དེ་ཡང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་འཁྲུངས་གཞིས་བྱིན་ཅན་རྗེ་སྐུ་འབུམ་བྱམས་པ་གླིང་ནི། ཡུལ་གངས་ཅན་ལྗོངས་འདིར་མདོ་སྔགས་ཀྱིས་བསྡུས་པའི་འཁྲུལ་བྲལ་བསྟན་པའི་ཡང་སྙིང་། དཔལ་མཉམ་མེད་རི་བོ་དགེ་ལྡན་པ་ཞེས་ཡོངས་སུ་གྲགས་པའི་ལུགས་བཟང་འདི་ཉིད་ཀྱི་སྟོན་པ་ཆེན་པོ། ཤར་རྒྱལ་བ་ཙོང་ཁ་པ་ཞེས་མཚན་སྙན་གྱི་གྲགས་པ་དཀར་པོ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཡོངས་སུ་ཁྱབ་པ་གང་ཉིད་དགུང་གྲངས་ཉེར་གཉིས་བཞེས་པ། རབ་བྱུང་དྲུག་པའི་བགྲང་བྱ་ང་གཉིས་པ་ས་ཕོ་རྟ(1378)ལོའི་སྟོན་གྱི་དུས་སུ་འཁྲུངས་ཡུལ་ནས་ཆོས་ཀྱི་རྐྱེན་དུ་མཁོ་བའི་འཚོག་ཆས་དང་ཡུམ་གྱི་གསུང་མཆིད་ནན་བསྐུལ་གནང་སྟེ། མདོ་སྨད་དུ་འབྱོན་དགོས་པའི་ཐུགས་རེ་བཏོན་པ་བཞིན་ཕེབས་འདུན་སྐྱེས་མོད། འོན་ཀྱང་དགོས་པ་ལས་དགག་བྱ་ཆེ་བར་དགོངས་ཏེ་མདོ་སྨད་དུ་མ་བྱོན་པར་མ་ཡུམ་དང་ཨ་ཅེ་གཉིས་ལ་རྗེ་རང་ཉིད་ཀྱི་སྐུ་ཐང་དང་བདེ་མཆོག་བུམ་སྐུ། རྒྱལ་བ་སེང་གེ་ང་རོའི་སྐུ་དཔར་སོགས་དད་རྟེན་དུ་བསྐུར་ཅིང་། ཁོ་བོ་སྐྱེས་པའི་ས་ཆ་དེར་རྒྱལ་བ་སེང་གེ་ང་རོའི་སྣང་བརྙན་འབུམ་དང་། ཙན་དན་གྱི་སྡོང་བོ་སྙིང་པོར་བྱས་པའི་མཆོད་རྟེན་ཞིག་བཞེངས་ན། ཁོ་བོ་དེར་འོངས་པ་དང་ཁྱད་མ་མཆིས་ཤིང་། བསྟན་པ་ཕྱོགས་མཐར་རྒྱས་པའི་རྟེན་འབྲེལ་ཡོད་ཅེས་གསུང་བཀོད་ལྷུས་ཐིངས་པ་བསྩལ་ཏེ་སྐུ་དབོན་གྲགས་པ་རྒྱལ་མཚན་གཏོང་གནང་མཛད་པ་དང་བསྟུན།

དེའི་ཕྱི་ལོ་རབ་བྱུང་དྲུག་པའི་ས་མོ་ལུག་གི་ལོར་རྗེ་བླ་མའི་ཞལ་བཀོད་ནང་བཞིན་ཡུམ་གྱིས་ཐུགས་ཁུར་ཆེ་བཞེས་ཀྱིས་ཐོག་དྲངས་པའི་དད་ལྡན་མང་བོས་གྲོགས་དན་གང་ལེགས་བགྱིས་ཏེ་རྒྱལ་བ་སེང་གེ་ང་རོའི་སྐུ་འབུམ་དང་། སྐུའི་ལྟེ་མཚལ་ལས་འཁྲུངས་པའི་ཙན་དན་གྱི་སྡོང་བོ་སྙིང་པོར་བྱས་ཏེ། འགྲོ་བ་མཐའ་དག་གི་བསོད་ནམས་ཀྱི་ཞིང་དམ་པར་པདྨ་སྤུངས་པའི་མཆོད་རྟེན་ཞིག་ཐོག་མར་བཞེངས་པར་མཛད་ཅིང་། མཐའ་སྐོར་དུ་རྡོ་རྩིག་གི་ར་བས་བསྐོར་བ་བཅས་ཡོད་པའི་སྟེང་དུ་ལྷ་ཁང་རྫ་གཡམ་གྱི་ཐོགས་ཁེབས་མཛེས་པ་གསར་བཞེངས་གནང་། ཕྱིས་སུ་རིམ་གྱིས་པད་སྤུངས་མཆོད་རྟེན་དེ་ཡང་རྣམ་རྒྱལ་མཆོད་རྟེན་དང་མྱང་འདས་མཆོད་རྟེན། དབྱེན་ཟླུམ་མཆོད་རྟེན་དང་ལྷ་བབས་མཆོད་རྟེན་སོགས་དགོས་པའི་དབང་གིས་ངེས་པ་མ་མཆིས་པའི་རྣམ་པར་བཞེངས་ཚུལ་སྐུ་འབུམ་གདན་རབས་སོགས་སུ་གསལ།

དེ་ནས་རབ་བྱུང་དགུ་པའི་ལྕགས་སྤྲེལ(1560)ལོར་བཀའ་གདམས་བསྟན་པའི་རིང་ལུགས་པ། འདུལ་འཛིན་དམ་པ་སྒོམ་ཆེན་རིན་ཆེན་བརྩོན་འགྲུས་རྒྱལ་མཚན་དཔལ་བཟང་པོས་དགེ་འདུན་བཅུ་ཕྲག་ཙམ་ལོངས་པའི་དགོན་སྡེ་ཆུང་ངུ་ཞིག་གསར་དུ་བཏབ་ཅིང་དགེ་འདུན་པའི་གནས་གཞི་ཚུགས་ཏེ་མཚན་ལ་དགོན་པ་ལུང་བ་ཞེས་གྲགས། དགེ་འདུན་པའི་སྡེ་སོགས་རིམ་གྱིས་འཕེལ་ཏེ་རབ་བྱུང་བཅུ་པའི་མེ་གླང(1577)ལོར་གནས་དེར་སྒོམ་པ་རིན་ཆེན་པས་སྦྱིན་བདག་མཛད་དེ་སྨན་འདམ་ལས་གྲུབ་པའི་རྒྱལ་བ་བྱམས་པ་མགོན་པོ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཅན་རྟེན་དང་བརྟེན་པར་བཅས་པའི་བྱམས་ཁང་སོགས་བཞེངས་པ་ལ་བརྟེན་ནས་སྔར་གྱི་དུས་འབྲེལ་གསོ་སྦྱོང་དང་དབྱར་གནས་པའི་དགག་དབྱེ། སྐབས་ཀྱི་དུས་འཚོགས་གང་ཡོད་རྣམས་ཀྱང་གཙུག་ལག་ཁང་འདིར་འཚོགས་ཤིང་སྐབས་དེ་ཤོད་ཅིག་ནས་བཟུང་སྐུ་འབུམ་བྱམས་པ་གླིང་ཞེས་ཡོངས་སུ་གྲགས་པའི་མཚན་འདི་ཉིད་ཆགས་པར་མངོན།

དེ་ནས་བོད་རབ་བྱུང་བཅུ་པའི་ཆུ་ལུག(1583)ལོར་རྒྱལ་དབང་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་པའི་སྐབས་སུ། ཞིང་སྐྱོང་ནང་སོས་གདན་དྲངས་པར་བརྟེན་རྒྱལ་བའི་གཟིམ་ཁང་བཞེངས་ཤིང་སྐུ་མཚམས་ལ་བཞུགས་པ་དང་། དེ་ནས་འདུལ་འཛིན་ཆེན་པོ་སྒོམ་པ་རིན་ཆེན་པས་མཚོན་ཚོ་བ་ལྔའི་སྦྱིན་བདག་རྣམས་ནས་ཙོང་ཁའི་ལྟེ་བ་འདིར་དགོན་སྡེ་ཞིག་ཚུགས་ན་ལེགས་ཚུལ་ཞེས་པ་བཞིན་དགོན་པ་རྟེན་དང་བརྟེན་པར་བཅས་རིམ་གྱིས་བཞེངས་ཤིང་ཆོ་འཕྲུལ་སྨོན་ལམ་ཡང་བཙུགས་ཏེ། དགེ་ལྡན་བསྟན་པའི་གནས་གཞི་བླ་ན་མེད་པར་གྱུར་ཏེ་རིམ་གྱིས་བླ་མ་ཁྲི་གདན་ཟུར་གསེར་གྱི་རི་བོ་ལྟ་བུ་ད་ལྟའི་བར་དུ་བྱོན་ཞིང་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འདི་ཉིད་ཕྱོགས་མེད་དུ་རྒྱས་པར་མཛད།

ཁྱད་པར་དུ་ཆོས་སྡེ་འདི་ཉིད་དཔལ་མཉམ་མེད་རི་བོ་དགེ་ལུགས་པའི་བསྟན་པའི་ནང་མཛོད་ཅིག་ཡིན་པར་བརྟེན། ༧ གོང་ས་རྒྱལ་བའི་དབང་པོ་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ཆེ་བགྲེས་དག་གིས་བསྟན་དོན་གྱི་ཐུགས་རྩིས་ཆེ་བཞེས་སྒོས་གདན་ས་འདིར་ཆེད་དུ་བྱོན་པའི་སྐོར་གདན་རབས་དང་རྣམ་ཐར་དག་ཏུ་གསལ་ཞིང་། ལྷག་པར་དུ། ༧ གོང་ས་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་གསུམ་པ་དང་བཅུ་བཞི་པ། ༧ ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་པ་དང་བཅུ་པ་སོགས་ཆེད་དུ་བྱོན་བཞུགས་མཛད་དེ་བོད་བསྟན་སྲིད་ཀྱི་མངའ་ཐང་ཕྱོགས་མེད་དུ་བསྐྱངས་པར་མཛད། རྗེ་སྐུ་འབུམ་ཚང་ཞེས་པ་འདི་ཉིད་ཡུལ་གངས་ཅན་གྱི་ལྗོངས་འདིར་ཡོངས་ཁྱབ་ཏུ་དར་བའི་མཉམ་མེད་ཐུབ་པ་ཆེན་པོའི་བསྟན་པའི་ནང་སྙིང་མདོ་སྔགས་ཟུང་དུ་འབྲེལ་བའི་གདན་ས་ཁྱད་པར་དུ་འཕགས་པ་ཞིག་ཡིན་པ་ནི། བོད་ཀྱི་མཁས་གྲུབ་གཉིས་འཛོམས་ཀྱི་བླ་སྤྲུལ་དགེ་བཤེས་གང་མང་གདན་ས་འདིར་ཐུགས་རྩིས་ཆེ་བཞེས་སྒོས་བྱོན་བཞུགས་མཛད་དེ་བཤད་པ་དང་སྒྲུབ་པའི་སྒོ་ནས་བསྟན་འགྲོའི་དོན་འཛིན་སྐྱོང་སྤེལ་གསུམ་གནང་བ་དག་ལས་མཐོང་ཐུབ་པོ། །

ཁྱད་པར་དུ་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ(2016)ལོའི་ཧོར་ཟླ་དྲུག་པའི་ཚེས་བཞི་སྟེ། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་གང་གིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་ནས་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་ཁྲི་ཆེན་བརྒྱ་དང་གསུམ་པ། བདག་ཅག་གི་འདྲེན་པ་ཆོས་ཀྱི་རྒྱལ་པོ། བླ་མ་རྡོ་རྗེ་འཆང་དངོས་དགེ་ཀྱཱ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ། ༧ ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཐུགས་བསྐྱེད་དུས་སུ་སྨིན་ཏེ་བྱང་རྒྱུད་ཆོས་ཀྱི་དགའ་ཚལ་འདིར། སྔར་ནས་ཡོད་པའི་སྨོན་ལམ་རབ་འབྱམས་པའི་དམ་བཅའི་སྲོལ་བཟང་བསྐྱར་འཛུགས་གནང་སྟེ། ཡང་དར་བསྟན་པའི་དབུ་འཕང་སྒོ་ཀུན་ནས་བརྙེས་པའི་དུས་བཟང་ནང་བཤད་པ་དང་སྒྲུབ་པའི་ལེགས་མཛད་གང་ཅིའི་ཐད་རང་དགོན་འདིར་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་གཞུང་ལུགས་རབ་འབྱམས་སྨྲ་བའི་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་མང་དུ་བྱོན་པ་ལས། ད་ལྟ་དངོས་སུ་ཞལ་བཞུགས་པའི་དགེ་བཤེས་རྣམ་པ་གསུམ་ལ་དམིགས་བསལ་གྱིས་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་གནང་སྟེ། སྔར་སྲོལ་བཞིན་སྐུ་འབུམ་སྨོན་ལམ་རབ་འབྱམས་པའི་དམ་བཅའ་སླར་གསོས་པའི་བཀྲ་ཤིས་ཀྱི་སྒོ་འཕར་ཡོངས་སུ་ཕྱེས་པའི་ལམ་སྲོལ་བཟང་པོའི་རྒྱུན་བསྐྱངས་མཛད་མུས་བཞིན་ད་ལོ་སྟེ།

རབ་བྱུང་བཅུ་བདུན་པའི་མེ་བྱ(2017)ལོར་ཡང་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་དགེ་བཤེས་དམ་བཅའི་ཁྲོད་དུ། བདག་ཅག་བུ་སློབ་ལྟོས་བཅས་མཐའ་དག་གི་ཆོས་ཀྱི་བཤེས་གཉེན་ཆེན་པོ་བསྟན་པ་ཆོས་འཕེལ་མཆོག་ལ། སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་མཆོག་གིས་གཙོས་བླ་མ་ཁྲི་གདན་ཟུར་ཚང་མས་ཐུགས་བརྩེ་བླ་ན་མེད་པའི་སྒོ་ནས་སྨོན་ལམ་རབ་འབྱམས་པའི་དམ་བཅའི་ལེགས་བྱས་བཟང་པོ་འདི་ཉིད་གཟིགས་བཟོས་གསོལ་རས་སུ་བཀའ་འཁྲོལ་བསྩལ་བ་ལྟར། བོད་ཟླ་བཅུ་གཅིག་པའི་ཚེས་ཉིན་སྨོན་ལམ་འབྱམས་པའི་དམ་བཅའ་དབུ་ཚུགས་པའི་ལེགས་བྱས་སྐལ་བཟང་མངོན་དུ་ཤར་བ་འདི་ག་ལགས་སོ། །

སྤྱིར་དགེ་བཤེས་ཁོང་ནི་ཆུང་དུས་ནས་གཤིས་འཇམ་བག་ཡོད་ཀྱི་ངང་ཚུལ་རང་ཆས་སུ་མངའ་ཞིང་ཐོས་དོན་མཉམ་བཞེས་ཀྱི་མཛད་བཟང་བདག་གིར་མཛད་མཁན་ཞིག་སྟེ། ཡུལ་མདོ་སྨད་ཀྱི་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་བ་ཆེན་པོ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གདུལ་ཞིང་། རེབ་གོང་རོང་བོ་དགོན་ཆེན་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་དང་། དབུས་ཀྱི་ཆོས་གྲྭ་ཆེན་པོ་སེ་ར་ཐེག་ཆེན་གླིང་སོགས་སུ་ཐོས་བསམ་སློབ་གཉེར་མཐར་ཐོན་བགྱིས་ཏེ་དགོན་གནས་དེ་དག་ཏུ་ཆོས་ཀྱི་སློབ་ཚོགས་མང་དུ་བསྐྱངས་ཤིང་། མདོ་སྟོད་སྨད་ཀྱི་དགོན་པ་ཆེ་ཆུང་དུ་མར་གཞུང་ལུགས་འཆད་ཁྲིད་ཀྱི་དགེ་རྒན་དུ་ཕེབས་བཞུད་གནང་བ་སོགས་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དང་། དམ་པའི་རྣམ་ཐར་སྡོམ་གསུམ་ཉམས་ལེན་གྱིས་མཚོན་མདོ་སྔགས་ཟུང་དུ་འབྲེལ་བའི་བསྟན་པའི་སྙིང་པོ་བཤད་པ་དང་སྒྲུབ་པའི་སྒོ་ནས་བདག་གིར་གནང་བའི་མཛད་ཆེན་ཁུར་དུ་བླངས་ཤིང་རང་གཞན་སྐྱེ་བོ་མཐའ་དག་ལ་བྱམས་བརྩེ་དང་ཐུགས་སྟོབས་བཟོད་པའི་གོ་ཆ་ལེགས་པར་བཞེས་ཏེ། བསྟན་པ་སྤྱི་དང་བྱེ་བྲག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ལུགས་བཟང་གང་ལ་མི་ཕྱེད་པའི་དད་བརྩོན་ཤེས་གསུམ་གཙང་མའི་སྒོ་ནས་འཇུག་མཁན་ཞིག་ཡིན་པས། མདོ་སྨད་ཆོས་ཀྱི་གནས་གཞི་ཆེན་པོ། དགེ་ལྡན་བསྟན་པའི་ཆུ་མགོ་གཅིག་ཏུ་ཆགས་པའི་རྗེ་སྐུ་འབུམ་བྱམས་པ་གླིང་གི་ཆོས་སྡེ་ཆེན་པོར་རྒྱུན་བཞུགས་གནང་སྟེ། སྐལ་ལྡན་བུ་སློབ་ཡོངས་ལ་ཆོས་ཀྱི་ཆར་ཆེན་པོ་དུས་དང་དུས་སུ་སྩོལ་བཞིན་པའོ། །

དེ་ཡང་སྨོན་ལམ་རབ་འབྱམས་པའི་དམ་བཅའི་སྲོལ་བཟང་འདི་ཉིད་ཆོས་ཀྱི་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་འདིར་ཇི་ལྟར་བཙུགས་པའི་ཚུལ་ནི། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་བོད་རབ་བྱུང་བདུན་པའི་ས་གླང(1409)ལོའི་ཟླ་དང་པོར་དབུས་ལྷ་ལྡན་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྒྲུབ་མཆོད་གསར་དུ་བཙུགས་ཤིང་། རིམ་གྱིས་ལོ་རེ་བཞིན་སེ་འབྲས་དགེ་གསུམ་གཙོས་དགེ་འདུན་པའི་འདུས་ཚོགས་རྒྱ་ཆེན་པོ་ཆོ་འཕྲུལ་སྨོན་ལམ་ལ་འཚོགས་པའི་སྲོལ་བྱུང་བ་རྒྱུན་བསྐྱངས་གནང་བའི་སྐབས་ཤིག་ཏུ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བོད་དབུས་གཙང་གིས་མཚོན་པའི་དགེ་ལྡན་བསྟན་པའི་སྲོལ་བཟང་བཤད་པ་དང་སྒྲུབ་པའི་སྒོ་ནས་དམ་འཛིན་ཡང་དག་པར་གནང་བའི་དུས་ཏེ། བོད་རབ་བྱུང་བཅུ་པའི་ཆུ་གླང(1613)ལོ་ནས་ལོ་ངོ་དྲུག་གི་རིང་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་དུས། སྨོན་ལམ་ཆེན་མོའི་སྟེང་དུ་གདན་ས་གསུམ་གྱི་དགེ་བཤེས་མཁས་པ་རྣམས་འདེམ་སྒྲུག་གནང་ཐོག་གཞུང་ཆེན་བཀའ་པོད་ལྔ་ལ་བགྲོ་གླེང་གིས་གྲྭ་སྐོར་དམ་བཅའ་འཇོག་པའི་སྲོལ་ཐོག་མར་བཏོད་པ་སྟེ། ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་རབ་འབྱམས་པའི་དམ་བཅའ་བཞག་སྟེ། དགེ་བཤེས་ལྷ་རམས་པའི་མཚན་བཏགས་གནང་བར་བརྟེན་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་གོང་འཕེལ་དང་གཙིགས་ཆེན་དུ་མཛད་པའི་སྐུལ་མ་ཆེན་པོ་ཐེབས་པར་མ་ཟད། རིམ་གྱིས་བོད་གངས་ཅན་གྱི་ལྗོངས་སུ་སློབ་གཉེར་མཐར་ཐོན་གྱི་མཚན་བཏགས་ཀྱང་མང་དུ་བྱུང་ཞིང་། དཔེར་ན། དབུས་སུ་ལྷ་རམས་པ་དང་སྔགས་རམས་པ། བཀྲ་ཤིས་ལྷུན་པོར་དཀའ་བཅུ་པ། མདོ་སྨད་བླ་བྲང་དུ་རྡོ་རམས་པ། སྐུ་འབུམ་དུ་སྨོན་ལམ་རབ་འབྱམས་པ་སོགས་མགོ་དང་མཇུག་ཡོད་པའི་ལུགས་སྲོལ་ཡང་དག་པར་བྱུང་སྟེ་ད་ལྟའི་བར་དུ་བོད་ཕྱི་ནང་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད།

དེ་ག་ནང་བཞིན་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་ཡང་སྨོན་ལམ་རབ་འབྱམས་པ་དང་སྔགས་རམས་པ། བཤད་རམས་པ། རྩིས་རམས་པ། གླིང་བསྲེས་བཀའ་བཅུ་སོགས་དགེ་བཤེས་ཀྱི་མཚན་བཏགས་མང་ཙམ་ཡོད་པ་ལས། སྨོན་ལམ་རབ་འབྱམས་པའི་མཚན་བཏགས་སམ་དམ་བཅའ་ནི། ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་ཁྲི་རབས་ཉི་ཤུ་པ་རྒྱལ་མཁན་པོ་ཨ་ཆི་ཐུ་ནོ་མོན་ཧན་བློ་བཟང་དོན་འགྲུབ་མཆོག་ཁྲི་བཞུགས་མཛད་པའི་རིང་སྟེ། རབ་བྱུང་བཅུ་གཉིས་པའི་ས་ཁྱི(1718)ལོར་གསེར་ཏོག་ནོ་མོན་ཧན་ངག་དབང་བསྟན་པའི་རྒྱལ་མཚན་དང་། དགེ་བའི་བཤེས་གཉེན་བློ་བཟང་མཁས་གྲུབ་སོགས་ཀྱིས་དགུན་ཆོས་ཆེན་མོའི་སྟེང་གཞུང་ཆེན་བཀའ་པོད་ལྔའི་གྲྭ་སྐོར་དམ་བཅའ་བཞག་སྟེ། ས་ཕག(1719)ལོའི་ཆོ་འཕྲུལ་སྨོན་ལམ་སྐབས་ཀྱི་སྔ་ཚོགས་དང་ཚ་རྟིང་མ་དགོང་ཇ་གསུམ་ལ་བཤད་པ་དང་། ཚོགས་བར་གྱི་དམ་བཅའ་དང་བཅས་ཆོས་སྡེ་ཆེན་པོ་འདིར་སྨོན་ལམ་རབ་འབྱམས་པའི་གྲྭ་སྐོར་གྱི་ཆོས་སྲོལ་གསར་དུ་བཏོད་ཅིང་། འདི་ནས་བཟུང་ཇི་སྲིད་བསྟན་པ་ནམ་གནས་ཀྱི་བར་དུ་རྒྱུན་མི་འཆད་པའི་བཀའ་ཁྱབ་ཀྱི་ཡིག་འཇོག་མཛད་དེ། སྐུ་འབུམ་བྱམས་པ་གླིང་གི་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་རྩེ་གྲས་རྣམས་ཀྱིས་དགུན་ཆོས་ཆེན་མོའི་སྟེང་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའ་དང་། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་དབུས་སུ་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་གནང་བའི་སྲོལ་བྱུང་བར་གདན་རབས་ཚངས་པའི་དབྱངས་སྙན་དུ་གསལ།

ཕྱིས་སུ་མཚོ་སྔོན་དུས་འཁྲུག་དང་རྒྱ་སོག་གི་འཁྲུག་པ་སོགས་ཀྱིས་ཆོས་སྡེ་ཆེན་པོའི་འཆད་ཉན་ལ་གནོད་པ་ཐེབས་པའི་རྐྱེན་བྱས། སྨོན་ལམ་རབ་འབྱམས་པའི་མཚན་བཏགས་དམ་བཅའ་ཡང་དུས་ཡུན་ཐུང་ངུའི་རིང་ཚོགས་མ་ཐུབ་པ་བྱུང་ཡང་། བསྟུད་མར་དམ་པ་མང་པོའི་ཐུགས་བསྐྱེད་དང་སྨོན་ལམ་གྱིས་བསྐྱར་གསོ་བྱེད་ཐུབ་པ་བྱུང་། དུས་རབས་གོང་མའི་ནང་བྱུང་བའི་རིག་གསར་རླུང་འཚུབ་ཀྱིས་བོད་ཁུལ་གྱི་དགོན་སྡེ་གཞན་དག་དང་འདྲ་བར་བཤད་སྒྲུབ་ཀྱི་བྱ་བར་ཉམས་ཉེས་ཆེན་པོ་བྱུང་སྟེ། ཆོས་སྡེ་འདིའི་སྨོན་ལམ་རབ་འབྱམས་པའི་དམ་བཅའ་འཇོག་པའི་སྲོལ་བཟང་གང་ཉིད་མི་ལོ་ལྔ་བཅུའི་རིང་ལ་མཚམས་ཆད་པར་གྱུར་ནའང་། བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ(2016)ལོ་ནས་ཡང་བསྐྱར་དབུ་བཙུགས་ཏེ། ༧ བླ་མ་དགེ་ཀྱཱ་རིན་པོ་ཆེ་དབུས་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་བཀའ་རབ་འབྱམས་སྨྲ་བའི་དགེ་བའི་བཤེས་གཉེན་མང་པོའི་ཐུགས་བསྐྱེད་དང་གདན་ས་ཆེན་པོའི་འཕྲིན་ལས་པ་རྣམ་པས་མཚུངས་མེད་བརྩེ་སྐྱོང་ནར་མར་གནང་བ་བཞིན་ཚུགས་ཤིང་། ལོ་རེ་རེ་བཞིན་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་དམ་བཅའ་ཆེན་མོ་ཇི་སྲིད་བསྟན་པ་ནམ་གནས་ཀྱི་བར་དུ། འཇམ་མགོན་རྒྱལ་བའི་མདོ་སྔགས་ཟུང་དུ་འབྲེལ་བའི་བསྟན་པ་རིན་པོ་ཆེའི་གསོས་སུ་འཕེལ་བའི་ལེགས་བྱས་ཀྱི་འཕྲིན་ལས་མཁའ་ཁྱབ་ཏུ་རྒྱས་པའི་སྨོན་པས་མཚམས་སྦྱར་བ་དགེའོ། །