མདང་ནུབ། བདག་གི་བུ་ཆེ་བས་ཨ་ཕ་ལགས། ང་ལ་གནའ་གཏམ་ཤོད་དང་། གནའ་གཏམ་འབུ་མེ་ལྕེབས་ཤོད་དང་ཟེར། སྒྲུང་གི་ནང་དོན་ཁོའི་ཨ་མས་བཤད་པ་ལྟར་རོབ་ཙམ་ཤེས་ཡོད་ལས་ཆེ། མིང་དེ་ནི་གསལ་བོར་སེམས་ལ་ངེས་འདུག ངས་འབུ་མེ་ལྕེབས་ཞེས་པའི་དཔེ་མིང་དེ་གོ་བ་དང་གྲོགས་འདས་པོ་སྙིང་ལྕགས་ལགས་ཀྱི་མིང་གིས་འབོད་ཀྱིན་པའི་སྣང་ཚུལ་ལས་གཞན་ཅི་ཡང་མ་བྱུང་། བྱིས་པ་ཞིག་གི་སེམས་ངོར་འབྱར་བའི་དཔེ་ཆ་འདི་ཉིད་འདས་པོ་ཁོང་གིས་མི་ཡུལ་ལ་བཞག་པའི་ཞབས་རྗེས་གསལ་བོ་ཞིག་རེད་ཨང་། ངས་སེམས་པ་སྨྲེང་བཞིན་སྨྲེང་བཞིན་སྒྲུང་བཤད་ཚར་ན་ཡང་ནམ་རྒྱུན་ལྟར་སྤྲོ་སྣང་དོད་པོ་ཞིག་བཤད་མ་ཐུབ། སྒྲུང་བཤད་ཚར་བ་དང་བུ་ཆུང་གཉིད་དུ་ཡུར། ང་ཡང་གཉིད་དུ་ཡུར། ད་ནངས་ཞོགས་པར་མིག་ཕྱེས་མ་ཐག་འདང་གི་བུ་ཆུང་གི་སྐད་དེ་རྣ་ལམ་དུ་ད་དུང་གྲགས་ཀྱིན་པ་འདྲ་བས་ངས་དེ་སྔ་ནས་ཟིན་བྲིས་ཙམ་དུ་བཏབ་པའི་ཁ་བ་སྙིང་ལྕགས་དྲན་པ་ཞེས་པ་འདི་བྲིས་ཚར་མེད་ཀྱང་དེ་རིང་དྲ་ངོས་སུ་འགོད་འདོད་བྱུང་སོང་།
བབབ

ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༦ པའི་ཚེས་ ༢༧ ཉིན་གྱི་ཞོགས་པར་༼ཁ་བ་སྙིང་ལྕགས་ལ་མྱ་ངན་ཞུ་༽ཞེས་པའི་ཡིག་འབྲུ་འདི་དང་ཁོང་གི་འདྲ་དཔར་འགའ་ཞིག་སྐད་འཕྲིན་གྱི་རྒྱབ་ལོགས་སུ་འཇོག་གིན་འདུག་མོད། འོན་ཀྱང་། ང་རང་ཡིད་གཏན་ནས་མ་ཆེས། གང་ཡིན་ཟེར་ན་ང་ཚོའི་སྨྱུ་གུ་འཛིན་པ་འགའ་ཞིག་ནི་སྨྱོན་པའི་ཐོ་ཅོ་ལ་དགའ་བས་དེ་སྔ་ཞིག་ལ་སྐུ་ཞབས་ཞོགས་དུང་ཚེ་ལས་འདས་སོང་ཟེར་བའི་སྐད་ངན་ཞིག་ཀྱང་དྲ་ལམ་དུ་ཁྱབ་མྱོང་ཡོད་པས་དེ་འདྲ་ཡིན་སྲིད་པར་སྙམ་ནས་ཡིད་ཆེས་ཐབས་མ་བྱུང་། ད་དུང་ཡང་ཁ་པར་ཨང་གྲངས་དང་སྐད་འཕྲིན་གསུབ་མ་ནུས་པར་ལུས་ཡོད། ངོ་ཤེས་པའི་མི་ཞིག་གློ་རྡེག་ཏུ་མེད་སོང་དུས་ཁོའི་མིང་བྱང་ཁ་པར་ལས་གསུབ་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མ་རེད། ད་དུང་ཡང་གསུབ་མེད། གསུབ་འདོད་ཀྱང་མི་འདུག འོན་ཀྱང་འདས་པའི་ལོ་ཟླའི་ནང་འདས་པོ་འགའི་མིང་ཡིག་ཁ་པར་ལས་གསུབ་དགོས་བྱུང་ཡང་དེ་དུས་་ཚོར་སྣང་འདི་འདྲ་ཅང་སྐྱེས་མ་མྱོང་།
ཉིན་དེར་གློ་བ་ཉེ་བའི་གྲོགས་ཤིག་ལ་ཁ་པར་བཏང་བ་ན་གཏམ་དེ་བདེན་པ་ཡིན་པ་ཤེས་སོང་བས་སེམས་གཏིང་ནས་ཕམ་སོང་། བློ་ཤིན་ཏུ་འགྱོད་སོང་། ཁ་བ་སྙིང་ལྕགས་དང་སྙིང་ལྕགས་ཀྱི་ལས་ཀ་བྱེད་སྟངས། སྙིང་ལྕགས་ཀྱི་མི་ཚེའི་ལངས་ཕྱོགས་བརྟན་པོ་དེ་ལ་ཤིན་ཏུ་ནས་དགའ་བ་ཙམ་མ་ཡིན་པར། བོད་རྒྱ་ཡིག་རིགས་གཉིས་ཀྱི་རྨང་གཞི་བརྟན་པོ་ཆགས་པའི་ན་གཞོན་རེ་བ་ཅན་ཞིག་འདི་ལྟར་རྐྱེན་འདས་སུ་གྱུར་པར་ཤིན་ཏུ་སྐྱོ་སོང་། དམིགས་བསལ་གྱིས་ཐེངས་འདིར་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ཀྱི་ཕྱིར་དུ་སྲོག་ཤོར་བ་ནི་བདག་ལས་གཞན་གཅེས་ཀྱི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རང་ཡིན་པས་དེར་མྱ་ངན་ཞུས་དང་ཞུ་མུས་སུ་ཡོད་པ་བཞིན། བྱེད་དགོས་པ་ཞིག་ཀྱང་ལོས་ཡིན། བློ་ཕམ་པ་ཞིག་ལ་འདིར་མྱ་ངན་ཞུ་རན་མི་འདུག་ཟེར་མཁན་འགའ་རེ་འདུག་པས་ཁོང་ཚོར་མཚོན་ན་ན་གཞོན་ཁ་བ་སྙིང་ལྕགས་ལགས་ཀྱིས་གཞན་དོན་དུ་ཚེ་སྲོག་ཤོར་བར་བོད་གངས་ཅན་པ་རྣམས་ཀྱིས་སྤྲོ་སྐྱིད་ཅིག་གཏོང་དགོས་པ་འདྲ་མོད། དེ་འདྲ་ནི་ནམ་ཞར་ཡང་ཡོང་ཐབས་མེད། འདས་པོ་བྱས་པ་ཅན་ལ་མྱ་ངན་ཞུ་བ་ནི་ཤུལ་ལུས་ཁྲེལ་ཡོད་དག་གི་འགྲོ་ལུགས་ཤིག་ཡིན་པ་ལས་འགྲེལ་བཤད་ཞུ་རྒྱུ་ཅང་མེད། དེ་མིན་གསོན་པོ་བྱས་པ་ཅན་ལ་མྱ་ངན་ཞུས་པའི་ལོ་རྒྱུས་ནི་འཛམ་གླིང་དུ་བྱུང་མེད།

དང་པོ། ཁ་བ་སྙིང་ལྕགས་དང་ངེད་གཉིས་ངོ་ཤེས་སྟངས།

ཐེངས་ཤིག གྲོགས་སྒྲེན་པོས་ཁ་བ་སྙིང་ལྕགས་རེབ་གོང་དུ་ཕེབས་འདུག ཁོས་འབུ་མེ་ལྕེབས་ཀྱི་དེབ་ཀྱང་འཁྱེར་ནས་ཕེབས་འདུག་པས་ཉི་འོད་ཇ་ཁང་དུ་ཡོང་བའི་དུས་ཚོད་ཡོད་དམ་ཟེར། སྤྱིར་ན་ང་རང་དེ་སྔ་ཁ་བ་སྙིང་ལྕགས་ལ་འདྲིས་གཤིབ་བྱས་མྱོང་བའི་མི་ཞིག་མིན་ན་ཡང་། མིང་དེ་གོ་བ་ཙམ་གྱིས་བོད་པའི་ན་གཞོན་རིག་གནས་པའི་སྡེ་རུ་ཡོད་པ་དག་ངོ་ཤེས་རྒྱུ་འདི་ཡང་འགན་འཁྲི་ཞིག་ཏུ་བསམ་ཡོད་པ་བཞིན་ཤར་མར་ཇ་ཁང་དེར་སོང་བ་ཡིན། དུས་རྒྱུན་དུ་ན་གཞོན་ཞེན་པ་ཅན་འགའི་གཤིས་ཀ་དེར་ཤིན་ཏུ་དགའ་བས་ནམ་ནམ་ཞར་ཞར་ལ་ཁོང་ཚོའི་རྩོམ་ཡིག་སོགས་ལ་དོ་སྣང་བྱེད་བཞིན་ཡོད། ཁོང་ཚོར་རེ་བ་བྱེད་བཞིན་ཡོད། གཤིས་ཀ་དེ་ཡང་དཔེ་ཀློག་ལ་བརྟེན་ནས་མི་ཚེ་བསྐྱལ་འདོད་པ། གཞན་བརྟེན་གྱི་སྲིན་འབུའི་སྐྱེ་བ་ལེན་རྒྱུ་ལས་རང་ཁ་རང་གིས་གསོས་ནས་མི་ཚེ་བསྐྱལ་རྒྱུའི་སེམས་ཤུགས་ཡོད་པ། མི་ཚེ་བདེན་དགེ་མཛེས་གསུམ་གྱིས་ཕྱུག་པ་གཟི་བརྗིད་དུ་འདོད་ཀྱིན་པའི་ན་གཞོན་ལངས་ཕྱོགས་ཅན་སྐོར་ཞིག་ཡིན།

མཚན་མོ་དེར་ང་ཚོས་ལབ་གླེང་སྣ་ཚོགས་བྱས་རྗེས་རང་རང་སར་སོང་བ་ཡིན། ཡང་བསྐྱར་ཐེངས་ཤིག་འཕྲད་ཐེངས་ཤིག་སྟེ་དུས་ཚོད་ནམ་ཡིན་གསལ་བོར་མི་དྲན་ཡང་ཁོང་གིས་ང་ཚོའི་སློབ་གྲྭར་དགེ་རྒན་བྱེད་དུ་ཡོང་ན་ཨེ་ཆོག་ཟེར། སྐབས་དེར་ངས་ཁོང་ནི་ནམ་རྒྱུན་གདོང་ལ་ལྷད་མེད་འཛུམ་གྱིས་ཁེངས་པའི་གསར་བུ་ཞིག་དང་། རིག་གནས་ཀྱི་རྨང་གཞི་བཟང་བའི་ཁར་མི་གཞི་ཤིན་ཏུ་བཟང་བ། སྤྱི་ཚོགས་ཀྱི་ལྡིང་ཆའི་ཐོག་འབུར་དུ་ཐོན་བཞིན་པའི་མི་ཞིག་ཡིན་པའི་ངོས་ནས་ངེད་བྱིས་སྐྱོང་ཁང་དུ་ལས་ཀ་བྱེད་དུ་ཡོང་ག་ལ་སྲིད་སྙམ་ནས་རྩེད་མོའི་གྲས་སུ་འཇོག་པ་ལས་དོན་དངོས་ཤིག་ཡིན་པར་རྩ་བ་ནས་མ་འདོད། ཁོས་ཀྱང་གནས་ཚུལ་དེ་ཡང་བསྐྱར་གླེང་མ་བྱུང་། དེ་ཡང་ངས་ཁོང་ལ་གདེང་འཇོག་བྱས་དྲག་པས་ཡིན།

སྐབས་ཤིག་གྲོགས་ཞོགས་ལྗང་དང་ལབ་གླེང་བྱེད་པའི་སྐབས་ཤིག་ལ། “སྙིང་ལྕགས་ཀྱིས་ཁྱེད་ཚོའི་སློབ་གྲྭར་དགེ་རྒན་བྱེད་དུ་ཡོང་རྒྱུའི་སྐད་ཆ་ཞིག་བཤད་པ་ཡིན་མོད། ཁྱེད་ཀྱིས་ལན་ཅང་མ་སྤྲད་པར་ཁོང་ཅུང་ཁ་སྐྱེངས་འདུག” ཟེར།

ང་ཤིན་ཏུ་འགྱོད་བྱུང་། འགྱོད་དོན་ཡང་དེང་སློབ་གྲྭ་ཆེན་མོ་ལས་མཐར་ཕྱིན་པའི་སློབ་མ་ནི་བར་སྣང་ལ་རྡོ་གཅིག་གཡུག་ན་མི་གཉིས་གསུམ་གྱི་མགོ་ལ་ལྷུང་ངེས་པའི་ཚད་དུ་ལྷུང་ཡོད་པས་ཤིན་ཏུ་ནས་འབེལ་བོ་རེད་མོད། འོན་ཀྱང་། དེ་དག་གི་ཁྲོད་མི་གཞི་ལེགས་ཤིང་། ལྷག་བསམ་ལྡན་པ། ངོ་ལྐོག་མེད་པར་ལས་ཀར་འབད་མཁན། གཞུང་དོན་རང་དོན་དུ་བསམ་ནས་འབད་པ་ལྷུར་ལེན་བྱེད་མཁན། གཞུང་རྒྱུགས་ལ་ཞུགས་ནས་གཞུང་ལས་ཐོབ་རྒྱུའི་རེ་བ་བྱེད་པ་ལས་རང་གི་ལས་གནས་ནས་ཡུན་རིང་འདུག་མཁན་ཤིན་ཏུ་དཀོན་པས་ངེད་སློབ་གྲྭར་ཡང་དགེ་རྒན་ཚད་ལྡན་མི་རེག་པའི་དཀའ་ངལ་ལ་འཕྲད་ཡོད་པར་བརྟེན། ཁ་བ་སྙིང་ལྕགས་ལགས་ཀྱི་དོན་གཏམ་དེ་ཀུ་རེ་རུ་བསམ་པར་ཤིན་ཏུ་ནས་འགྱོད་པས་ཁོང་ལ་སྐད་འཕྲིན་རྒྱུད་འབྲེལ་བ་བྱས་པ་ན། ཁོས་གྲོགས་པོ་འགའ་དང་ལྷན་ཏུ་བྱིས་སྒྲུང་འབྲི་བའི་ལས་ཀ་མགོ་བརྩམས་འདུག་པས་ཐབས་ཤེས་གཞན་མ་བྱུང་། ལས་ཀ་དེ་ཡང་ངེད་སློབ་གྲྭར་ཡོང་ནས་ལས་ཀ་མ་བྱས་པ་ཙམ་ལས་ངེད་སློབ་གྲྭའི་བྱིས་པ་སོགས་ལའང་དམིགས་ནས་སྒྲུབ་ཀྱིན་པའི་ལས་ཀ་ཞིག་ཡིན་སྟབས་སེམས་གཏིང་ནས་དགའ་བོ་བྱུང་།

ང་ལ་མཚོན་ན། བོད་ཀྱི་གྲོང་གསེབ་ས་ཆའི་བྱིས་པའི་སློབ་གསོའི་གཉེར་ནས་ལོ་ངོ་ལྔ་དྲུག་འགོར་བའི་རིང་འདིར། དཀའ་ངལ་སྣ་མང་པོར་འཕྲད་ཀྱིན་འདུག་ན་ཡང་། དམིགས་བསལ་གྱིས་བོད་རིགས་བྱིས་པའི་ལག་ཏུ་ཁོང་ཚོར་འོས་ཤིང་འཚམས་པའི་བྱིས་སྒྲུང་གི་དེབ་ཅིག་འཇོག་རྒྱུ་མ་རྙེད་པར་ལུས་པའི་སྐབས་དེར་ཨ་ནུ་དཔེ་ཚོགས་ལས་གཉའ་ཁྲི་བཙན་པོ་ཞེས་པའི་བྱིས་སྒྲུང་དེ་དངོས་སུ་དཔར་འགྲེམས་བྱས་པས་དེ་ལ་རྟེན་འབྲེལ་ཞུས་ཤིང་། ཁོང་ཚོས་མུ་མཐུད་དཔར་འགྱུར་གྱི་འབུ་མེ་ལྕེབས་དང་དགེ་འདུན་ཆོས་འཕེལ་སོགས་ཀྱི་བྱིས་སྒྲུང་དེ་ལེགས་པོ་ཞིག་ཡོང་ཆེད། ངས་ཤོག་ངོས་བཅུ་གྲངས་ཅན་གྱི་བསམ་ཚུལ་ཡི་གེ་ཞིག་བྲིས་ནས་གྲུབ་རྗེས་གྲོགས་འདས་པོ་ཁ་བ་སྙིང་ལྕགས་ལགས་ལ་བསྐུར་རྗེས་བཙན་པོའི་དྲ་བར་བཀོད་ཆོག་མིན་ཡང་དྲིས་པ་ན་ཁོས་ལོས་ཆོག བཀའ་དྲིན་ཆེ་ཞེས་ལབ་བྱུང་། དེ་བས་ངས་ཀྱང་རྩོམ་ཡིག་དེ་བཙན་པོའི་དྲ་བར་བཀོད་པ་ཡིན། ཕྱིས་སུ་འབུ་མེ་ལྕེབས་ཞེས་པའི་བྱིས་སྒྲུང་དེབ་དེ་སྒོར་ཐོན་པ་དང་དེ་ལ་རྟེན་འབྲེལ་ཞུས་ཤིང་རྒྱུད་འགོད་བྱས་པ་ན། ཁོས་འདིའི་ཐད་བསམ་ཚུལ་ཞིག་འདོན་རོགས་ལབ་སོང་ཡང་། ངས་འཕྲད་དུས་ཤིག་ལ་གླེང་ཆོག་བསམ་ནས་ཅང་མ་བྲིས།

གཉིས་པ། ཁོང་ལ་འཕྲད་རྒྱུའི་ཚབ་ཏུ་མྱ་ངན་ཞུ་དགོས་བྱུང་།

ཁར་ཉིན། ཁོང་གི་སྐུ་ཚེའི་འཕེན་པ་རྫོགས་པ་ཐོས་འཕྲལ་ཡིད་སེམས་བློང་བློང་བོར་གྱུར། ཅི་ཡང་སྨྲ་རྒྱུ་མེད་པར་ལུས། བསམ་བསམ་ནས་ཁོང་གི་ཕ་མ་རྒན་རྒོན་གཉིས་གཙོས་པའི་ནང་མའི་མིག་སྔུན་དུ་འགྲོ་དགོས་པར་བསམ་ནས་ལམ་ལ་ཆས། ལམ་ལ་མ་ཆས་པའི་སྔ་ནུབ་ཏུ་ང་དང་གྲོགས་པོ་འགས་འབུམ་དུམ་པ་བཅུ་གཉིས་བླུས། ཚ་བསུར་ཕུད་བྱེད་ཀྱིས་རྩམ་པ་བཅས་བཟུང་ནས་ཞོགས་པའི་ཆུ་ཚོད་ལྔ་བའི་སྟེང་ལམ་ལ་ཆས། ཆར་བ་ཤུགས་དྲག་ཏུ་འབབ་ཀྱིན་འདུག ཉིན་གུང་ཙམ་ལ་མཚོ་སྔོན་པོའི་ཟླ་ཚང་ཞེས་པའི་གྲོང་གསེབ་ཅིག་ཏུ་ཡོད་པའི་ཁོའི་ཕ་ཡུལ་དུ་འབྱོར། བདག་གི་གྲོགས་པོས་ཕ་མ་རྒན་རྒོན་གཉིས་ལ་སེམས་གསོ་བྱས། ང་ཚོ་འབྱོར་ནས་ཅང་མ་འགོར་བར་སྐུ་ཞབས་ཞོགས་དུང་སོགས་མགྲོན་པོ་གཞན་དག་ཀྱང་འབྱོར། དེར་འཛོམས་མཁན་གྱི་མི་ཚང་མས་ཁ་བ་ཁོང་གི་བཅོས་མིན་གྱི་མི་གཤིས་དང་བརྩེ་མདངས། ལྷད་མེད་ཀྱི་འཛུམ་མདངས་བཅས་ཀྱིས་བཞག་པའི་ཚོར་བ་དེ་ཡིད་ལ་བཟུང་སྟེ་ཕེབས་ཡོད་པས་ཀུན་གྱི་མིག་མཐར་མཆི་མ་འཁོར་བ་ནི་ཨ་ཅང་ཅང་། དེ་ནས་ཁོང་རྐྱེན་ལམ་དུ་ཤོར་སར་སོང་ནས་ང་ཚོའི་གྲས་སུ་ཡོད་པའི་དགེ་སློང་འགས་ཚ་བསུར་ཕུད་པ་དང་སྨོན་ལམ་གསུངས། གཞན་དག་གིས་ཁ་བ་ལགས་ལ་མྱ་ངན་ཞུ་ཞེས་པའི་རས་གཞིའི་སྟེང་ལ་ཡི་གེ་བྲིས་ཚར་བ་དང་དེར་འཛོམས་ཚང་མ་མཉམ་དཔར་བླངས། མཚོ་ཁ་དེར་སྐྱོ་བ་སེམས་ཀྱིས་མི་གནོན་པ་བྱུང་། གསེར་ཉ་སྲུང་སྐྱོབ་ཆེད་རང་སྲོག་ཤོར་བར་འགྱོད་པ་ཆེན་པོ་སྐྱེས། གཞན་དོན་དུ་རང་སྲོག་འབུལ་ནུས་པ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་མཛད་པ་མིན་ནམ་སྙམ་པ་དང་། ཉ་འཛིན་མཁན་གྱི་རྒྱ་རིགས་དེ་དག་ཇི་ལྟར་རྩད་རྫོགས་དང་དེ་དག་ལ་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུའི་ནུས་པ་ཇི་ལྟར་མེད་སོང་བ་རེད་སྙམ་པ་སོགས་ཡིད་ལ་འཁོར། ཅང་ཤེས་ཡུལ་ཚོའི་ལས་བྱེད་པ་དག་ལ་ཡང་འཁང་ར་བྱས།

དེ་ནས་ང་དང་མཉམ་དུ་ཡོད་པའི་གྲོགས་པོ་ཞིག་གིས་འབྲེལ་བ་རྒྱུད་མ་སྐྱེས་ཨ་མའི་འབྲོག་ཁྱིམ་ཚང་གི་སྦྲ་ནག་ཆེན་པོ་ཞིག་གི་ནང་འདས་པོ་རྐྱེན་ལམ་དུ་ཤོར་བའི་རྒྱུ་རྐྱེན་ལ་ཉན་པའི་གོ་སྐབས་བྱུང་བ་དང་། ཁོའི་གྲོགས་དང་བསམ་བློའི་དཔུང་རྡང་གཅིག་པ་ཚོས་སྐད་ཆ་བཤད་ཅིང་སྙན་ངག་གྱེར། སྐད་ཆ་དང་སྙན་ངག་འགའ་ཞིག་གིས་མིག་ལས་མཆི་མ་བཏོན།

བུད་མེད་རྩོམ་པ་པོ་འོ་གཞུག་སྐྱིད་ཀྱིས་ཁ་བ་ལགས་གསེར་ཉའི་ཆེད་དུ་གཤེགས་སོང་བས་དེ་རིང་ནས་ང་རང་གིས་ཉ་ཤ་མི་བཟའ་རྒྱའི་དམ་བཅས་པ་ཡིན། ང་ཚོའི་ཐབ་ཚང་ཞེས་པའི་དྲ་ཚོམས་དེར་ཡང་དེའི་སྐོར་གླེང་རྒྱུ་བྱུང་། ཞེས་པ་དེས་དེར་འདུས་ཀྱི་མི་དག་ལ་ཡིད་འགུལ་ཐེབས་སུ་བཅུག་ཅིང་འགའ་རེས་ཉ་ཤ་བཅད་པ་སྐད་འཕྲིན་དུའང་བཀོད་བྱུང་། དེ་ལྟར་མྱ་ངན་ཞུ་བའི་རིམ་པ་མཇུག་བསྡུས།

གསུམ་པ། ཅིའི་ཕྱིར་ཁ་བ་སྙིང་ལྕགས་ལ་མྱ་ངན་ཞུ་དགོས་སམ།

ཁ་བ་སྙིང་ལྕགས་ནི་ཕོར་བའི་དོན་དུ་ཁ་གླ་བའི་རིགས་མིན་ལ། ཕོར་བའི་དོན་དུ་བླ་བཙོང་བའི་རིགས་དེ་ཡང་གཏན་ནས་མིན། ཁ་བ་སྙིང་ལྕགས་ནི་གཞན་ལ་བརྟེན་ནས་འཚོ་བ་རོལ་འདོད་མཁན་ཞིག་མིན་ལ། རྐྱལ་སྟོང་བྱས་ནས་དཔེ་ཀློག་མི་བྱེད་པ་ཞིག་ཀྱང་གཏན་ནས་མིན། ཁ་བ་སྙིང་ལྕགས་ནི་ལོ་ཉེར་དྲུག་ལ་སོན་པའི་ན་གཞོན་བྱས་པ་ཅན་ཞིག་སྟེ། བོད་ཀྱི་བྱིས་པར་བོད་པས་བྲིས་པའི་ཟུར་ལྟའི་ཀློག་དེབ་མེད་པ་ནས་ཡོད་པར་བྱེད་མཁན་གྱི་མི་རིགས་ཞེན་ཅན་ཞིག་ཡིན། ཁ་བ་སྙིང་ལྕགས་ནི་སྙན་ངག་བཞེངས་པར་མཁས་ཤིང་རིགས་དོན་དུ་འདང་རྒྱག་གིས་ཁེངས་པའི་ན་གཞོན་སྒེར་གཤིས་ཅན་ཞིག་ཡིན། ལྷག་པར་དུ་གངས་ཅན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་རང་སྲོག་ཤོར་བའི་དཔའ་བོ་ཞིག་ཡིན། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞིག་ཡིན། ཁོང་གི་མི་ལོ་ཉེར་དྲུག་ནི་བདེན་དགེ་མཛེས་གསུམ་གྱིས་རྒྱན་ནས་ཡོང་བ་ཞིག་ཡིན་པས་རྗེས་དྲན་བྱེད་ཆོག་ཆོག་ཡིན། ད་ཐེངས་མང་པོ་ཞིག་གིས་མྱ་ངན་ཞུ་དོན་ཡང་འདི་ཡིན། གཞན་དོན་དུ་རང་སྲོག་ཤོར་བའི་རིགས་མཐའ་དག་ལ་མྱ་ངན་ཞུ་འོས་དང་མི་འོས་ནི་ང་ཚོའི་སེམས་ན་གསལ་བ་ལྟར་རེད། དེ་བས་ཁ་བ་སྙིང་ལྕགས་ལ་མྱ་ངན་ཞུ་བ་ནི་ཁོར་ཡུག་གི་བབ་ལ་གཞིགས་ནས་བཤད་ན་ཁྲིམས་མཐུན་དང་ལུགས་མཐུན་ཞིག་ཡིན།

ཁོང་ལ་མྱ་ངན་བྱེད་མི་འདོད་པ་དག་གིས་ཅི་བསམ་པ་ཡིན་ནམ། མྱ་ངན་ཞུས་པར་མིག་ཚ་བཞིན་མི་རིགས་འདིར་ཕྲག་དོག་ཆེ་ཚུལ་སོགས་གླེང་མཁན་གྱི་མིག་ཡ་ཅན་དེ་དག་ལ་ཅི་བྱུང་བ་ཡིན་ནམ། མི་བྱས་པ་ཅན་ལ་མྱ་ངན་གྱི་ཚོགས་འདུ་བསྡུས་པར་མི་འཐད་པའི་རྣམ་འགྱུར་སྟོན་མཁན་འགའ་ཤས་འབྱུང་གི་འདུག། དེ་ནི་སྤྱི་ཚོགས་ཤིག་གི་སྣང་ཚུལ་ཞིག་ཡིན་པས་ཡ་མཚར་དོན་གང་ཡང་མི་འདུག་མོད། འོན་ཀྱང་བསམ་པར་བྱ་བ་འདི་ཡོད་དེ། གློ་བུར་དུ་སྐུ་གཤེགས་པ་ཙམ་གྱིས་སྐྱོན་ཆ་ཡོན་ཏན་དུ་བསྒྱུར་བ་ཞིག་གཏན་ནས་ཡོད་པ་མ་རེད། འོན་ཀྱང་མི་ཞིག་ཚེ་ལས་འདས་རྗེས་དེའི་བཟང་ཆ་གླེང་བ་ནི་རིག་གནས་ཀྱི་སྣང་ཚུལ་ཞིག་ལས་གཞན་ཅི་ཡང་མིན། གློ་བུར་དུ་སྐུ་གཞན་དོན་དུ་གཤེགས་པ་ནི་གླེང་འོས་པ་ཡིན། གཞན་དོན་དུ་ཚེ་སྲོག་ཤོར་བའི་སྤྱོད་པ་ལ་ཅི་ཟེར་མིན་ཁོང་ཚོས་ཀྱང་ལོས་ཤེས་མོད། ཁ་བ་སྙིང་ལྕགས་ལ་མྱ་ངན་ཞུས་ན་སེམས་ན་འདོད་ཀྱིན་མེད་པ་ནི་ཕྱོགས་རེས་པའི་སེམས་ཀྱི་འཁྱེར་སོ་ཞིག་ལས་གཞན་ཅི་ཡང་མེད། གཞན་ཡང་མི་འཇིག་རྟེན་ན་ཡོད་དུས་ཕན་ཚུན་ཕྲག་དོག་བྱེད་པ་ཡང་མིའི་རིགས་སྤྱི་ཡོངས་ལ་ཁྱབ་པའི་སེམས་གཤིས་ཤིག་ལས་བོད་པ་ཁོ་ནར་དར་བ་ཞིག་མིན་ལ། ཨ་མདོ་བ་ཚོ་ཁོ་ནར་དར་བ་ཞིག་ནི་དེ་བས་ཀྱང་མིན། འཇིག་རྟེན་ན་ཡོད་དུས་ཀྱི་མི་དག་ནི་ཕྲག་དོན་ཅན་ཏག་ཏག་ཡིན་པ་བདེན་ཡང་། དེ་དག་ལས་སུ་ཞིག་གཞན་དོན་དུ་སྐུ་གཤེགས་ན་དེ་ལ་མྱ་ངན་ཞུ་མི་ཆོག་ཟེར་བ་ཞིག་གཞར་ཡང་ཡོད་པ་མ་རེད།

དེས་ན་ང་ཚོ་ཤུལ་ལུས་པ་དག་གིས་གཞན་ལ་ཕྲག་དོག་དང་འགྲན་སེམས་སོགས་ཡོངས་སུ་སྤངས་ནས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལྷུར་ལེན་དགོས་ཚུལ་ལབ་ཀྱི་འདུག་མོད། མི་ཡོད་ཚད་དང་དམིགས་བསལ་བོད་པ་ཐམས་ཅད་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ལྟར་འགྱུར་ཐབས་ཡོད་པ་མ་རེད། གང་ལྟར་ཁ་བ་ལ་མྱ་ངན་ཞུས་པ་ནི་ཁྲེལ་གཞུང་ཞིག་ཡིན། འགྲོ་ལུགས་ཤིག་ཡིན།