྟེན་དཔྱད་ཞིབ་དང་།
དགེ་བ་མ་དམིགས་བསམ་བློ་ནི།
ངེས་མེད་ཟུག་ཁྱིའི་དཔེ་ལྟར་ཏེ།
ཀླད་ངལ་ཆེ་བའི་སྟོང་གྱོང་ཡིན།

23

སྔོན་གྱི་དམ་པའི་ཞལ་ནས་ཀྱང་།
བླུན་པོ་ཁྱི་ཡི་གཟུགས་སུ་སྨྲ།
དེ་དག་ལེགས་བཤད་མཐོང་ཤེས་ན།
མི་མ་ཁྱི་ལ་འགྱུར་མི་སྲིད།