བོད་ཀྱི་རྩོམ་པ་པོ་གྲགས་ཅན་ནག་པོ་སྐལ་བཟང་ལགས་ཟླ་འདིའི་ཚེས་གསུམ་ལ་སྐུ་གཤེགས་པའི་གནས་ཚུལ་སྐད་འཕྲིན་དུ་ཁྱབ་ཡོད་པ་དང་། ཁོང་གི་ཀློག་པ་པོ་མང་པོ་ཞིག་གིས་སྐུ་གཤེགས་པའི་གནས་ཚུལ་དང་ཕངས་སེམས་རང་རང་གི་སྐད་འཕྲིན་རྒྱབ་ངོས་སུ་བཀོད་འདུག

རྩོམ་པ་པོ་ཁོང་གི་འཁྲུངས་ཡུལ་ནི་མདོ་སྨད་རེབ་གོང་གླིང་རྒྱ་སྡེ་བ་རེད་ལ། ༡༩༨༢ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་མཐར་ཕྱིན་ནས་ད་ལྟའི་བར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་རྩོམ་སྒྲིག་པའི་ཕྱག་ལས་གནང་ཞིང་། གྲགས་ཆེ་བའི་དྲག་རྩལ་བརྩམས་སྒྲུང་རིང་གྲས《ཀླུ་འབུམ་མི་རྒོད》དང་།《བྲེད་ཤ་ལངས་པའི་མཚར་གཏམ》 《དམྱལ་ཟངས་ནང་ན་ཀུ་རེ་མེད》སོགས་རྒྱ་ཆེའི་ཀློག་པ་པོ་རྒྱུས་མངའ་ཆེ་བའི་རྩོམ་རིག་བརྩམས་ཆོས་སྐོར་ཞིག་ལྗགས་རྩོམ་གནང་ཞིང་། རྒྱ་ཡིག་གིས་བྲིས་པའི《བོད་ཀྱི་བྱུང་བ་བརྗོད་པ》 《བོད་ཀྱི་མི་གྲངས》 བོད་རྒྱ་ཡིག་རིགས་གཉིས་ཀྱིས་《བོད་བརྒྱུད་ནང་བསྟན་གྱི་ལྷ་རིས་སྒྱུ་རྩལ》སོགས་ཀྱི་བརྩམས་དེབ་མང་པོ་པར་བསྐྲུན་གནང་མྱོང་འདུག

བོད་ཀྱི་དྲ་བ་ཆེ་ཤོས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་རྩོམ་པ་པོ་ཁོང་སྐུ་གཤེགས་པར་མྱ་ངན་དང་ཆབས་ཅིག་འདི་ལྟར་གདེང་འཇོག་བྱས་ཡོད་དེ།

“ནག་པོ་སྐལ་བཟང་མཆོག་གིས་བརྗོད་དོན་གཏིང་ཟབ་པར་བརྩོན་པའི་སྤྱིར་བཏང་གི་རྩོམ་རིག་གསར་རྩོམ་ལས་ལོགས་སུ་གྱེས་ཏེ་བོད་ཀྱི་རིགས་དབྱེའི་བརྩམས་སྒྲུང་གི་རྨང་འདིང་བར་བརྩོན་པ་ཡིས་བོད་ཀྱི་རྩོམ་རིག་བརྩམས་ཆོས་ཉིད་ཡོན་ཚད་མི་འདྲ་བ་དང་། ལས་ཀ་མི་འདྲ་བའི་མི་མང་པོའི་བཀླག་བྱར་འགྱུར་འོས་པའི་འདུན་པ་མངོན་པར་མཚོན་ཞིང་བོད་ཀྱི་རྩོམ་རིག་ལ་གདམ་ཀ་གཞན་ཞིག་ཡོད་པའང་དངོས་སུ་ར་སྤྲད་ཡོད།”

གཞན། སྐད་འཕྲིན་གྱི་ཚོགས་པ་སྤུས་དག་ཤོས“རྩོམ་རིག་གླེང་ངམ”ཀྱི་མདོ་འཛིན་པ་རོང་བོ་དགེ་འདུན་ལྷུན་གྲུབ་ཀྱིས་གླེང་སློང་བྱས་པའི་ངོར། རྒན་པད་མ་འབུམ་དང་། གུར་མགོན་སྐྱབས། སྐྱབས་ཆེན་བདེ་གྲོལ། སྙན་བཟང་གཡུང་དྲུང་ཚེ་རིང་། རིག་ལྡན་རྒྱ་མཚོ། རེ་རྐང་གླིང་། ཐོ་རངས་སོགས་ཀྱིས་རྩོམ་པ་པོ་ཁོང་གི་བརྩམས་ཆོས་དང་མཛད་པ་མཛད་རྗེས། དེ་འབྲེལ་གྱི་བགྲོ་གླེང་སྣ་ཚོགས་བྱས་ནས་རྩོམ་པོ་པོ་ཁོང་བཞུད་སྔ་བར་ཕངས་སེམས་དང་། གདུང་སེམས། མྱ་ངན་སོགས་ཟུར་མི་འདྲ་བའི་སྒོ་ནས་ཞུས་འདུག

 

ཞར་བཀོད། ཨ་ལགས་ཚེ་ཏན་ཞབས་དྲུང་གིས་རྩོམ་པ་པོར་བསྐུར་བའི་འཕྲིན་ཡིག་འགའ།