སེམས་ཀྱི་རྟོག་འགྱུ་ཐེངས་ཤིག་གིས་འདི་ལྟ་བུ་ཞིག་བློ་ཡིས་བསླངས་ཤིང་། གནོད་པའང་ཆེར་མ་མཐོང་བས། སུག་བྲིས་བྱས་པ་ལགས། ཅི་སྟེ་ཆོས་པ་ངོ་མ་དང་ཆོས་པ་རྫུན་པ་གང་རུང་གི་ཐུགས་ལ་ཕོག་པ་འདྲ་བྱུང་ཚེ། རྩོམ་རིག་བརྩམས་ཆོས་ཤིག་གམ། བྱིས་པ་རིག་རྒོད་ཅིག་གི་ཀུ་རེ་ཐེངས་ཤིག་ལ་བརྩིས་ཏེ་བཞད་མོ་ཐག་ཐག་ཅིས་བཞད་དེ་ལྷོད་ཀྱིས་བཞུགས་པར་ཞུ། བརྒྱ་ལ་སྐད་དག་མོ་ཞིག་གིས་བཏོན་ཏེ་སྒྲ་ལེན་པར་བྱས་ཏེ་ཉན་ན་ནི་བྲོ་བ་མི་འདྲ་བ་ཞིག་ལྡན་པར་ངེས། མདོ་དངོས་དང་དོན་གྱི་ཆ་ནས་ཀྱང་ཁྱད་པར་ཆེར་མེད་པས་བགྱི་བ་འདི་ལ་ཉེས་པའང་ཆེར་མ་མཐོང་ལ། འདིའི་དགོས་དམིགས་གཙོ་བོ་ནི་བསྟན་བཅོས་ཀྱི་སྐད་དང་ཕལ་སྐད་ཀྱི་བརྡ་ཕན་ཚུན་ལེགས་པར་ངོ་འཕྲོད་པའི་ཕྱིར་རོ།།
ཟླ་བ་གཞོན་ནུ།
ཤེབ་རབ་སྙིང་བོ།
རིག་ཤ་ཙ་ཡ་གི་སྙིང་།
རྒྱ་གར་གྱི་སྐད་ཀྱི་དབང་དུ་བྱས་ན། བྷ་ག་བ་ཏི་པྲ་ཛྙཱ་པ་ར་མི་ཏཱ་ཧྲྀ་ད་ཡ།
ང་ཚོ་བོད་སྐད་ལ་ལོ་ཙཱ་སློག་ན། བཅོམ་མཁན་མ་རིག་ཤ་ཙ་ཡ་གི་ཧ་རོལ་ལ་སོང་བའི་སྙིང་ཟེར་ནི་རེད།
ངས་འདི་མོ་ཟིག་ཐོས་ཐལ། གནའ་ཟིག་ལ་དག་བཅོམ་མཁན་ཁོང་རྒྱལ་ཁང་ཟེར་ནོ་གྲོང་ཁྱེར་དེའི་བྱ་རྒོད་ཕུང་བོ་ཟེར་ནོ་གི་རི་དེའི་མགོ་ལ་དགེ་སློང་མང་ང་ཟིག་དང་། ཆུབ་པ་སེམས་ཅན་གྱི་སྐོར་མང་ང་ཟིག་དང་མཉམ་པོར་བཞུགས་ནས་གདའ་དུས་སྐབས་ལ། སངས་རྒྱས་བཅོམ་མཁན་གིས་ཟབ་མོ་སྣང་བ་ཟེར་ནོ་གི་ཆོས་གི་དབྱེ་བའི་སྒོམ་ཞིག་རྒྱག་མགོ་བཙུགས་ནི་རེད། ཡང་དེའི་སྐབས་ལ་ཆུབ་པ་སེམས་ཅན་སེམས་ཅན་ཆེན་མོ་ལྟ་བ་ལྷ་རིག་ཤ་ཙ་ཡ་གི་ཧ་རོལ་ལ་སོང་བ་གཏིང་ཟབ་མོའི་སྤྱོད་པ་དེ་ལ་ཞེ་བསམ་པའི་གཏིང་ནས་བལྟས་ནི་རེད་ལ་ཧུང་བོ་ལྔ་བོ་དེ་ཆ་ག་ཡང་དོན་དངོས་སུ་སྟོང་བ་ཡིན་ནི་རེད་འདོད་ནི་རེད། དེ་ནས་སངས་རྒྱས་ཀྱི་བྱིན་རླབས་གི་དབང་གིས། ཚེ་རིང་རྒྱུ་བོ་ཤཱ་རིའི་ཞི་ལིས་ཆུབ་པ་སེམས་ཅན་ཆེན་པོ་མྱི་ཙ་ཡ་ལྟ་བ་ལྷ་ཟེར་ནོ་དེར་འདི་ག “བྱ་ཡས་ཁ་ཡས་རིག་ཤ་ཙ་ཡ་ཡི་ཧ་རོལ་ལ་སོང་བ་གཏིང་ཟབ་མོའི་སྤྱོད་པ་ལ་སྤྱད་འདོད་མཁན་དེ་ཆ་གས་ཆི་ག་སྦྱོང་དགོས་ནི་རེད?” དིག་ཟེར་ནོ་ལ། ཆུབ་པ་སེམས་ཅན་ཆེན་པོ་མྱི་ཙ་ཡ་ལྟ་བ་ལྷ་ཡིས་ཚེ་རིང་རྒྱུ་བོ་ཤཱ་རའི་ཞི་ལི་ལ་འདིག་ག་བཤད་རྒྱུ། “ཨ་རོགས! ཤཱ་རིའི་ཞི་ལི། ཞི་ལི་ཆ་ག་ཡིན་ན་ཆོག་གི ཞི་མོ་ཆ་ག་ཡིན་ན་ཆོག་གི སུ་ཟིག་ཡིན་ན་ར་རིག་ཤ་ཙ་ཡ་གི་ཧ་རོལ་ལ་སོང་བ་གཏིང་ཟབ་ནོའི་སྤྱོད་པ་ལ་སྤྱད་འདོད་ན་དེ་ཆ་གས་འདིག་ག་འདང་རྒྱག་དགོས་ནི་རེད། ཧུང་བོ་ལྔ་ཆ་བོ་ཡང་དོན་དངོས་སུ་སྟོང་བ་ཡིན་པར་ཡག་པ་བྱས་ནས་འདང་རྒྱག་དགོས་ནི་རེད། གཟུགས་སྟོང་བ་ཡིན་ནི་རེད། སྟོང་བ་སྟོང་བ་ཟེར་གོ་ནོ་དེ་ཡང་གཟུགས་ཡིན་ནི་རེད། གཟུགས་ལས་གཞན་པའི་སྟོང་བ་ཉིད་ཟིག་ཡོད་ནི་མ་རེད། སྟོང་བ་སྟོང་བ་ཟེར་བ་དེ་ལས་གཞན་པའི་གཟུགས་ཟིག་ར་ཡོད་ནི་མ་རེད། དེ་ནང་བཞིན་ང་ཚོ་གི་ཚོར་བ་ཡིན་ན་ཆོག་གི འདུ་ཤེས་ཡིན་ན་ཆོག་གི འདུ་བྱེད་ཡིན་ན་ར་ཆོག་གི རྣམ་ཤེས་ལ་སོགས་པ་ཚང་མ་སྟོང་བ་ཡིན་ནི་རེད། ཨ་རོགས! ཤཱ་རིའི་ཞི་ལི། དེ་ནང་བཞིན་དུ་དག་ཆོས་ཚང་མ་སྟོང་བ་ཡིན་ནི་རེད། མཚན་ཉིད་མེད་རྒྱུ། སྐྱེས་རྒྱུ་མེད་རྒྱུ། འགགས་རྒྱུ་མེད་རྒྱུ། ནག་ག་ནོག་གེ་མེད་རྒྱུ། ནག་ག་ནོག་གེ་མེད་ནོ་ཡང་མིན་རྒྱུ། འཆག་རྒྱུ་མེད་རྒྱུ། གང་རྒྱུ་མེད་རྒྱུ་ཡིན་ནི་རེད། ཨ་རོགས!ཤཱ་རི་ཚང་གི་ཞི་ལི། དེ་རྐྱེན་གིས་དག་སྟོང་བ་སྟོང་བ་ཟེར་གོ་ནོ་དེའི་དབང་དུ་བཏང་ན་གཟུགས་ཡོད་ནི་མ་རེད། ཚོར་བ་ཡོད་ནི་མ་རེད། འདུ་ཤེས་ཡོད་ནི་མ་རེད། འདུ་བྱེད་ཡོད་ནི་མ་རེད། རྣམ་ཤེས་ཡོད་ནི་མ་རེད། དམྱིག་ཡོད་ནི་མ་རེད། རྣ་འབྱོག་ཡོད་ནི་མ་རེད། སྣ་ཁུང་ཡོད་ནི་མ་རེད། ལྕེ་ཡོད་ནི་མ་རེད། ཧུང་བོ་ཡོད་ནི་མ་རེད། ཡིད་ཡོད་ནི་མ་རེད། གཟུགས་ཡོད་ནི་མ་རེད། སྒྲ་ཡོད་ནི་མ་རེད། དྲི་ཡོད་ནི་མ་རེད། རོ་ཡོད་ནི་མ་རེད། རེག་རྒྱུ་དེ་ཡོད་ནི་མ་རེད། ཆོས་ར་ཡོད་ནི་མ་རེད། དམྱིག་གི་ཁམས་ཡོད་ནི་མ་རེད། དེ་ནས་བཟུང་སྟེ་སྣ་ཁུང་དང་རྣ་འབྱོག ཡིད་ཀྱི་ཁམས་བར་དུ་ཡོད་ནི་མ་རེད། དམྱིག་གི་རྣམ་ཤེས་ཀྱི་ཁམས་ནས་མགོ་བཙུགས་ཏེ་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་བར་ལ་ཡོད་ནི་མ་རེད། མ་ཤེས་རྒྱུ་ཡོད་ནི་མ་རེད། མ་ཤེས་རྒྱུ་ཚར་སོང་ཟེར་རྒྱུ་ཡོད་ནི་མ་རེད། ན་རྒས་ནས་ཤི་བ་ལ་སོགས་པ་ཡང་ཡོད་ནི་མ་རེད། རྒས་ནས་ཤི་བ་ཚར་འགྲོ་རག་བར་དུའང་ཡོད་ནི་མ་རེད། དེ་ནང་བཞིན་སྡུག་བསྔལ་ཟེར་གོ་ནོ་དང་། རྒྱུ་ཟེར་གོ་ནོ་དང་། འགོག་པ་ཟེར་གོ་ནོ། ལམ་ཟེར་གོ་ནོ་ཚང་མ་ཡོད་ནི་མ་རེད། ཡེ་ཤེས་ཟེར་གོ་ནོ་ཡོད་ནི་མ་རེད། ཐོབ་རྒྱུ་ཟེར་གོ་ནོ་ཡོད་ནི་མ་རེད། མ་ཐོབ་རྒྱུ་ར་ཡོད་ནི་མ་རེད། ཨ་རོགས་ཤཱ་རིའི་ཞི་ལི! དེའི་རྐྱེན་གིས་དག་ཆུབ་པ་སེམས་ཅན་དེ་ཆ་ག་ཐོབ་རྒྱུ་ཡོད་ནི་མ་རེད། དེའི་རྐྱེན་གིས་རིག་ཤ་ཙ་ཡ་གི་ཧ་རོལ་ལ་སོང་བ་ལ་བརྟེན་ཞོར་དང་འདུག་པའི་ཞོར་ལ་སེམས་ལ་སྒྲིབ་པ་ཡོད་ནི་མ་རེད། དེའི་རྐྱེན་གིས་དག་སྐྲག་རྒྱུ་ཡོད་ནི་མ་རེད། ཤིན་འཇི་ལས་བརྒལ་ནས་སྡུག་བསྔལ་ལས་བྱུང་གི་བརྒལ་བཏང་ནི་རེད་ཨེ་གོ འདས་པ་དང་ད་ལྟ་བ་དང་མ་འོང་བ་ལ་སོགས་པའི་དུས་གསུམ་ན་ཡོད་ནོ་གི་སངས་རྒྱས་ཐམས་ཅད་པོ་ཡང་རིག་ཤ་ཙ་ཡ་ཡི་ཧ་རོལ་ལ་སོང་བ་ལ་བརྟེན་ནས་གོང་ན་མེད་པ་ཡག་པོ་ཡེད་ལེ་ཁེངས་པའི་ཆུབ་པ་ལ་མངོན་སུམ་དུ་སོང་ནོ་གི་སྔགས། རིག་ཤ་ཆེན་པོ་གི་སྔགས། གོང་ན་མེད་ནོ་གི་སྔགས། མི་མཉམ་པ་ལ་མཉམ་ནོ་གི་སྔགས། རྫུན་མིན་ནོ་གི་རྐྱེན་གྱིས་བདེན་པ་ཡིན་པར་ཤེས་དགོས་ནི་རེད། རིག་ཤ་ཙ་ཡ་ཡི་ཧ་རོལ་ལ་སོང་བའི་སྔགས་བཤད་རྒྱུར།
དཔེར་ན། སོང་དང་སོང་དང་ཧ་རོལ་ལ་སོང་དང་ཆུབ་པ་ཐོབ་གི་འཇུག་རོགས།
ཨ་རོགས! ཤཱ་རིའི་ཞི་ལི། ཆུབ་པ་སེམས་ཅན་སེམས་ཅན་ཆེན་པོ་དེ་ཆ་གས་འདིག་ག་རིག་ཤ་ཙ་ཡ་ཡི་ཧ་རོལ་ལ་སོང་བ་གཏིང་ཟབ་མོ་འདི་ལ་སྦྱོང་དགོས་ནི་རེད། དེའི་གཞུག་ནས་སངས་རྒྱས་བཅོམ་མཁན་གིས་སྒོམ་དེ་ནས་ཡ་ར་བཞེངས་ནས་ཆུབ་པ་སེམས་ཅན་སེམས་ཅན་ཆེ་གོ་བོ་དེས་མྱི་ཙ་ཡ་ལྟ་བ་ལྷ་ལ་ད་ཡག་གི་ཟེར་ནས། ད་ཧྲ་གི ད་ཧྲ་གི ཞི་ལི་ཧྭུ་རན་གོ དིག་ག་རེད་མོད། དིག་ག་ཡིན་ནི་རེད། ཁྱོས་ཆི་ག་བསྟན་ནོ་ལྟར་ར་རིག་ཤ་ཙ་ཡ་ཡི་ཧ་རོལ་ལ་སོང་བ་གཏིང་ཟབ་མོ་སྦྱང་རྒྱུ་ཡིན། དེ་ནང་བཞིན་ཤེས་མཁན་ཆ་བོ་ཡང་དེའི་ཞོར་ལ་སེམས་པ་དགའ་བཏང་ཐལ། བཅོམ་མཁན་གིས་དིག་ག་བཀའ་བསྩལ་བཏང་ཐལ་ར་དག ཚེ་རིང་རྒྱུ་བོ་ཤཱ་རི་དྭ་ཏིའི་ཞི་ལི་དང་། ཆུབ་པ་སེམས་ཅན་སེམས་ཅན་ཆེན་པོ་ལྟ་བ་ལྷ་དང་། མྱི་འཁོར་ཚང་མ་འཛོམས་པའི་དེ་ཆ་ག་དང་། ལྷ་ར། མྱི་ར། ལྷ་མ་ཡིན་ར། དྲི་ཟ་ནོ་དེ་ཚོ་ལ་སོགས་པ་ཚང་མ་སེམས་པ་ཞེ་གི་དགའ་ནས་སངས་རྒྱས་བཅོམ་མཁན་གྱིས་གསུངས་བཞག་ནོ་དེ་ལ་ཞེ་བསམ་པའི་གཏིང་ནས་བསྟོད་པ་ཡེད་དང་ཐལ།
མྱི་ཙ་ཡ་རིག་ཤ་ཙ་ཡ་ཡི་ཧ་རོལ་ལ་སོང་ནོ་གི་སྙིང་ཚར།
མཆན།
མྱི་ཙ་ཡ : འཕགས་པ།
རིག་ཤ་ཙ་ཡ : ཤེས་རབ།
ལྟ་བ་ལྷ : སྤྱན་རས་གཟིགས་དབང་ཕྱུག
བཅོམ་མཁན : བཅོམ་ལྡན་འདས།
སེམས་ཅན : སེམས་དཔའ།
སེམས་ཅན་ཆེན་མོ : སེམས་དཔའ་ཆེན་མོ།
ཆུབ་པ : བྱང་ཆུབ།
ཤིན་འཇི : ཕྱིན་ཅི་ལོག
གསལ་འདེབས། རྩོམ་འདིའི་པར་དབང་ངེད་བཙན་པོ་ཚང་ལ་དབང་བས་ཆོག་མཆན་མ་ཐོབ་པར་གང་འདོད་དུ་བརྒྱུད་འགོད་བྱེད་མི་ཆོག
རྩོམ་ཁུངས། བཙན་པོ་ཚང་།
རྩོམ་འདིའི་སྦྲེལ་ཐག http://www.tsanpo.com/letter/7688.html
དཔྱད་མཆན་སྤེལ།