དེ་སྔོན་བྲག་སྒོམ་པས་མཛད་པའི་«མདོ་སྨད་ཆོས་འབྱུང»ནང་དུ། ལྷ་མཐོང་ལོ་ཙཱ་བས་མཛད་པའི་«བལ་ཡུལ་གྱི་ལམ་ཡིག»བྱ་བ་ཞིག་ཡོད་ཚུལ་བཤད་འདུག་པས་དེའི་སྐོར་ལ་ཆེད་དམིགས་ཀྱིས་དོ་སྣང་བྱས་པ་ཡིན་ཀྱང་དཔེ་ཆ་དངོས་ནི་ལག་སོན་མ་བྱུང་། དེའི་རྗེས་སུ་ཨ་ཁུ་རིན་པོ་ཤེས་རབ་རྒྱ་མཚོའི་«དཔེ་རྒྱུན་དཀོན་པོ་འགའི་ཐོ་ཡིག»ཅེས་པར། «ལྷ་མཐོང་ལོ་ཙཱ་བ་བཤེས་གཉེན་རྣམ་རྒྱལ་གྱི་བལ་ཡུལ་གྱི་ལམ་ཡིག»ཅེས་པ་ཞིག་ཡོད་ཚུལ་གསུངས་འདུག་པས། ལྷ་མཐོང་ལོ་ཙཱ་བའི་མཚན་ལ་བཤེས་གཉེན་རྣམ་རྒྱལ་ཟེར་བ་ཡིན་ཚུལ་ཐོག་མར་ཤེས་རྟོགས་བྱུང་བ་ཡིན།

ཉེ་ཆར་ཀརྨ་བདེ་ལེགས་ལགས་ཀྱིས། ལྷ་མཐོང་ལོ་ཙཱ་བའི་ལམ་ཡིག་མཇལ་མྱོང་ཡོད་མེད་སྐོར་ནས་སྐད་ཆ་དྲིས་སོང་བས། ངས་མཇལ་མྱོང་མེད་པའི་སྐོར་གྱི་གནས་ཚུལ་གསལ་བོར་བཤད་པ་ཡིན།  དེ་ནས་ཁོང་གིས་ཁོའི་གྲོགས་པོ་ཞིག་གི་ལག་ལ་ལམ་ཡིག་དེ་ཡོད་ཚུལ་དང་། མི་རིང་བར་རག་སྲིད་པའི་གནས་ཚུལ་སྐོར་བཤད་སོང་བས་དགའ་བས་ནམ་ལངས་པ་ལྟ་བུ་བྱུང་།

ཉིན་གཉིས་ཀྱི་རྗེས་སུ་ཁོང་གིས་བསྐུར་ནས་ཐོན་སོང་བས། ཞིབ་ཏུ་བལྟས་པ་ན། ཁ་བྱང་ལ། «ལྷ་མཐོང་ལོ་ཙཱ་བས་བལ་ཡུལ་ལ་ཐེགས་དུས་ཀྱི་ལམ་ཡིག་སྙན་ངག་རྩོམ་འཕྲོ་ཡོད»ཅེས་འཁོད་འདུག  ལྷ་མཐོང་ལོ་ཙཱ་བའི་འཁྲུངས་འདས་ཀྱི་ལོ་ཚིགས་མ་རྙེད་ཀྱང་། ཁོང་གི་བལ་པོའི་ལམ་ཡིག་ཏུ། སྨན་ཐང་བ་འཇམ་དབྱངས་དང་། ཀུན་མཁྱེན་སངས་རྒྱས་འཕེལ(1411___1485)སོགས་ལ་མཇལ་བའི་གནས་ཚུལ་སྐོར་གསལ་བར་བལྟས་ན།  ཁོང་ནི་དུས་རབས་བཅོ་ལྔ་པའི་སྐབས་ཀྱི་མི་སྣ་ཡིན་པ་ཤེས་ཐུབ་བོ། །སྨོན་ལམ་ཚིག་མཛོད་སོགས་སུ། ལྷ་མཐོང་ལོ་ཙཱ་བ་ནི།“སྒྲ་རིག་པ་སོགས་ལ་མཁས་པའི་བོད་ཀྱི་ལོ་ཙཱ་བ་ཞིག་སྟེ། དབྱངས་ཅན་སྒྲ་མདོ་བོད་སྐད་དུ་ཐོག་མར་སྒྱུར་བ་པོ། འདིའི་མིང་ངོ་མ་ལ་བཤེས་གཉེན་རྣམ་རྒྱལ་ཟེར།” ཞེས་བཤད་དེ། དེས་ན་ཁོང་ནི་བརྡ་སྤྲོད་པའི་བསྟན་བཅོས་ཆེན་མོ་«དབྱངས་ཅན་སྒྲ་མདོ»་བོད་ཡིག་ཏུ་སྒྱུར་མཁན་ཐོག་མ་དེ་ཡིན་འདུག  

འདར་སྟོད་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་མཛད་པའི་«བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་དབྱངས་ཅན་བྱཱ་ཀ་ར་ཎའི་འགྲེལ་པ»བྱ་བའི་སྦྱར་བྱང་དུ། “རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས། གཞུང་འདི་ལ་ལྷ་མཐོང་ལོ་ཙཱ་བའི་ཕྱེད་འགྱུར་ཙམ་གྱི་ལེགས་པོ་ཞིག་ཡོད་ཚོད་དུ་འདུག་པ་དེང་སང་དཔེ་རྒྱུན་དཀོན་ཞིང་། “ཞེས་པར་བརྟགས་ན།  ལྷ་མཐོང་ལོ་ཙཱ་བས་བསྒྱུར་བའི་«དབྱངས་ཅན་སྒྲ་མདོ»དེ་ཆ་ཚང་ཞིག་བསྒྱུར་མེད་དམ་སྙམ།

ཕྲན་གྱིས་མཐོང་བའི་ལྷ་མཐོང་ལོ་ཙཱ་བའི་«བལ་པོའི་ལམ་ཡིག»ལ་ལྡེབ་མ་18བྱོན་ཞིང་། དབུ་མེད་བྲིས་མ་ཁྲི་གང་མ་རེད། ཁ་བྱང་ལ་«ལྷ་མཐོང་ལོ་ཙཱ་བས་བལ་ཡུལ་ལ་ཐེགས་དུས་ཀྱི་སྙན་ངག་ལམ་ཡིག་རྩོམ་འཕྲོ»ཞེས་བྲིས་ཡོད་པར་གཞིགས་ན། སྔ་དུས་ནས་རྩོམ་འཕྲོ་ལྷག་ཡོད་དམ་སྙམ། 

ཁོང་གི་འཁྲུངས་ཡུལ་ནི། སྨན་ལུང་ཡིན་ནམ་སྙམ་སྟེ། «བལ་པོའི་ལམ་ཡིག»ལས། “གསེར་ལྡན་ཆུ་བོའི་འགྲམ་ངོགས་བཟང་པོ་སྣ་ཚོགས་ཤིང་གི་རྒྱན་པའི་ཚལ། །འདོད་དགུ་འབྱུང་བའི་སྨན་ལུང་ཡངས་པ་དཔལ་ལྡན་སྨུག་རིའི་བྱ་འདབས་སུ། །“ཞེས་གསལ།

དེ་ནས་སྐབས་ཤིག་ལ་ཁོང་གིས་གདན་ས་གྲགས་ཅན་རྭ་སྒྲེང་དང་། གླང་ཐང་དགོན། ནཱ་ལེནྡྲ་སོགས་སུ་གནས་མཇལ་དུ་ཕེབས་པ་གསལ་ཏེ། དེ་ཉིད་ཀྱི་«བལ་པོའི་ལམ་ཡིག»ལས། “ཀྱེ་མ་གངས་ཅན་སྐྱེ་དགུ་རྣམས། །དད་པའི་གོས་ཀྱི་ལུས་སྒྲིལ་ཀྱང་། །རྣམ་དཔྱོད་དཔལ་ལྡན་དཱི་པཾ་ཀ་རའི་གནས་ཀྱི་གཙོ། །ར་སྦྲེང་འཇམ་རྡོར་ཞབས་དང་སྟག་ལུང་ཐང་། །མེ་ཚོགས་འབར་ལས་གར་བུར་བྱོན་གྱུར་སྐུ། །དུ་མ་སྣང་དང་པོ་ཏོའི་ངོ་མཚར་རྟེན།། དེ་བཞིན་ཤ་ར་གླང་ཐང་ན་ལེནྡྲ། །བསྐྱིད་འཕན་རྟེན་གྱི་གཙོ་བོ་མ་ལུས་སུ། །ཞེས་གསལ་ལོ། །

དེའི་རྗེས་སུ། གནས་ཆེན་ཙ་རི་དང་། གདན་ས་ཐེལ། ཁྲ་འབྲུག་སོགས་སུ་གནས་མཇལ་དུ་ཕེབས་པ་གསལ་ཏེ། དེ་ཉིད་ཀྱི་«བལ་པོའི་ལམ་ཡིག»ལས། དེ་ལྟར་དཔལ་ལྡན་མཁའ་སྤྱོད་ཙ་རི་ཏྲ། །རི་བོ་ཤནྟི་དཔལ་ལྡན་ཕག་མོ་གྲུ། །ཁྲ་འབྲུག་གིས་གཙོས་གནས་ཆེན་ཕལ་ཆེར་དུ། ། རྣམ་དག་མཆོད་པ་དུ་མས་འཚམས་སྦྱར་ཏེ། །རང་གཞན་ཕན་བདེའི་སྨོན་ལམ་མང་དུ་བཏབ། ། ཁྱད་པར་རྗེ་བཙུན་ཀརྨ་པ་དེའི་དྲུང་། །དགེ་ལེགས་དཀར་བའི་རྟེན་འབྲེལ་དུ་མ་སྒྲིགས། །འདོད་བྱ་སྙིང་པོའི་ཞུ་བ་སྙན་དུ་ཕུལ། །དེ་དུས་བཀའ་ཡི་ལྕི་བ་འདི་ལྟར་ཕེབས། །ད་ལྟ་གངས་ཅན་དར་བའི་བསྟན་པ་ཙམ། །འཕགས་བལ་གང་དུ་བཙལ་ཀྱང་མི་རྙེད་ན། །དེ་བས་ཁྱོད་ཀྱང་ཆོས་བརྒྱད་འདོད་པ་འབར།།ཡང་ན་ངེད་ཅག་གངས་ཅན་བླ་མ་ཡི། །ཁྱོད་ཀྱི་འདོད་པ་གང་བར་མ་གྱུར་དྲང་།། འདི་ཀོ་གཉིས་ལས་གཞན་དུ་མ་འདས་ཕྱིར། །མ་འཁྱོག་དྲང་པོའི་ངག་གི་སྨྲོས་ཞེས་ཕེབས། །ཞེས་སོ།།

དེ་ནས་ཁོང་བལ་པོར་ཕེབས་དུས་རོང་ཆུང་ནས་འགྲོ་གྲབས་བརྩམས་པ་དང་། ལམ་བར་དུ། ཀུན་མཁྱེན་སངས་རྒྱས་འཕེལ་དང་མཇལ་ཚུལ་དེ་ཉིད་ཀྱི་«བལ་པོའི་ལམ་ཡིག»ལས། “གསུམ་པའི་ཞག་ལ་ཀུན་མཁྱེན་སངས་རྒྱས་འཕེལ།། སྨྲ་བའི་ཉི་མ་གང་དེའི་དགོན་འགྲམ་བགྲོད། །དེ་ན་རབ་བྱུང་སྡོམ་བརྩོན་མང་ལྡན་ཞིང་།། ཐོས་དང་རྩོད་པ་ལྷུར་ལེན་བསྟན་པའི་རྒྱན།།གནས་དེར་ཤེར་ཕྱིན་ཟབ་མོའི་ཟ་མ་ཏོག།ཀུན་མཁྱེན་མཚན་ཅན་སྨྲ་བའི་ཉི་མ་ཡི།།མངོན་སུམ་ཞལ་མཐོང་མཁོ་དགུའི་ལོངས་སྤྱོད་ཀྱང་།།དུས་དང་འཚམས་པའི་བསོད་ནམས་འགྲོན་དུ་ཐོབ། །“ཞེས་འཁོད་ཡོད།

དེ་ནས་ཧ་ལམ་རིན་སྤུངས་ཀྱི་ཕོ་བྲང་གསེར་ཁང་ཡིན་ནམ་སྙམ་སྟེ་དེར། སྨན་ཐང་བ་སྨན་བླ་དོན་གྲུབ་ཀྱི་སྲས་སྨན་ཐང་འཇམ་པའི་དབྱངས་དང་མཇལ་ནས་ནང་མོལ་མཛད་པ་གསལ་ཏེ། «བལ་པོའི་ལམ་ཡིག»ལས། “འཇམ་དབྱངས་ཕྱག་གི་རྩལ་བའི་པིར། །གང་གི་བདེ་བར་འཛིན་པ་ཡི། །སྨན་ཐང་སྤྲུལ་སྐུ་འཇམ་དབྱངས་པས། །ལེགས་བཤད་སིལ་བུའི་གླེང་མོ་མཛད།། སྙོམ་ལས་མྱོས་ཆུས་མོས་པ་བདག་ལྟ་ཡི། །རིག་གནས་མིང་ཙམ་ཡོད་པར་མི་ནུས་ཀྱང་། །ཅུང་ཟད་ཙམ་ལ་ལན་ལོན་ཅི་ནུས་ཕུལ།། ཕན་ཚུན་རྗེས་སུ་ཡིད་རང་ལྐོག་གྱུར་གནས། ། དེ་དུས་ལྷ་སྲས་དབང་ཕྱུག་དེ་ཉིད་ཀྱང་། ། ཐ་སྙད་ལམ་ལ་མཁྱེན་རབ་ལྷུར་མཛད་ཚུལ། །མངོན་སུམ་མཐོང་བས་ཡ་མཚན་དུ་ཀུ་མའི། །བ་དན་རྩེ་ལ་ཀུན་དགའི་ནོར་བུ་བཀོད། །བཟའ་བཅའ་བཏུང་བའི་ཁྱད་པར་མང་པོ་ཡི། ། ཕྱོགས་ཀྱི་འགྲོན་ལ་བསོད་ནམས་ཚོང་ཟོང་བཞིན། །འཐོག་མེད་སྟེར་བའི་ཁྱིམ་བདག་མགོན་མེད་རིགས། ། བྱང་ཕྱོགས་འདི་ཡང་དུས་ཀྱི་མ་ནོངས་གྱུར། །ཞེས་སོ།།

ལྷ་མཐོང་ལོ་ཙཱ་བས་མཛད་པའི་«བལ་པོའི་ལམ་ཡིག་རྩོམ་འཕྲོ»ཅན་འདི་ནང་དུ། ཁོང་ཇོ་ནང་དུ་བསླེབས་པའི་རྗེས་ཀྱི་ནང་དོན་མི་འདུག་སྟེ།  དེ་ཉིད་ཀྱི་«ལམ་ཡིག»ལས། “རྫུ་འཕྲུལ་མཆོག་གྱུར་ཇོ་ནང་ཞེས་བྱའི་གནས། །ཡེ་ཤེས་གཟིགས་པ་མཆོག་ཏུ་གྲུབ་པའི་ས། །“ཞེས་གསལ་ཞིང་། དེའི་རྗེས་ཀྱི་གནས་ཚུལ་རྣམས་འཁོད་མེད་པས། ཁ་བྱང་ལའང«བལ་པོའི་ལམ་ཡིག»ཅེས་བྲིས་ཡོད་ནའང་། དོན་དུ་བལ་པོའི་སྐོར་གང་ཡང་འཁོད་མེད་པས་ཧ་ལམ་རྩོམ་འཕྲོར་གྱུར་བའམ་ཡང་ན་བོར་བརླག་ཏུ་བྱུང་བ་གང་རུང་ཡིན་པར་མངོན་ནོ།།

2018/1/12་ཉིན་ལ་ཚངས་དབང་གིས་ཟིན་ཐོར་བཀོད་པའོ།།

广告位招租