— མཁས་དབང་འཇིགས་མེད་ཐེག་མཆོག་ལགས་ཀྱི་གསུང་འབུམ་པར་སྐྲུན་ལེགས་འགྲུབ་བྱུང་བར་ཕུལ་པ།

འཇིགས་བྲལ་རྣམ་དཔྱོད་རྟ་བདུན་འཁོར་ལོའི་འགྲོས། །མཐའ་མེད་ཤེས་བྱའི་དབྱིངས་སུ་རྩེན་དང་ལྷན། །ཐེག་མཆོག་ཆོས་ཚུལ་འདབ་སྟོང་ཅིག་ཅར་དུ། །འཛུམ་ཕྲེང་སྟོན་པའི་བྱེད་པོ་དེང་འདིར་དྲན། །གནམ་འདེགས་ཀ་བར་སྙེམས་པའི་བྱ་ཁྱུང་བྲག །འཇིགས་མེད་ཁྱེད་ཀྱི་སྤོབས་པའི་མངའ་ཐང་སྟེ། །བྱང་དུ་འབབ་པའི་དགུ་འདུས་གཙང་པོ་ཡང་། །ཁྱེད་ཀྱི་མཚན་སྙན་འཁུར་བའི་བང་ཆེན་ཉིད། །ཆོས་སྲིད་བྱུང་རབས་མེ་ལོང་གསལ་ཅིང་འཚེར། །གཞུང་གི་བཤད་པ་ཚད་ལྡན་ཁུངས་ལ་བཅོལ། །སེམས་ཁམས་རིག་པའི་ལྗོན་པ་བླ་ན་འཕགས། །དཀར་ཆག་རིག་པའང་དཀར་ཆ་གཞན་ལས་ལྷག །འགྱུར་བའི་རྩོམ་ལ་རིན་ཆེན་བཟང་པོ་བཞིན། །སྙན་ངག་རྩོམ་ལ་དགེ་དབང་གཉིས་པ་བཞིན། །ཕར་ཕྱིན་གྲངས་ཀྱིས་མཛེས་པའི་པུ་སྟི་ཀ །གསེར་འོད་འབར་བའི་གྲོགས་སུ་འདི་ན་བལྟམས། །མུ་ཏིག་ཕྱེ་མ་སྤུངས་འདྲའི་གངས་རིའི་ལྷུན། །ཟླ་བའི་འོད་ཀྱིས་ཆེས་ཆེར་དཀར་བ་བཞིན། །ཁྱེད་ཀྱི་ལེགས་རྩོམ་ནོར་བུ་གཟི་འབར་འདིས། །གང་གི་བཞིན་རས་སྔར་ལས་གསལ་བར་བྱས། །འདི་ནི་ཁྱེད་ཀྱི་རྣམ་ཐར་དམར་པོ་སྟེ། །འུད་སྒྲོག་ཚིག་ཕྲེང་ཟུར་དུ་སྒྲིག་དགོས་མེད།།འདི་ནི་ཁྱེད་ཀྱི་ཤུལ་བཞག་ནོར་བུ་སྟེ། །ས་རྡོས་བརྩིགས་པའི་ཁང་སྟོང་དེ་མ་ཡིན། །ལེགས་བཤད་རོ་མངར་བཅུད་ཀྱིས་མ་བཏང་བའི། །འབྲས་བཟང་ཁུར་གྱིས་དུད་པའི་དཔག་བསམ་ཤིང་། །སྐལ་བཟང་ཁྲི་ཕྲག་འབུམ་གྱི་ཉེར་མཚོའི་གཞིར།།གྲུབ་པའི་སྤྲིངས་ཡིག་ཕྱོགས་ཀྱི་འཁོར་ལོར་ཁྱབ། །

ཅེས་པ་འདི་ནི་ཡུལ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་མཁས་པའི་དབང་པོ་འཇིགས་མེད་ཐེག་མཆོག་ལགས་ཀྱི་གསུང་འབུམ་པོད་དྲུག་གི་བདག་ཉིད་ཅན   པོད་དང་པོ། རྣམ་ཐར་ལོ་རྒྱུས་ཀྱི་སྐོར། པོད་གཉིས་པ། གཞུང་བཤད་ཀྱི་སྐོར། པོད་གསུམ་པ། སེམས་ཁམས་རིག་པའི་བསྟན་བཅོས་ཀྱི་སྐོར། པོད་བཞི་པ། དཀར་ཆག་གི་སྐོར། པོད་ལྔ་པ། བསྒྱུར་རྩོམ་གྱི་སྐོར། པོད་དྲུག་པ། བརྡ་སྤྲོད་སྙན་ངག་དཔྱད་རྩོམ་གྱི་སྐོར།   པར་སྐྲུན་ལེགས་འགྲུབ་བྱུང་བ་ཐོས་པས་དགའ་གུས་བླ་ལྷག་གིས་འཕེལ་ཞིང་། དེ་མ་ཉིད་དུ་དཔེ་འཕྲིན་བརྡ་ཁྱབ་ཀྱི་ཚུལ་དུ་ལྡོང་ཆུ་ཤེལ་དུ་འབོད་པས་བྲིས་པ་དགེའོ།།

 

གསུང་འབུམ་གྱི་མཇུག་བྱང་།

དེ་ཡང་ཕྱི་ནང་རིག་པའི་གནས་མཐའ་དག་གིས་བློ་གྲོས་ཀྱི་བང་མཛོད་བྱུར་བུར་གཏམ་པ་ལྔ་རིག་སྨྲ་བའི་ཁྱུ་མཆོག་མཁས་དབང་འཇིགས་མེད་ཐེག་མཆོག་གམ་མཚན་གཞན་འཇིགས་མེད་ཆོས་ཀྱི་རྡོ་རྗེ་ཞེས་ཡོངས་སུ་གྲགས་པའི་དམ་པ་འདི་ཉིད་ནི། མཁས་དགུའི་གཙུག་གི་ནོར་བུ་མ་ཧཱ་པནྡིཏ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་ཞལ་ནས། ང་ལ་རྒྱ་བོད་སོག་གསུམ་གྱི་ཁྲོད་ན་སློབ་མ་སྟོང་ཕྲག་མང་པོ་ཡོད་ཀྱང་ཕྱོགས་ཀུན་ནས་རང་རྐྱ་འཕེལ་བ་ནི་འཇིགས་མེད་ཐེག་མཆོག་ཡིན། ཞེས་དམ་པ་འདིའི་སྐུ་ཡོན་ལ་ཐུགས་ཡིད་ཤོར་བའི་ཆེ་བསྟོད་རྒྱ་ཆེར་གནང་ཞིང་། དེ་མཐུན་པར་རྒྱལ་ཚབ་གསེར་ཁྲི་རྡོ་རྗེ་འཆང་དང་། བླ་མ་ཤར་གདོང་རིན་པོ་ཆེ། བསེ་རྡོ་རྗེ་འཆང་བློ་བཟང་དཔལ་ལྡན་ཞལ་སྔ་ནས་སོགས་ཀྱིས་ཀྱང་དོན་གནས་བསྔགས་བརྗོད་ཀྱི་གསུང་ཡང་ཡང་ཕེབས་པ་དང་། སྐུའི་ན་ཚོད་ཕྲ་མོའི་སྐབས་ནས་བཟུང་ལྷན་སྐྱེས་ཀྱི་ཤེས་རབ་ཟབ་ཁྱད་ཐོན་པ་ཡིན་སྟབས། དགུང་ལོ་ཉི་ཤུའི་སྒང་ན་ཡོད་སྐབས་ཀྱི་སྙན་རྩོམ་ཁག་དང་། དགུང་ལོ་སོ་གཅིག་སྟེང་བརྩམས་པའི《རོང་བོ་དགོན་ཆེན་གྱི་གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲ》སོགས་ལ་རྩོམ་པའི་རང་རྩལ་གྱི་རྣམ་འགྱུར་ཀུན་ནས་རྫོགས་ཤིང་། སྐུ་ཚེའི་སྔ་གཞུག་ཏུ་བརྩམས་པའི་ལྷུག་རྩོམ་དང་དཔྱད་རྩོམ། གཏམ་རྒྱུད། རྣམ་ཐར་དང་ལོ་རྒྱུས། གཞུང་བཤད། བརྒལ་ལན། ཟིན་བྲིས། བསླབ་བྱ། བསྒྱུར་རྩོམ་སོགས་རྩོམ་སྣ་ཆེ་ཆུང་གང་གི་ཕྱོགས་ནས་ཀྱང་གཞན་གྱི་ཐེ་ཚོམ་དང་སྒྲོ་འདོགས་གཅོད་པའི་ནུས་པ་ཁྱད་དུ་འཕགས་ཤིང་། རང་ལུགས་ཀྱི་ལྟ་བ་འབུར་དུ་ཐོན་པ། སྐབས་སུ་གང་བབ་ཀྱི་ཀློག་མཁན་རབ་འབྲིང་ཐ་མའི་དབང་བོ་དང་འཚམ་པ། དཔའ་བོ་ཁྲོམ་གཤོགས་ལྟ་བུའི་དཔྱད་བརྗོད་ཀྱི་ནུས་པ་མཐུ་བཙན་ཞིང་གནད་དུ་ཕྱིན་པ། རྩོམ་གཤིས་ཀྱི་སྡེབ་སྦྱོར་མཉེན་ཞིང་འདུས་གསལ་ཆེ་བ། ཚིག་དོན་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པ། གཞན་གྱི་ཟེར་སྒྲོས་བསྐྱར་བ་ཙམ་མ་ཡིན་པར་བརྗོད་བྱའི་སྲོག་རྩ་བརྟན་ཞིང་རྗོད་བྱེད་ཐུན་མིན་གྱི་ཁྱད་ཆོས་ལྷང་ལ་བུད་པ། གཏན་ཚིགས་རིགས་ལམ་གྱི་འགྲོས་གསལ་ཞིང་གཏིང་ཚུགས་ལ་ཞིབ་ཚགས་ཐོན་པ། གཞོན་སྐྱེས་ཤེས་རབ་ཅན་མང་པོའི་རྣམ་དཔྱོད་ཀྱི་སྒོ་མོ་ཅི་དགར་འབྱེད་པའི་བཤད་ཐབས་མན་ངག་གི་འཇུག་པ་བདེ་ཞིང་། རྩོམ་པའི་ལྟད་མོ་གཞན་དང་མི་མཚུངས་པ་སོགས་དམ་པ་ཁོང་གི་ལྗགས་རྩོམ་ལ་རྒྱུས་མངའ་མཆིས་པའི་རྣམ་དཔྱོད་ཅན་དག་ལ་བསྐྱར་ཞུ་མི་དགོས་ཤིང་། ཁོང་ལ་ཆ་རྒྱུས་དེ་ཙམ་མེད་པའི་བློ་བརྩོན་ལྡན་ཞིང་གཟུ་བོར་གནས་པའི་རྗེས་རབས་པ་རྣམས་ཀྱིས་ཀྱང་། རང་རང་གིས་དངོས་ཀློག་སྐབས་ཉམས་མྱོང་ཚད་མའི་སྟོབས་ལས་རྩོམ་པ་པོ་དང་། རྩོམ་ཡིག་གི་ནུས་ཤུགས་དང་རིན་ཐང་ཟབ་ཁྱད་དག་འཇལ་ཐུབ་རྒྱུ་ཡིན་པས། ཕྱི་ནང་གི་ཤེས་ཡོན་ཉག་ཕྲ་ཞིང་། བློ་རིག་གི་སྟོབས་རྩལ་ཀུན་ལས་ཀྱང་ཉམས་ཆུང་བ་ཁོ་བོ་ཅག་ལྟ་བུས་དམ་པ་ཁོང་གི་གསུང་རྩོམ་གྱི་ཆེ་བའི་ཐད་ནས་དཔྱད་བརྗོད་གནད་ལ་འཁེལ་བ་ཞིག་སྤེལ་མི་ནུས་ལ་སྤེལ་བར་ཡང་མི་འདོད་དོ། །

དམ་པ་འདི་ཉིད་དགུང་གྲངས་ཞེ་བརྒྱད་ལ་ཕེབས་པའི་སྐབས་དེ་སྐུ་ཚེ་འདིའི་ཐུན་མོང་འཕྲིན་ལས་ཀྱི་མཇུག་བསྡུས་ནས་མཛད་པ་ཐ་མའི་རྣམ་ཐར་བདག་གིར་བཞེས་པའི་རྗེས་སུ་ཁོང་གི་བུ་སློབ་དྲག་ཞན་ཁག་གཅིག་དང་། གཞན་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་དང་གནའ་དེང་གི་མཁས་པ་རྣམས་ལ་གུས་བརྩི་དང་དུང་ཞེན་ཤིན་ཏུ་ཟབ་པའི་སྤྱི་ཚོགས་སྟེང་གི་རྣམ་དཔྱོད་ཅན་མང་པོས་དམ་པ་ཁོང་གི་གསུང་རྩོམ་སྔ་ཕྱིར་པར་དུ་འཁོད་པ་རྣམས་དང་པར་དུ་མ་འཁོད་པའི་རྩོམ་སྣ་གང་མཆིས་རྣམས་ཕྱོགས་གཅིག་ཏུ་བསྡུ་བསྒྲིག་བགྱིས་ཏེ་གསུང་འབུམ་ཆ་ཚང་བ་ཞིག་པར་དུ་འགོད་རྒྱུ་བྱུང་ན། བོད་ཀྱི་རིག་གནས་སྤྱི་བྱེ་བྲག་ཐམས་ཅད་མི་ཉམས་རྒྱུན་འཛིན་གྱི་ཐད་ལ་ཕན་ནུས་ངེས་ཅན་ཞིག་འདོན་ཐུབ་པ་དང་། གཟི་འོད་འབར་བའི་བོད་ཀྱི་རིག་གནས་འདི་ཉིད་དུས་རབས་ཀྱི་འགྲོས་དང་འཚམ་པར་འཕེལ་ཞིང་རྒྱས་པ་ལ་གྲོགས་དན་མི་དམན་པ་ཞིག་བྱེད་ནུས་པ་དང་། གཞོན་སྐྱེས་ཤེས་རབ་ཅན་མང་པོའི་རྣམ་དཔྱོད་ཀྱི་བང་ཁ་དོན་མཐུན་ལེགས་ལམ་དུ་བསྐྱོད་གཞེན་སྐུལ་གསལ་འདེབས་ཐུབ་པ་སོགས་དགེ་མཚན་གལ་འགངས་ཆེ་ལུགས་ཀྱི་ཐུགས་རེ་འདོན་མཁན་མང་དུ་བྱུང་བ་རྣམས་ཐུགས་འདུན་སྐོང་ཆེད་དང་། སྔོན་མཉམ་མེད་དོན་ཀུན་གྲུབ་པ་དེ་ཉིད་ཀྱིས་ཀྱང་ཕྱོགས་དང་རིས་སུ་མ་ཆད་པའི་མཆོག་དམན་གདུལ་བྱའི་ཚོགས་དཔག་ཏུ་མེད་པའི་ཁམས་དང་ལེགས་པར་བསྟུན་ཏེ། ཐེག་པ་ཆེ་ཆུང་དང་མདོ་སྔགས་ཟབ་རྒྱས་ཀྱི་ཆོས་ཚན་བརྒྱད་ཁྲི་བཞི་སྟོང་གི་རིམ་པ་སྣ་ཚོགས་འཐོར་འཁྲུགས་སུ་གསུངས་པ་རྣམས་ཀྱང་མཁའ་ཁྱབ་འགྲོ་བ་ཀུན་གྱི་ཕན་བདེའི་གསོས་དང་ཉེར་འཚོ་དམ་པར་འཇིག་རྟེན་ཁམས་འདིར་མི་ཉམས་ཡུན་རིང་དུ་གནས་པའི་ཐབས་སུ་སངས་རྒྱས་རང་ཉིད་ཀྱི་ཞལ་ཆེམས་ལྟར་ཉན་ཐོས་ཆེན་པོ་རྣམས་ཀྱིས་བཀའ་བསྡུ་མཛད་པ་དང་ཚུལ་མཚུངས་པར་མགོན་པོ་གང་གིས་ལེགས་བཤད་སྦྲང་བཅུད་ཀྱིས་ཉེ་བར་བསྐྱངས་པའི་བུ་སློབ་བདག་ཅག་གིས་ཀྱང་གསུངས་པའི་བཀའ་མི་གཅོག་པར་ལག་ཏུ་བླང་བ་དང་བསྙེ་བའི་ཚིག་མི་འདོར་བར་ཚུལ་བཞིན་བརྩི་བ་ནི་མཆོད་པ་ཐམས་ཅད་ཀྱི་ཡང་རྩེ་བཀའ་བཞིན་བསྒྲུབ་པའི་མཆོད་པར་བསམས་ཤིང་། ཚུལ་འདི་ལྟ་བུ་ལ་བརྟེན་ནས་ཀྱང་བླ་མའི་བཀའ་དྲིན་ཆུ་ཐིགས་ཙམ་ཞིག་གཞལ་འདོད་པ་དང་། བོད་ཀྱི་མཁས་དབང་རིམ་བྱོན་རྣམས་ཀྱི་ལོ་ངོ་སྟོང་ཕྲག་གི་རྣམ་དཔྱོད་ཀྱི་ཉིང་བཅུད་གཅིག་ཏུ་བཟླུམས་པའི་གསེར་གྱི་སྦྲམ་བུ་ལྟ་བུའི་ལྗིད་དང་། རྡོ་རྗེ་ཕ་ལམ་ལྟ་བུའི་རིན་ཐང་ཅན་གྱི་བོད་ཀྱི་ཐུན་མོང་ཐུན་མིན་གྱི་རིག་གནས་རྩ་ལག་དང་བཅས་པ་རྣམས་ལོ་རྒྱུས་གནས་བབ་ཀྱི་རྫི་ཕྱོགས་དང་མཐུན་པར་འཛམ་གླིང་གོ་ལའི་སྟེང་དུ་གེགས་མེད་ཤར་སྐྱོད་ཐུབ་པའི་རམ་འདེགས་དང་། གསར་བས་རྙིང་བ་རྣམས་ཟིལ་གྱིས་གནོན་པ་དངོས་པོའི་ཆོས་ཉིད་དུ་གྱུར་ནའང་རྫུན་པ་གཤིས་ལུགས་ལས་རྒྱལ་བ་སྔོན་ཆད་མ་བྱུང་ཞིང་། ཕྱིན་ཆད་འབྱུང་བར་མི་འགྱུར་བའི་བདེན་རྩ་རྒྱབ་སྐྱོར་གྱི་གཟི་དཔང་དང་། མ་འོངས་གཞོན་རབས་པ་རྣམས་ཀྱི་བསམ་བློའི་ཁ་ཕྱོགས་མ་ནོར་དྲང་ཐད་དུ་འཁྲིད་མཁན་གྱི་ལམ་ཡིག་ཅིག་དང་། རང་གཞན་ཀུན་ལ་འཕྲལ་ཕུགས་སུ་ཕན་པའི་གལ་ཆེའི་རིགས་གནས་ཤིག་གི་བདེན་ལུགས་གང་ལ་བཅོལ་ཡོད་པའི་རྩ་བ་ངོ་སྤྲོད་ཀྱི་ཐིག་རྩའི་རི་མོ་ཞིག་དང་། རང་གི་ངོ་བོ་དང་དེས་སྤྱི་ཚོགས་སྟེང་ཐོན་པའི་ཕན་ནུས། བཟུང་ཤར་གྱི་དགེ་སྐྱོན་སོགས་དགག་དགོས་ཀྱི་གནད་དོན་མཛུབ་མོས་ངོ་སྤྲོད་ཀྱི་དཔེ་མཚོན་གསལ་བོ་ཞིག་ཏུ་འགྱུར་རེ་དང་། བསམ་སྤྱོད་འདྲ་མིན་གྱི་གཟིགས་མོ་བ་ཁྲི་ཕྲག་གིས་མིག་ཟུང་གཅིག་ཏུ་གཏད་པའི་རྩོམ་རིག་འཕེལ་རྒྱས་ཀྱི་གར་སྟེགས་སྟེང་བསམ་བློའི་འཁྱེར་སོ། རྩོམ་རིག་གི་ཁ་ཕྱོགས། བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཉམས་གང་ཐད་ནས་ཀུན་གྱི་རེ་འདོད་ཇི་བཞིན་སྐོང་ཐུབ་པའི་རེ་ཉམས་སྟོང་ལྡན་གྱི་བོད་ཀྱི་རྩོམ་རིག་ཚད་ལྡན་ཞིག་གི་སྣང་བརྙན་ངོ་མ་མཚོན་བྱེད་ཅིག་ཏུ་ཅིས་འགྱུར་སྙམ་པའི་རེ་སྤོབས་ཆེན་པོ་དང་བཅས་ཏེ་གོང་ས་ཐམས་ཅད་མཁྱེན་པ་མཆོག་ལ་གསུང་འབུམ་བསྡུ་བསྒྲིག་བྱ་རྒྱུའི་གནས་ཚུལ་སྙན་སེང་ཞུས་པར། གོང་ས་མཆོག་གི་དགོངས་པ་དང་བརྩེ་མཐུན་བྱུང་སྟེ་ཐུགས་དགྱེས་པ་ཆེན་པོས་གང་མགྱོགས་སྒོས་པར་སྐྲུན་བྱེད་དགོས་ལུགས་ཀྱི་ཞལ་བཀོད་གནང་བར་ཁོ་བོ་ཅག་ནས་ཀྱང་སྨྲ་མི་ཤེས་པའི་དགའ་སྤྲོ་དང་བཅས་ཏེ་བསྡུ་བསྒྲིག་གི་བྱ་བ་དངོས་སུ་མགོ་བརྩམས་པ་ཡིན།

གསུང་འབུམ་འདི་ཉིད་བསྒྲིགས་སྟངས་ཇི་ལྟར་པར་བསྒྲུབས་བྱས་ཚུལ་གྱི་རིམ་པ་ནི། གཞུང་ཁོག་ཆེ་ཆུང་དང་ནང་དོན་ཆ་མཐུན་པ་གཞུང་ཚད་སྙོམས་སྒྲིག་དང་། ལྟ་ཀློག་བདེ་ཁྱད་སོགས་ལ་རགས་ཙམ་བསྟུན་ཏེ་པོད་དང་པོར། རྣམ་ཐར་དང་ལོ་རྒྱུས་སྐོར། པོད་གཉིས་པར་རིགས་གཞུང་མཐའ་དཔྱོད་ཀྱི་སྐོར། པོད་གསུམ་པར། སེམས་ཁམས་རིག་པ་དང་རྟེན་ཡིག་སྐྱབས་ཞུ་སོགས་ཀྱི་སྐོར། པོད་བཞི་བར། གདན་རབས་སྐོར། པོད་ལྔ་བར། ནང་རིག་འཇུག་སྒོ་དང་པར་བྱང་སྨོན་ཚིག བསང་ཡིག་དང་བསྒྱུར་རྩོམ་ཁྱད་པར་བའི་སྐོར། པོད་དྲུག་པར། སྙན་རྩོམ་དང་དཔྱད་རྩོམ། འཕྲིན་ཡིག་སོགས་ཐོར་བུའི་སྐོར་ཏེ་ཁྱོན་བསྡོམས་པོད་ཆེ་ཆུང་རན་པ་དྲུག་ཏུ་བསྡུས། 《ནང་བསྟན་ལྷ་ཚོགས་ཆེན་མོ》ནི་གང་ཅིའི་མཐུན་རྐྱེན་མ་འཛོམས་པའི་དབང་གིས་ད་ལོར་གསུང་འབུམ་གྲས་སུ་འཇུག་རྒྱུ་མ་བྱུང་ཡང་རྗེས་སོར་རིམ་གྱིས་བསྣན་ཆོག་པར་བསམས་ཏེ་བཞག  དེ་ལྟར་ཁོ་བོ་ཅག་བྱ་བ་སྣ་མང་གི་གཞན་དབང་དུ་གྱུར་བ་སོགས་གནས་ཚུལ་གང་མང་ཞིག་གི་རྐྱེན་གྱིས་ད་བར་དཔེ་སྐྲུན་བྱ་རྒྱུ་རིམ་འགྱངས་སུ་ལུས་པར་རིག་གནས་ལ་སྐོམ་པ་ཆུ་འདོད་ལྟ་བུའི་དོན་གཉེར་ཆེ་ཞིང་རེ་སྒུག་བྱེད་མཁན་གཟུར་གནས་བློ་མིག་གསལ་བ་དག་ལ་དགོངས་དག་ཞུ་བ་ཡིན།

 

གསུང་འབུམ་བླུ་འདོད་མཁན་དག་གིས་གཤམ་གྱི་ཁ་པར་ལ་འབྲེལ་བ་བྱ་རོགས།

13897030006 བློ་བཟང་བཀྲ་ཤིས། 13909733137 སངས་རྒྱས་རྒྱ་མཚོ།