-ཡང་ན་བཙན་པོ་ཚང་ཟིན་བྲིས་ཤར་གཏོང་དང་འབྲེལ་བའི་གསལ་བརྡ།

བཙན་པོ་ཚང་ནི་དྲ་བ་དང་ཟིན་བྲིས་གཅིག་ལྕོགས་སུ་གཉེར་ཆོག་པའི་རང་དབང་གི་དོ་ར་ཞིག་ཡིན་ལ། རང་དབང་གི་དོ་ར་འདི་ནི་རང་རེའི་རྩོམ་པ་པོ་ཐུན་མོང་གིས་གཉེར་ཆོག་པའི་ཟིན་བྲིས་རིགས་ཤིག་ཡིན། ང་ཚོ་རྩོམ་སྒྲིག་ཚན་ཆུང་གི་ངོས་ནས། ནུས་ཚོད་ཀྱིས་ཇུས་འགོད་ཚད་ལྡན་དང་སྤུས་གཙང་ངོས་ཡངས། ཡིག་གཟུགས་ལེགས་སྙོམས་སོགས་ལ་གྲོས་ཁ་ཡང་ཡང་བསྡུར་ཤིང་། རྩིས་འཁོར་དང་། ipad iphoneགསུམ་གྱི་ནང་དུ་ཨ་འགྲིག་ཆ་འགྲིག་ཡིན་པའི་པར་གཞི་རྣམ་པ་གསུམ་བཟོས་ཡོད།

བཙན་པོ་ཚང་ཟིན་བྲིས་ཀྱི་མཚོན་རྟགས།

བཙན་པོ་ཚང་ཟིན་བྲིས་ཀྱི་མཚོན་རྟགས།

ས་མིག་གི་ངོས་ཐད་ནས་རང་རེའི་མིག་སྔའི་དྲ་ཚིགས་དང་ཟིན་བྲིས་དག་དང་ཅུང་མི་འདྲ་བར། དྲ་རྩོམ་སྤེལ་མཁན་གྱི་རྩོམ་པ་པོ་སྐད་གྲགས་ཅན་སྐོར་ཞིག་གདན་འདྲེན་བྱས་ནས། རྩོམ་ཡིག་སྤེལ་བ་དང་རྩོམ་སྒྲིག་བྱེད་པའི་དབང་ཆ་རྩོམ་པ་པོ་ལ་ཡོད་པའི་ས་མིག་རེ་གནང་རྒྱུ་ཡིན་ལ། དེ་ལས་གཞན་ཐོ་འགོད་བྱེད་མཁན་གྱི་དྲ་གྲོགས་དག་ལ་ངེད་རྩོམ་སྒྲིག་ཚན་ཆུང་གིས་ཞིབ་བཤེར་བྱས་པ་བརྒྱུད་ཁོ་ཚོ་ལ་ས་མིག་རེ་གནང་རྒྱུ་ཡིན།

ང་ཚོའི་ཟིན་བྲིས་འདི་ནི་རྩོམ་སྒྲིག་པ་ཁོ་ནའི་རྩོམ་ཡིག་ནམ་འགོད་དང་ལེགས་ཉེས་དབྱེ་འབྱེད་བྱེད་པའི་དྲ་ཚིགས་གཞན་དང་མི་འདྲ་ལ། ང་ཚོའི་ཟིན་བྲིས་འདི་ནི་བརྡ་འཕྲིན་དང་རྩོམ་ཡིག་སོགས་ནང་དོན་ལ་ལེགས་ཉེས་ཅི་ཡང་མེད་པར་ཉ་ཉོག་བསྲེས་ཡོད་པའི་ཟིན་བྲིས་གཞན་དང་ཡང་མི་མཚུངས། ང་ཚོས་ལོ་ངོ་མང་པོ་ཞིག་གི་རིང་ལ་དྲ་ཚིགས་རྩོམ་སྒྲིག་གི་ལས་ཀ་བྱས་མྱོང་བ་བརྒྱུད། ད་ལྟའི་རང་རེའི་གནས་བབ་དང་འཚམ་པའི་ཟིན་བྲིས་འདི་སྒྲུབ་དོན་ནི། གཅིག་ནས་དྲ་རྩོམ་འབྲི་མཁན་གྱི་རྩོམ་པ་པོ་དག་ལ་རང་དབང་གི་མཁའ་དབུགས་ལེགས་པོ་ཞིག་མེད་པ་དང་། གཉིས་ནས་རང་རེའི་དྲ་ཚིགས་སྤྱིའི་ཕྱིའི་བཀོད་པ་དང་ནང་གི་ཉིང་བཅུད་སོགས་སྤུས་གཙང་ཞིག་ཨེ་ཡོང་གི་རེ་བ་དང་བཅས་སྒྲུབ་པ་ཡིན་ཙ་ན། ང་ཚོ་ཐུན་མོང་གིས་གཉེར་ཆོག་པའི་ཟིན་བྲིས་འདིས་ཀྱང་རང་རེའི་སྐད་དང་ཡི་གེ རིག་གནས་དར་སྤེལ་སོགས་ལ་ཞབས་ཞུ་ཕྲན་བུ་རེ་ཨེ་ཡོང་སྙམ་པའི་སྨོན་པ་དང་བཅས།

བཙན་པོ་ཚང་ཟིན་བྲིས་རྩོམ་སྒྲིག་ཚན་ཆུང་གིས་གུས་པས་ཕུལ།

广告位招租