ཡོ་ཝེ་ཆོན་གྱིས་བརྩམས།

                                                                            

གླེང་གཞི།

བྲམ་ཟེ་ཆོས་ལུགས་ནི་རྒྱ་གར་གྱི་སྲོལ་རྒྱུན་ཆོས་ལུགས་ཡིན་པར་མ་ཟད། རྒྱ་གར་གྱི་གནའ་བོའི་ལོ་རྒྱུས་སུ་ཤུགས་རྐྱེན་ཆེས་ཟབ་པའི་ཆོས་ལུགས་ཀྱང་ཡིན། ཆོས་ལུགས་འདི་ཕྱིས་སུ་ཧིན་ངྷུ་ཆོས་ལུགས་སུ་བསྒྱུརད། ཧིན་ངྷུ་ཆོས་ལུགས་བྱུང་འཕེལ་གྱི་གོ་རིམ་ཁྲོད་དུ་སྔོན་གྱི་བྲམ་ཟེ་ཆོས་ལུགས་སུ་མི་འདུ་བའི་ནང་དོན་ཁག་ཅིག་སླེབས་ཤིང་། རྒྱ་གར་གྱི་ཆོས་ལུགས་གཞན་དང་དམངས་ཁྲོད་ཀྱི་དད་མོས་ཀྱི་ནང་དོན་ཚུར་བསྡུ་རུབ་བྱས། གནའ་བོའི་བྲམ་ཟེ་ཆོས་ལུགས་དང་མི་འདྲ་བའི་ཆ་མང་དུ་ཕྱིན་མོད། འོན་ཀྱང་། ཧིན་ངྷུ་ཆོས་ལུགས་གྲུབ་པའི་གཞི་རྩའི་རྣམ་གཞག་གཙོ་བོ་ནི་བྲམ་ཟེ་ཆོས་ལུགས་ཀྱི་བསམ་བློ་ཡིན་པ་རེད། ཉེ་དུས་སུ། ཧིན་ངྷུ་ཆོས་ལུགས་ནི་རྒྱ་གར་མ་ཟད། འཛམ་གླིང་སྒང་གི་རྒྱལ་ཁབ་གཞན་དག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་རེད། དེའི་ཕྱིར། གནའ་བོའི་བྲམ་ཟེ་ཆོས་ལུགས་ཀྱིས་རྣམ་པ་གསར་བའི་ལམ་ནས་འཛམ་གླིང་གི་ཆོས་དད་པ་དང་འདི་འདྲའི་ཆོས་གཞན་ལ་དད་པའི་མང་ཚོགས་ལ་ཤུགས་རྐྱེན་ཟབ་མོ་འཇོག་བཞིན་ཡོད་ཅེས་སྨྲ་ཡང་བཏུབ་བོ།།

དྲང་མོར་ཞུས་ན། བྲམ་ཟེ་ཆོས་ལུགས་ནི་ཀྲུང་གོའི་མང་ཚོགས་ལ་མཚོན་ན་ལྟོས་བཅོས་ཀྱིས་རྒྱུས་མངའ་མེད་པའི་ཆོས་ལུགས་ཤིག་རེད།  ཀྲུང་གོའི་མི་རྣམས་རྒྱུས་མངའ་ཡོད་པའི་རྒྱ་གར་གྱི་ཆོས་ལུགས་ནི་སངས་རྒྱས་ཆོས་ལུགས་རེད།  རྒྱ་གར་གྱི་ཆོས་ལུགས་ཁྲོད་ཀྲུང་གོའི་རིག་གནས་དང་ཀྲུང་གོའི་བསམ་བློའི་ལོ་རྒྱུས་ལ་ཤུགས་རྐྱེན་ཅུང་ཟབ་པ་ནི་སངས་རྒྱས་ཆོས་ལུགས་ཡིན་པ་རེད། ཡིན་ནའང་། རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཁྲོད་ཀྱི་ལྟ་གྲུབ་མང་པོ་བྲམ་ཟེ་ཆོས་ལུགས་དང་འབྲེལ་བ་ཤིན་ཏུ་ཟབ། དེ་བས་ན། སངས་རྒྱས་ཆོས་ལུགས་དང་འགྲོགས་ཏེ། བྲམ་ཟེ་ཆོས་ལུགས་ཀྱིས་བརྒྱུད་པའི་ཚུལ་གྱིས་ཀྲུང་གོའི་རིག་གནས་ལ་ཤུགས་རྐྱེན་ཟབ་མོ་བཞག་ཡོད་པ་རེད་ཅེས་སྨྲ་བར་རིགས་སོ།། སངས་རྒྱས་ཆོས་ལུགས་ལ་མཚོན་ནས་བཤད་ན། དེའི་ནང་གི་ལྟ་གྲུབ་མང་པོ་དང་། སྒོས་སུ་ཆེས་སྔ་ཤོས་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་མང་པོ་ནི། བྲམ་ཟེ་ཆོས་ལུགས་ལ་དགག་བཞག་དང་ལེན་གྱིས་གྲུབ་པ་རེད། སངས་རྒྱས་ཆོས་ལུགས་ཀྱི་ཡིག་ཆ་མང་པོའི་ཁྲོད་དུ། བྲམ་ཟེ་ཆོས་ལུགས་དང་འབྲེལ་བའི་ནང་དོན་མང་པོ་ཐོན་ཡོད་དེ། བྲམ་ཟེ་ཆོས་ལུགས་དང་ལྟ་བའི་ཆ་ནས་དགག་བཞག་སྤོང་གསུམ་དང་། ཡང་ན། བྲམ་ཟེ་ཆོས་ལུགས་ཀྱི་འབྲེལ་ཡོད་གནད་དོན་གླེང་བའོ།། བྲམ་ཟེ་ཆོས་ལུགས་ལ་རྒྱུས་ལོན་མ་བྱས་ཚེ།  ཕྱོགས་སྒོར་མོ་ནས་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་ཀྱི་འབྱུང་ཁུངས་དང་ལོ་རྒྱུས་ལ་ཉམས་ཞིབ་བྱེད་པའི་ཐད་ལ་དཀའ་ངལ་ཅུང་ཆེན་པོ་ཡོད་པ་རེད། དོན་སྙིང་འདིའི་ངོས་ནས་བཤད་ན། བྲམ་ཟེ་ཆོས་ལུགས་ལ་ཉམས་ཞིབ་བྱེད་པ་དེ་སངས་རྒྱས་ཆོས་ལུགས་ཤེས་རྟོགས་བྱེད་པར་བླ་ན་མེད་པའི་དོན་སྙིང་ཡོད།  དེ་དང་བསྟུན་ནས་གླེང་ན། བྲམ་ཟེ་ཆོས་ལུགས་ལ་དང་དོད་བགྱིས་པ་དེ་ཀྲུང་གོའི་རིག་གནས་ངོས་ནས་ཀྱང་དགོས་ངེས་ཤིག་ཏུ་གྲུབ་བོ།།

རིག་གཞུང་ཉམས་ཞིབ་ཀྱི་ངོས་ནས་བཤད་ན། བྲམ་ཟེ་ཆོས་ལུགས་ཀྱི་ཉམས་ཞིབ་རིན་ཐང་དེ་ཉིད་ད་དུང་ཕྱོགས་གཞན་ནས་མངོན་ཐུབ་སྟེ། བྲམ་ཟེ་ཆོས་ལུགས་ནི་རྒྱ་གར་གྱི་ཅུང་སྔ་ཤོས་ཀྱི་ཆོས་ལུགས་སུ་ཆགས་པས།  ཆོས་ལུགས་འདིའི་ཁྲོད་ཀྱི་ལྷའི་རྣམ་ཤེས་ལ་དད་པའི་ཐོག་མའི་རྣམ་པ་དང་། མཆོད་སྦྱིན་གྱི་ཐོག་མའི་རྣམ་པ་དང་རིགས་དབྱེ་སོགས་ནི་མིའི་རིགས་ཀྱི་ཐོག་མའི་ཆོས་ལུགས་བྱུང་བ་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་དུ་མཐོང་། ཡང་གཅིག་བཤད་ན། བྲམ་ཟེ་ཆོས་ལུགས་ཀྱི་ཐོག་མའི་རྣམ་པ་ནི་སྤྱིར་བཏང་ཆོས་ལུགས་བྱུང་བའི་རྒྱུ་རྐྱེན་དང་། ཆོས་ལུགས་གྲུབ་པའི་སྤྱིར་བཏང་ཆོས་ཉིད་དམ་ཁྱད་ཆོས་ལ་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ཡོད། བྲམ་ཟེ་ཆོས་ལུགས་ཀྱི་ཕྱིས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག། རྗེས་ཀྱི་རྒྱ་གར་གྱི་སྤྱི་ཚོགས་ཀྱི་ལྷ་ལ་དད་པའི་རྣམ་པ་དང་། ཆོ་ག་སོགས་ནི་འཛམ་གླིང་ཆོས་ལུགས་རིག་པའི་བྱུང་འཕེལ་གྱི་ཉམས་ཞིབ་ཁ་ཕྱོགས་ཡིན་ནོ།།

བྲམ་ཟེ་ཆོས་ལུགས་ཀྱིས་གཏན་ལ་ཕབ་པའི་འཚོ་བའི་གོམས་སྲོལ་ནི་རྒྱ་གར་ཁོ་ན་ཉིད་ལ་མངའ་བའི་གཙོ་རྒྱུགས་ཆོས་ལུགས་ཀྱི་འདུ་ཤེས་ཀྱི་ཤུགས་རྐྱེན་འོག་གི་སྤྱི་ཚོགས་འབྲེལ་བའི་ལྟ་གྲུབ་ཡིན་ཞིང་།  དེ་ཉིད་ནི་གནའ་རབས་རྒྱ་གར་གྱི་ཆོས་ལུགས་གྲུབ་མཐའ་སྨྲ་བས་བཏོན་པའི་མི་དང་མིའི་བར་གྱི་ཡོད་འོས་པའི་འབྲེལ་བའི་ཐད་ཀྱི་ལྟ་གྲུབ་གཙོ་བོའི་ནང་གི་གཅིག་གོ། ལྟ་གྲུབ་འདི་རིགས་ཀྱི་ཁྲོད་དུ། གནའ་རབས་རྒྱ་གར་གྱི་ལྟ་གྲུབ་རྣམ་གཞག་གམ་སྦྱོར་བའི་ལྟ་གྲུབ་མི་ཉུང་བ་ཞིག་འདུ་ཞིང་།  ད་དུང་ཆབ་སྲིད་ཀྱི་ལྟ་གྲུབ་དང་། ཁྲིམས་འཛིན་ལྟ་གྲུབ། དམངས་སྲོལ་གྱི་འདུ་ཤེས་སོགས་ཀྱང་འདུ། འདིའི་ཕྱོགས་ཀྱི་ནང་དོན་རྣམས་ནི་མིའི་རིགས་ཀྱི་སྤྱི་ཚོགས་བྱུང་འཕེལ་དང་། ཆབ་སྲིད་བྱུང་འཕེལ། དཔལ་འབྱོར་བྱུང་འཕེལ་བཅས་ལ་ཉམས་ཞིབ་བྱེད་པར་རིན་ཐང་གལ་ཆེན་ལྡན།

བྲམ་ཟེ་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་ནི་འཛམ་གླིང་མཚན་ཉིད་རིག་པར་ཞིབ་འཇུག་བྱེད་པའི་ངོས་ནས་ཀྱང་དོན་སྙིང་གལ་ཆེན་ལྡན། རྒྱ་གར་ནི་འཛམ་གླིང་མཚན་ཉིད་རིག་པའི་ཆེས་སྔ་ཤོས་ཀྱི་འབྱུང་ཁུངས་གྲས་ཀྱི་གཅིག་གོ། རྒྱ་གར་གྱི་མཚན་ཉིད་རིག་པ་དང་། ཀྲུང་གོའི་མཚན་ཉིད་རིག་པ། ནུབ་གླིང༼ ཡོབ་གླིང་། ༽མཚན་ཉིད་རིག་པ་གསུམ་ལ་འཛམ་གླིང་མཚན་ཉིད་རིག་པའི་མ་ལག་གསུམ་དུ་འབོད་ཅིང་། འཛམ་གླིང་དཔལ་ཡོན་གྱི་ལོ་རྒྱུས་སུ་གདན་ཐོབ་མངོན་པར་གསལ་ཏོ།། དེར་མ་ཟད། བྲམ་ཟེ་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་ནི་རྒྱ་གར་མཚན་ཉིད་རིག་པའི་རྩ་བའི་ནང་དོན་དང་སྲོག་ཤིང་གཙོ་བོ་ཡིན་པ་རེད། རྒྱ་གར་གྱི་གནའ་རབས་མཚན་ཉིད་རིག་པ་དེ་ཉིད་ཚད་ངེས་ཅན་ཞིག་ནས་ཆོས་ལུགས་ཀྱི་བསམ་བློའམ་ཆོས་ལུགས་གྲུབ་མཐའི་ཁྲོད་མངོན་པའི་མཚན་ཉིད་རིག་པ་ཡིན་ལ། རྒྱ་གར་གྱི་མཚན་ཉིད་རིག་པའི་གྲུབ་མཐའི་ཁྲོད་དུ་ཆོས་ལུགས་ཀྱི་གྲུབ་ཆ་མེད་མཁན་ཤིན་ཏུ་ཉུང་། བྲམ་ཟེ་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་དང་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་ཚང་མར་འཛམ་གླིང་ཆོས་ལུགས་མཚན་ཉིད་རིག་པའི་ཁྲོད་དུ་འཐུས་ཚབ་རང་བཞིན་ལྡན་པའི་བསམ་བློའི་ནང་དོན་ཡོད་པ་ཡིན་པ་དང་། མིའི་རིགས་ཀྱི་གཞུང་ལུགས་བསམ་བློའི་བྱུང་འཕེལ་སྟེང་ཐུན་མིན་གྱི་ཁྱད་ཆོས་མངའ་འོ།།

བྲམ་ཟེ་ཆོས་ལུགས་དེ་ཉིད་བྱུང་བ་དང་འཕེལ་བའི་གོ་རིམ་ཁྲོད་དུ། རྒྱ་གར་ཆོས་ལུགས་གྲུབ་མཐའ་གཞན་དང་མི་འདྲ་བའི་ཁོ་རང་གི་ཁྱད་ཆོས་ཡོད་པར་སྣང་སྟེ། དེ་ཡང་ཁོ་རང་གི་བྱུང་བ་དང་། གལ་ཆེའི་བསྟན་བཅོས། ད་དུང་སྤྱི་ཚོགས་ཀྱི་མི་ཆོས་བསམ་བློ་སོགས་ལས་མངོན་པ་ཅུང་གསལ་ཏོ།།

རྒྱ་གར་གྱི་ལོ་རྒྱུས་སུ་དར་རྒྱས་ཆེ་བའི་ཆོས་ལུགས་གྲུབ་མཐའ་གཞན་དག་སྟེ། དཔེར་ན་སངས་རྒྱས་ཆོས་ལུགས་དང་། གཅེར་བུ་བའི་ཆོས། ཞི་ཁེ་ཆོས་ལུགས། དབྱི་སི་ལམ་གྱི་ཆོས་ལུགས་སོགས་ལ་ཆོས་ལུགས་དེ་ཉིད་ཀྱི་སྲོལ་འབྱེད་པའམ་སྟོན་པ་ཡོད་པ་རེད། དཔེར་ན། སངས་རྒྱས་ཆོས་ལུགས་ཀྱི་ཤྰཀྱ་ཐུབ་པ་དང་། གཅེར་བུ་བའི་དཔའ་བོ་ཆེན་པོ། ཞི་ཁེ་ཆོས་ཀྱི་ནྰ་ནྰ་ཁི། དབྱི་སི་ལམ་གྱི་སྦྲང་རྩི་བློ་གྲོས་བཅས་སོ།། ཡིན་ནའང་། བྲམ་ཟེ་ཆོས་ལུགས་ལ་ཆེས་ཐོག་མའི་ཆོས་བརྒྱུད་གྲུབ་མཐའི་སྟོན་པ་མེད་དོ།། ཆོས་ལུགས་འདིའི་ཐོག་མའི་རྣམ་པ་ནི་ཅུང་མི་གསལ་བའམ་གྲུབ་མཐའི་ཁྱད་ཆོས་མི་གསལ་བའི་ཆོས་ལུགས་བསམ་བློ་རིགས་ཤིག་རེད། འདིའི་ཆེས་ཐོག་མའི་རྣམ་པ་ནི་ཕྱི་ཚུལ་དུ་མི་ཆེ་གེ་མོའི་བསམ་བློ་དཀྱིལ་སྙིང་དུ་འཛིན་པའམ་རྣམ་གཞག་ཅིག་གཞིར་བཟུང་སྟེ་མཆེད་པ་ནི་མ་ཡིན་པར། མི་སྐོར་ཞིག་གམ་གྲལ་རིམ་གྱི་མིའི་ལྟ་གྲུབ་བམ་འདོད་ཚུལ་རིམ་པར་འཕེལ་རྒྱས་སུ་ཕྱིན་པ་རེད། བྱེ་བྲག་ཏུ་བཤད་ན། རྒྱ་གར་གྱི་རིགས་རུས་ལམ་ལུགས་དང་ཐད་ཀར་འབྲེལ་བ་ཡོད། རིགས་རུས་ལམ་ལུགས་མ་གྲུབ་སྔོན་རྒྱ་གར་དུ་ཆོས་ལུགས་དད་མོས་རེ་འགའ་གཞི་གྲུབ་མོད། དད་མོས་དེ་དག་བྲམ་ཟེ་ཆོས་ལུགས་བྱུང་རྗེས་དེ་དག་ལས་ལེགས་ཆ་དང་དགེ་མཚན་མི་ཉུང་བ་ཚུར་བསྡུས་ཡོད་པ་རེད། དེ་ལྟ་ནའང་། བྲམ་ཟེ་ཆོས་ལུགས་ཀྱི་ཆོས་ཀྱི་རྐང་བའམ་ལྟ་གྲུབ་ཀྱི་སྙིང་བོ་ནི་རྒྱ་གར་གྱི་རིགས་རུས་ལམ་ལུགས་བྱུང་རྗེས་ཀྱི་འབྲས་བུ་ཡིན་ཞིང་། གཙོ་བོ་རྒྱ་གར་གྱི་རིགས་རུས་ལམ་ལུགས་ཁྲོད་དུ་བྲམ་ཟེ་ཆོས་ལུགས་མཆོད་སྦྱིན་གྲལ་རིམ་གྱི་ལྟ་གྲུབ་མཚོན་གྱི་ཡོད། འདི་ཆོས་ལུགས་གྲུབ་མཐའ་གཞན་དང་ཁྱད་པར་ཡོད་དོ།།

བྲམ་ཟེ་ཆོས་ལུགས་ཀྱི་ཡིག་ཆའི་ཕྱོགས་ནས་ཀྱང་ཁྱད་ཆོས་དང་ལྡན་པ་ཞིག་ཡིན། རྒྱ་གར་གྱི་ཆོས་ལུགས་གྲུབ་མཐའ་གཞན་གྱི་ཁྲོད་དུ། སྤྱིར་བཏང་དུ་བཤད་ན། སྟོན་པའི་མདོ་དང་གསུང་རབ༼  སྟོན་པའི་མདོ་དང་བསྟན་བཅོས་སུ་ཁས་འཆེས་པ། ༽ ནི་ཆོས་ལུགས་དེ་ཉིད་རྐང་ཚུགས་པའི་རྩ་བ་དང་བསྟན་བཅོས་སུ་བརྩི། དཔེར་ན། སངས་རྒྱས་ཆོས་ལུགས་ཁྲོད་ཀྱི་བཀའ་བསྟན། གཅེར་བུ་བའི་གོས་དཀར་ཅན་གྱིས་འདོད་པའི་ཡན་ལག་བཅུ་གཅིག་པ་ཚང་མ་སྟོན་པའི་བཀའ་འམ་བསྟན་བཅོས་སུ་འདོད། ཡིན་ནའང་། བྲམ་ཟེ་ཆོས་ལུགས་ཀྱི་ཆེས་སྔ་ཤོས་ཀྱི་བསྟན་བཅོས་ཏེ་རིག་བྱེད་ལ་རྩོམ་མཁན་མེད་པར་འདོད་པ་རེད། དེ་ནི་རང་བྱུང་ཡིན་པར་སྨྲ། རིག་བྱེད་ནི་ཆེས་ཐོག་མའི་དུས་སུ་བྲམ་ཟེ་ཆོས་ལུགས་པ་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་ཡིན་པ་མ་རེད། ཡིན་ནའང་། ཕྱིས་སུ་བྲམ་ཟེ་ཆོས་ལུགས་པས་རང་ཉིད་ཀྱིས་བྱས་པའི་བསྟན་བཅོས་སུ་ཁས་ལེན། ད་དུང་། ད་ལྟ་བྲམ་ཟེ་ཆོས་ལུགས་ཀྱི་ལྟ་དགོངས་ཀྱི་ཡིག་ཆ་མང་པོ་ལས་རེ་འགའ་གཞི་རྩའི་སྟེང་བྲམ་ཟེ་ཆོས་ལུགས་ཀྱི་བསྟན་བཅོས་ཁ་རྐྱང་ཉིད་ཡིན་པ་མ་རེད། རིག་བྱེད་ཀྱི་ཁྲོད་དུ་བྲམ་ཟེ་ཆོས་ལུགས་ཀྱི་ནང་དོན་མི་ཉུང་བ་ཞིག་ཕུད། རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ་གཉིས་ཏེ།  མ་ཧ་བྷ་ར་ད། དང་། དགའ་བྱེད་ར་མ་ཎ།གཉིས་ཀྱི་ཁྲོད་དུའང་། ནང་དོན་མི་ཉུང་བ་ཞིག་གིས་ཐད་ཀར་དུ་བྲམ་ཟེ་ཆོས་ལུགས་ཀྱི་ལྟ་གྲུབ་མཚོན་གྱི་ཡོད་མོད། འོན་ཀྱང་། ནང་དོན་ཕལ་ཆེ་བ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པའི་རྩོམ་རིག་གཏམ་རྒྱུད་ཡིན་པ་རེད། དེས་ན། བརྒྱུད་པའི་ཚུལ་གྱིས་བྲམ་ཟེ་ཆོས་ལུགས་ཀྱི་ལྟ་གྲུབ་ཁ་ཅིག་མཚོན་གྱི་ཡོད། བྲམ་ཟེ་ཆོས་ལུགས་དང་འབྲེལ་བའི་ཡིག་ཆའི་ཁྲོད་ཕལ་ཆེ་བ་ཞིག་ནི་ཕྱོགས་རེ་བའི་སྒོ་ནས་སམ་ཚད་ངེས་ཅན་ཞིག་ནས་བྲམ་ཟེ་ཆོས་ལུགས་ཀྱི་ལྟ་གྲུབ་མཚོན་གྱི་ཡོད་པ་རེད། སྣ་སྒོར་མོ་ནས་བཤད་ན་གྲུབ་མཐའ་འདི་ཉིད་ཁོ་ནར་བདག་པའི་བསྟན་བཅོས་རང་བཙན་པ་ཡིན་པར་སྨྲ་མི་འོས། འདིའི་ཕྱོགས་ཀྱང་སངས་རྒྱས་ཆོས་ལུགས་སོགས་ཆོས་བརྒྱུད་གྲུབ་མཐའ་གཞན་དང་མི་འདྲའོ།།

བྲམ་ཟེ་ཆོས་ལུགས་ཀྱི་སྤྱི་ཚོགས་ཀྱི་མི་ཆོས་བསམ་བློའི་ཆོས་བརྒྱུད་གྲུབ་མཐའ་ཡང་འབུར་ཐོན་ཡིན། སྤྱི་ཚོགས་ཀྱི་མི་ཆོས་བསམ་བློ་འདི་རིགས་གྲུབ་པ་ནི་རྒྱ་གར་གྱི་རིགས་རུས་ལམ་ལུགས་དང་ཐད་ཀར་འབྲེལ་བ་ཡོད་པ་རེད། འདིས་གཅིག་བསྡུས་ཀྱིས་བྲམ་ཟེ་ཆོས་ལུགས་ནི་བླ་ན་མེད་པ་ཡིན་པའི་ལྟ་དགོངས་མཚོན། མི་ཆོས་བསམ་བློ་འདིའི་ཁྲོད་ཀྱི་དགེ་སྡིག་གི་ཚད་གཞི་གཙོ་བོ་ནི་རིགས་རུས་ལམ་ལུགས་བརྩི་སྲུང་བྱེད་མིན་གཞིར་བཟུང་ཡོད་མེད་ཀྱིས་ཐག་གཅོད་ཀྱིན་ཡོད།  བརྩི་སྲུང་བྱེད་པ་ནི་དགེ་བ་དང་།  མི་བྱེད་པ་ནི་སྡིག་པ་ཡིན་པ་རེད། བྲམ་ཟེ་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་སོགས་ཀྱི་ཆོས་བརྒྱུད་གྲུབ་མཐའི་མི་ཆོས་བསམ་བློའི་ཁྲོད་དུ་མཐུན་སའམ་འདྲ་ས་མང་པོ་ཡོད། དེ་ནི་དེ་དག་དཔུང་བ་མཉམ་ཞིབ་ཀྱིས་འཕེལ་སྐབས་ཕན་ཚུན་གྱི་ལེགས་ཆ་དང་ལེན་བྱས་པ་ལས་བྱུང་བ་རེད། ཡིན་ནའང་། རིགས་རུས་ཕན་ཚུན་གྱི་འབྲེལ་བའི་སྟེང་དུ། བྲམ་ཟེ་ཆོས་ལུགས་ཀྱིས་རིགས་རུས་མཐོ་དམའ་བཙན་གཉོམ་གྱི་ཁྱད་པར་རྒྱུན་བསྐྱངས་ཀྱིས་ཤུགས་ཆེན་པོས་སྲུང་སྐྱོབ་བྱེད་པ་རེད། འོན་ཏེ། སངས་རྒྱས་ཆོས་ལུགས་སོགས་ཀྱིས་ཚད་ངེས་ཅན་ཞིག་ནས་འདྲ་མཉམ་གྱི་ལྟ་ཚུལ་བཏོན་པ་རེད། བྲམ་ཟེ་ཆོས་ལུགས་དང་ཕྱིས་ཀྱི་ཧིན་ངྷུ་ཆོས་ལུགས་ཀྱི་སྤྱི་ཚོགས་མི་ཆོས་རྣམ་གཞག་གིས་རྒྱ་གར་གྱི་ལོ་རྒྱུས་སུ་ཡུན་རིང་བོའི་གོ་བབ་གལ་ཆེན་བཟུང་ཡོད། གནས་བབ་འདི་རྒྱ་གར་རང་དུ་ཉེ་དེང་གི་སྤྱི་ཚོགས་བར་དུ་རྒྱུན་བསྐྱངས་ཏེ་ཐོན། ཆོས་ལུགས་དང་སྤྱི་ཚོགས་བཅོས་སྒྱུར་ལས་འགུལ་གྱི་རྗེས་སུ་འགྱུར་ལྡོག་ཕྲན་ཙམ་བྱུང་ཡོད་མོད། སྔར་བཞིན་དུ་མི་དམངས་ལ་ཤུགས་རྐྱེན་ཐེབས་མུས་སུ་མཆིས་སོ།།

དེབ་འདི་ས་བཅད་དགུ་རུ་ཕྱེས་ཤིང་། ས་བཅད་དང་པོའི་ནང་དུ་བྲམ་ཟེ་ཆོས་ལུགས་ཀྱི་ཆེས་སྔ་ཤོས་ཀྱི་ཆོས་ཀྱི་རྐང་བ་དང་བྱུང་འཕེལ་ལོ་རྒྱུས་ཀྱི་བརྒྱུད་རིམ་བརྗོད་ཡོད། དེ་ནི་ཀློག་པ་པོས་བྲམ་ཟེ་ཆོས་ལུགས་ཀྱི་ཆོས་ཀྱི་རྐང་བ་དང་བྱུང་འཕེལ་ལོ་རྒྱུས་རགས་ཙམ་ངེས་པའི་ཕྱིར་དང་། ས་བཅད་གཉིས་པར། བྲམ་ཟེ་ཆོས་ལུགས་ཀྱི་བསྟན་བཅོས་གཙོ་བོ་སྟེ། དེར་ཟིན་བྲིས་རེག་ཟིག་དང་བྲམ་ཟེ་ཆོས་ལུགས་ལ་འབྲེལ་ཆེ་བའི་ཡིག་ཆ་དང་ཐད་ཀར་ཆོས་ལུགས་འདིར་གཏོགས་པའི་གསུང་རབ་འདུ། དེའང་གཙོ་བོ་རྒྱུ་ཆའི་ཕྱོགས་ནས་ཀློག་པ་པོས་བྲམ་ཟེ་ཆོས་ལུགས་ཀྱི་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་པའི་ཆེད་ཡིན། ས་བཅད་གསུམ་པའི་ནང་དུ། རིག་བྱེད་ཉེར་གུས་ཀྱི་གཞུང་དུ་གསལ་བའི་རྐང་ཚུགས་པའི་བྲམ་ཟེ་ཆོས་ལུགས་ཀྱི་གཞི་རྩའི་ལྟ་གྲུབ་ཀྱིས། ཆོས་ལུགས་འདིའི་སྲོག་ཤིང་གི་ལྟ་གྲུབ་དང་འབྱུང་ཁུངས་གསལ་བོར་དོད་པའི་ཕྱིར་དང་། ས་བཅད་བཞི་བར། མ་ནུ་ཞེས་བྱ་བའི་ཆོས་གཞུང་རྟོག་ཞིབ་ཀྱི་ཡུལ་གཙོ་བོར་འཛིན་ཅིང་། བསྟན་བཅོས་འདིའི་ཁྲོད་གསལ་བའི་གནའ་རབས་བྲམ་ཟེ་ཆོས་ལུགས་ཀྱི་སྤྱི་ཚོགས་འཚོ་བའི་ཚད་གཞི་གཅིག་བསྡུས་ཀྱིས་མཚོན་པར་བྱས་ཡོད། ས་བཅད་ལྔ་པའི་ནང་དུ། བྲམ་ཟེ་ཆོས་ལུགས་ཀྱི་ལྷ་ལ་དད་མོས་བྱེད་པའི་སྣང་ཚུལ་སྤྱི་བཤད་བྱས་ཏེ། དེར་བསྟུན་གྱིས་ཆོས་ལུགས་འདིའི་ལྷ་ཡོད་སྨྲ་བའི་བསམ་བློའི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་ལམ་བུ་གཟུགས་ཅན་བཞིན་དུ་མཚོན་པར་བྱས་ཡོད། ས་བཅད་དྲུག་པའི་ནང་དུ། བྲམ་ཟེ་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་གྲུབ་མཐའ་གཙོ་བོ་སྟེ། རྩ་བའི་སྡེ་དྲུག་ཅུང་ཆ་ཚང་བའི་སྒོ་ནས་ཞིབ་བརྗོད་བྱས་ཡོད། ས་བཅད་བདུན་པར། བྲམ་ཟེ་ཆོས་ལུགས་དང་གནའ་བོའི་རྒྱ་གར་གྱི་ཆོས་ལུགས་མཚན་ཉིད་རིག་པའི་གྲུབ་མཐའ་གཞན་བར་གྱི་འབྲེལ་བར་ཉམས་ཞིབ་བྱས་ཡོད་དེ། དེའང་གཙོ་བོ་བྲམ་ཟེ་ཆོས་ལུགས་དང་དགེ་སྦྱོང་ཆོས་ལུགས། གཅེར་བུ་བའི་ཆོས། རྒྱང་པན་པའི་ཆོས་བཅས་ཀྱི་འབྲེལ་བར་ཞིབ་བསྡུར་གྱིས་དབྱེ་ཞིབ་བྱས་ཡོད། ས་བཅད་བརྒྱད་པར། ཆེད་དམིགས་ཀྱིས་བྲམ་ཟེ་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལུགས་འདྲ་ས་དང་མི་འདྲ་ས། གཞི་མཐུན་དུ་སྨྲ་བའི་བསམ་བློ་ལ་དཔྱད་པ་བཏང་ཡོད་དེ། དེའང་ཆོས་ལུགས་གཉིས་ཀྱི་ཁྲོད་ཞུང་ལུགས་གནད་དོན་འགངས་ཆེན་རེ་ཟུང་གཞིར་བཟུང་ཞིབ་བསྡུར་དང་། དེ་དང་སྦྲགས། བྲམ་ཟེ་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས་གཉིས་ཀྱི་ལྟ་གྲུབ་ལོ་རྒྱུས་སུ་འབྲེལ་བ་བྱུང་བ་ལ་ཉིང་བསྡུས་ཀྱིས་རྟོག་ཞིབ་བྱས་ཡོད། ས་བཅད་དགུ་བར། བྲམ་ཟེ་ཆོས་ལུགས་ཀྱིས་ཉེ་དེང་རབས་རྒྱ་གར་གྱི་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་བརྗོད་ཅིང་། བྱེ་བྲག་ཏུ། ཉེ་དེང་གི་རྒྱ་གར་གྱི་བསམ་བློ་བ་གཙོ་བོ་དང་བྲམ་ཟེ་ཆོས་ལུགས་བར་གྱི་འབྲེལ་བ། ད་དུང་ཉེ་དེང་རྒྱ་གར་གྱི་བསམ་བློ་བའི་སྡེ་ཡིས་བྲམ་ཟེ་ཆོས་ལུགས་ཀྱི་ལྟ་གྲུབ་བརྒྱུད་འཛིན་དང་འཕེལ་རྒྱས་ཕྱིན་པའི་ཁྱད་ཆོས་སོགས་ལ་དཔྱད་པ་བཏང་ཡོད།

དེབ་འདི་འབྲི་བའི་གོ་རིམ་ཁྲོད་དུ་དཔྱད་གཞིའི་རྒྱུ་ཆ་མང་པོ་ཞིག་བལྟ་ཀློག་བྱས་ཡོད། རྒྱུ་ཆ་འདི་དག་ལས་རེ་འགའ་ནི་མ་རྩོམ་ཡིན་ལ། རེ་འགའ་ནི་རྒྱལ་ཕྱི་ནང་གི་མཁས་པ་རྣམས་ཀྱི་འབྲེལ་ཡོད་བརྩམས་ཆོས་ཡིན། ཞིབ་ཏུ། དཔེ་མིང་དེབ་ཀྱི་མཇུག་ཏུ་དཔྱད་གཞིའི་རྒྱུ་ཆ་གཙོ་བོ་ཞེས་བཀར་ཏེ་བྲིས་ཡོད། དེབ་ཁྲོད་ཀྱི་ནང་དོན་ཕལ་ཆེ་བ་འབྲི་མཁན་གྱིས་ཆོས་གང་དེའི་གཞི་རྩའི་བསྟན་བཅོས་དག་ཞིབ་འཇུག་བྱས་རྗེས་བཏོན་པའི་ལྟ་ཚུལ་ཡིན་ལ། མ་ཟད། ནང་དོན་སྐོར་ཅིག་ནི་རྒྱལ་ཕྱི་ནང་གི་མཁས་པ་རྣམས་ཀྱིས་དགོངས་པ་གཅིག་ཏུ་བཞེས་པའི་ལྟ་ཚུལ་གྱི་ཕྱིས་སུ་བྲིས་པ་ཤ་སྟག་ཡིན།

བྲམ་ཟེ་ཆོས་ལུགས་ནི་བྱུང་བ་སྔ་ཞིང་། ལོ་རྒྱུས་ཀྱི་རྒྱུན་རིང་བ། ནང་དོན་ཕུན་སུམ་ཚོགས་ལ་རྙོག་དྲ་ཆེ་བའི་ཕྱི་རྒྱལ་གྱི་ཆོས་ལུགས་ཡིན་པར་རྐྱེན་བྱས་པ་དང་། ད་དུང་རྩོམ་པ་པོའི་ཤེས་རྒྱ་དང་ནུས་པར་ཚད་ཡོད་ཅིང་། དེབ་ཀྱི་ཁྲོད་དུ་ནོར་འཁྲུལ་དང་མི་འཚམ་པའི་ཆ་འབྱུང་སྲིད་པས། ཀློག་པ་པོས་ཡོ་བསྲང་གནང་རོགས་ཞུ་ཞུ།། །།

                                               ཡོ་ཝེ་ཆོན་གྱིས།

                         པེ་ཅིང་སློབ་ཆེན་ཕྱི་རྒྱལ་མཚན་ཉིད་རིག་པའི་ཞིབ་འཇུག་གླིང་དུ།

                                                                        ཕྱི་ལོ༢༠༡༠ཟླ༧ཚེས༣ཉིན།   

 

གསུང་རབ་ཇི་ལྟར་བཀླག་དགོས།

 

ཀྲོའུ་ཀོ་ཕིང་གིས་བརྩམས།  བྱ་མདོ་ནོར་བུ་རྒྱལ་གྱིས་བསྒྱུར།

 

 

བདག་གི་དཔེ་ཀློག་གི་དམིགས་པ་ནི། ཐོག་མར་མི་ཆོས་གསུང་རབ་བཀླག་བྱ་གཙོ་བོར་བགྲངས་པ་དང་། དེ་ནས་བག་འཕེར་བའི་ཚུལ་གྱིས་དེ་ལ་འཇུག་པའོ།།

དེ་ཡང་འགྲོ་བ་མིའི་ལོ་རྒྱུས་སུ་སྙན་པ་འབར་བའི་བརྩམས་ཆོས་སྐོར་ཅིག་བྱུང་བ་དང་། དེ་དག་གིས་ཐད་ཀ་ཐད་སོས་འགྲོ་བ་མིའི་བསམ་པའི་འཚོ་བའི་གནད་དོན་ཆེ་གྲས་ལ་དོ་སྣང་དང་བསམ་གཞིགས་བགྱིས་པས། དེ་ལ་མི་ཆོས་རང་བཞིན་ལྡན་ཞིང་། དེ་དང་སྦྲགས་དུས་རབས་རིམ་བྱུང་གིས་གཅིག་མཐུན་དུ་ཁས་ལེན་འཐོབ་པར་བརྟེན། འགྲོ་བ་མིར་དབང་བའི་ཐུན་མོང་གི་རྒྱུ་ནོམ་དུ་ཆགས། དེ་ལྟར། གསུང་རབ་རང་བཞིན་ཀྱང་ཡོད་པར་གྱུར། ང་ཚོས་བརྩམས་ཆོས་དེ་དག་ལ་མི་ཆོས་གསུང་རབ་ཞེས་བཏགས། འགྲོ་བ་མིའི་བསམ་པའི་འཚོལ་སྙེགས་ཀྱི་བཞུད་ལམ་རིང་མོར། མི་ཆོས་གསུང་རབ་དེ་ཉིད་རླབས་ཆེ་བའི་སྲོལ་རྒྱུན་ཞིག་ཏུ་གྱུར་བ་དང་། ལམ་འདིར་བསྐྱོད་པའི་མི་སུ་ཡིན་ཡང་དེར་སྣང་མེད་བྱས་མྱོང་མེད།

གཟབ་ནན་གྱིས་སྨྲས་ན། རང་དགར་ཅི་ཞིག་བཀླག་པ་དེ་ཙམ་ལ་དཔེ་ཀློག་ཞེས་པའི་མིང་འབྱོར་གི་མ་རེད། དོན་དམ་པའི་དཔེ་ཀློག་ལ་ངེས་པར་རྣམ་ཤེས་ཞུགས་ཐུབ་དགོས། དེ་ཡང་འདི་ལྟར་ཏེ། མི་སྒེར་བའི་རྣམ་ཤེས་ཉིད་ཡི་གེ་བརྡ་རྟགས་ཀྱིས་བཞེངས་པའི་བསམ་པའི་འཇིག་རྟེན་གྱི་ཀློང་ཉུལ་བའི་གོ་རིམ་དུ། རང་ཉིད་རྙེད་པ་དང་རང་ཉིད་ནར་སོན་པ་ཞིག་ལ་བྱ། དེས་ན་མི་སྒེར་བའི་ཁྱད་ཆོས་ཅན་གྱི་བསམ་པའི་འདུ་བྱེད་ཅིག་ཡིན་འདུག་གོ། འོ་ན། ཇི་ལྟ་བུའི་དཔེ་ཆ་ནི་བསམ་པའི་འཇིག་རྟེན་གྱི་ཀློང་ཉུལ་བར་འཚམ་མམ་ཞུ་ན། དེ་ནི་གསུང་རབ་ཡིན་པ་སྨྲས་མེད་དོ།། ང་ཚོས་དེབ་དེ་དག་གི་ཁ་ཕྱེས་པ་ཙམ་གྱིས་དེའི་ནང་དུ་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་བསམ་པའི་འཇིག་རྟེན་ཧྲིལ་བོ་རེ་རེ་ཡོད་པ་མཐོང་ཐུབ།

མི་ཞིག་ལ་བསམ་པའི་དགོས་མཁོ་མེད་པར་གྱུར་ཚེ། ཅི་ཞིག་བཀླག་ཀྱང་དེ་ཉིད་དམིགས་མེད་དུ་འགྱུར་ངེས་ལ། དེ་དང་ལྡོག་པ་ནི་ཧ་ཅང་གཟབ་ནན་གྱིས་དཔེ་ཀློག་ལ་གདམས་གསེས་བྱེད་པའོ། གཅིག་བྱས་ན། སྔོན་གྱི་དུས་སྐབས་གང་དུ་ཡང་དེང་སང་དང་འདྲ་བར་དཔེ་ཆ་མང་པོ་པར་སྐྲུན་བྱས་མྱོང་མེད་མོད། འོན་ཀྱང་། དེང་གི་མིའི་དཔེ་ཀློག་ནི་དུས་སྐབས་གང་དང་བསྡུར་ན་ཡང་ཧ་ཅང་ཉུང་ཚོད་དུ་སྣང་ཡོད། དུས་སྐབས་འདི་འདྲར། མི་ཞིག་གིས་སྤང་བྱ་དང་དོར་བྱ་རྟོགས་ནུས་ཚེ། ད་གཟོད་དཔེ་ཀློག་རྣལ་མའི་ལམ་དུ་བསྐྱོད་ཐུབ། འདི་ནི་ངས་རིམ་པ་དམའ་ཤོས་དང་བྲིན་ཆེ་བའི་དཔེ་ཆ་མི་བཀླག་པའི་རྒྱུ་མཚན་ནོ།།

གནའ་ནས་ད་ལྟའི་བར། དཔེ་ཆ་གྲངས་ཀྱིས་མི་ཟིན་པ་ཡོད་སྟབས། མི་སུ་ཞིག་གིས་ཀྱང་རང་ཉིད་ཁོ་ནར་བརྟེན་ནས་གདམས་གསེས་ཀྱིས་ཆེས་ལེགས་པའི་བརྩམས་ཆོས་ཞིག་ཕྱིར་བཏོན་མྱོང་མེད། སྟབས་ལེགས་པ་ནི། ང་ཚོ་ལ་དུས་ཚོད་ཟེར་བའི་དཔྱད་བརྗོད་པ་ཞིག་ཡོད། འོན་ཏེ། ཁོ་རང་ཡང་ཤེས་རབ་དང་རྒྱུ་འབྲས་ལྡན་པ་འབའ་ཞིག་ཡིན་པའི་ངེས་པ་མེད་མོད། དཔྱད་བརྗོད་པ་ཡོད་ཚད་ལས་ཆེས་ཤེས་རབ་དང་རྒྱུ་འབྲས་ལྡན་པ་ཞིག་ཡིན་ཏེ། རང་སྐྱ་ཐུབ་པའི་བསམ་གཞིགས་ལྡན་པའི་ཀློག་པ་པོས་ཀྱང་ཁོང་གི་ངག་ལ་ཉན་དགོས་ཐུག་ཡོད། ནར་མའི་གསུང་རབ་ཞེས་པ་ཡང་། དུས་ཚོད་ཀྱི་དཔྱད་བརྗོད་པས་ང་ཚོར་བསྟབས་པའི་བསམ་འཆར་ཡིན་ནོ།།

གསུང་རབ་ལ་ཡང་བཀླག་ཐབས་མི་འདྲ་བ་ཡོད་ངེས་ཡིན། མཁས་པ་ཞིག་གིས་གསུང་རབ་ཉིད་རིག་གཞུང་ཉམས་ཞིབ་ཀྱི་དམིགས་འབེན་དུ་བརྩིས་ནས། གསུང་རབ་ག་གེ་མོའམ་གསུང་རབ་མཛད་མཁན་གྱི་མཁས་པའི་བསྟན་བཅོས་ཡོད་ཚད་ལ་བདེན་དཔང་དང་མཆན་བཏབས་ཏེ། བསམ་བློའི་ལོ་རྒྱུས་དང་། རིག་གནས་ལོ་རྒྱུས། རིག་ཚན་ལོ་རྒྱུས་ཀྱི་ངོས་ནས་དབྱེ་ཞིབ་མཛད།འདི་ནི་མཁས་པའི་བཀླག་ཐབས་ཡིན། འོན་ཀྱང་། གལ་ཏེ་གསུང་རབ་ལ་བཀླག་སྟངས་འདི་ཉིད་ལས་ཐབས་གཞན་གྱིས་སྟོངས་པར་གྱུར་ཚེ། ང་ནི་དེ་ཉིད་གསུང་རབ་ཏུ་བགྲངས་པ་ལ་དོགས་པ་ཟ། ད་ལྟའང་ད་དུང་གསོན་ཤུགས་ཀྱིས་འབར་བའི་གསུང་རབ་ནི་ད་གཟོད་ངེས་པ་དོན་གྱི་གསུང་རབ་ཡིན། ཁོ་རང་ལོ་རྒྱུས་ལ་གཏོགས་པ་མ་ཟད། ལོ་རྒྱུས་ལས་འགོངས་པ་ཞིག་ཀྱང་ཡིན། གཏན་དུ་གཟིམ་པ་མེད་པའི་རྣམ་ཤེས་ཤིག་མི་ནུབ་གཏན་འཇགས་སུ་གནས་ཡོད་པ་དང་འདྲ། དེ་འདྲ་ཞིག་ཡིན་པར་བརྟེན། དེ་དག་ཀློག་དུས། དུས་རབས་མི་འདྲ་བའི་མི་རྣམས་ཀྱི་རྣམ་ཤེས་གཉིད་ལས་དཀྲོགས་དང་མཚུངས་པའི་དགའ་བ་ཟད་པ་མེད་པ་ཡོང་གི་ཡོད། དོན་སྙིང་འདིའི་ངོས་ནས། གསུང་རབ་ནི་མི་རེ་རེ་ལ་དབང་བ་ཞིག་གོ།

ཕལ་བའི་མི་ཡིན་པའི་ང་ཚོས་གསུང་རབ་ཇི་ལྟར་བཀླག་དགོས་ཞེ་ན། ངའི་ཉམས་མྱོང་ནི《ཁུང་ཙིའི་གསུང་སྒྲོས།》དང་། 《དམ་པའི་གསུང་རབ། 》ཕི་ལ་ཐོ་དང་ཁན་ཐི་སོགས་གང་ཡིན་ཡང་། བག་འཕེར་བའི་སྒོ་ནས་བཀླག་དགོས་རྒྱུར་བརྩིས་ན་ཆོག་སྙམ། ཡང་གཅིག་བཤད་ན། དཔེ་ཀློག་གི་སེམས་ཁམས་དང་ཐབས་ལམ་ནི་ཧ་ཅང་བག་འཕེར་བ་རང་ཡིན་ན་འོས་ཟེར་བ་ཡིན། ཉམས་ཞིབ་ཀྱི་རྣམ་པས་གཏིང་ཨེ་ལོན་ལ་ངལ་བ་བསྟེན་མི་རིགས་ཞུ་བ་ཡིན། ཧ་མ་གོ་ཚེ།བཙན་གྱིས་མི་བལྟ་བར། ཐོག་མར་གོ་སླ་བ་དག་སྟེ། རང་ཉིད་ཀྱི་དགའ་ཁ་མོས་པ་འདྲེན་ཐུབ་པའི་བརྩམས་ཆོས་དང་ས་བཅད་ལ་བལྟ་དགོས། འདི་ན་སྲེགས་བཅད་བརྡར་གསུམ་གྱི་བརྒྱུད་རིམ་ཞིག་ཡོད། དུས་རྒྱུན་གྱི་མི་ཆོས་བློ་སྦྱོང་ཟེར་བ་ནི་འདི་ལྟར་ཐོན་པ་ཡིན། སྤྱོད་སྒོ་མེད་ཅིང་སྤྲོ་བ་འདྲེན་མི་ཐུབ་པའི་གནད་ཀ་ཡང་འདི་ན་ཡོད། འདི་དུས་གསུང་རབ་བཀླག་པ་ནི་དུས་ཚོད་བརླག་པ་དང་མཚུངས་ངེས། དོན་དངོས་སུ། ཤེས་རབ་ཅན་གྱི་མིས་ཏག་ཏག་འདི་ཉིད་དུས་ཚོད་གཏོང་བྱེད་ཡག་ཤོས་སུ་བལྟ་ངེས།གསུང་རབ་བཀླག་པ་ལས་བསམ་པས་བདེ་ཚོར་གྱི་བྲོ་བ་ཟད་མཐའ་མེད་པ་མྱོང་ཐུབ་མིན་ནི། ཤེས་རབ་ལ་འགྲན་བསླངས་བ་ཞིག་ཏུ་ཟད། ཡིན་ནའང་། ཡིད་ལ་འཛིན་དགོས་པ་ནི། གསུང་རབ་མི་རེ་རེ་ལ་དབང་མོད། གཏན་ནས་གཏན་དུ་མི་བྱིངས་ལ་དབང་མི་དཔེ་བ་རེད། གསུང་རབ་ཀློག་དུས་ཀྱི་བག་འཕེར་ནི་བྱིངས་ཀྱི་བྲིན་ཆེ་བའི་དེབ་ཀློག་པ་དང་རྦད་དེ་འདྲ་བོ་ཡོད་མ་རེད། མི་རེ་རེ་ནི་རྣམ་ཤེས་དང་ལྡན་པའི་གང་ཟག་སྒེར་དུ་ཆགས་ཤིང་། སྒེར་ཚུགས་མེད་པའི་བྱིངས་དང་མི་འདྲ་བར་གནས་དུས། ད་གཟོད་གསུང་རབ་ལ་འཇུག་ཐུབ། གལ་ཏེ་ཉིན་ཞིག་ལ། ཁྱོད་ཀྱང་གསུང་རབ་ཀློག་པའི་མཛེས་པའི་དུས་ཚོད་བརྡལ་ཐབས་ལས་ཕྱིར་ལྡོག་མི་ནུས་ཚེ། ཁྱོད་ཀྱིས་ཁྱོད་ཉིད་བྱིངས་ཀྱི་རོལ་རྩེད་རང་བཞིན་ལྡན་པའི་ཀློག་ཐབས་དང་བར་ཆོད་ཡོད་པ་རྟོགས་ངེས་སོ།།

གསུང་རབ་ནི་འགྲོ་བ་མིའི་བསམ་པའི་རྒྱུ་ནོར་གྱི་གན་མཛོད་ཅིག་སྟེ། དེ་ཉིད་ང་ཚོའི་ཉེ་འགྲམ་དུ་ཡོད་ཅིང་། དེའི་ནང་གི་རྒྱུ་ནོར་ང་ཚོ་མི་རེ་རེ་ལ་དབང་བ་ཞིག་ཡིན། གསུང་རབ་བཀླག་པ་ནི་རྩ་ཆེ་བའི་རྒྱུ་ནོར་དེ་ཉིད་ལོངས་སུ་སྤྱད་པ་ཞིག་ཡིན། ངེས་ཤེས་འདི་འདྲ་འདྲོངས་མྱོང་མཁན་གྱིས། གལ་ཏེ་མི་ཞིག་ཚེ་གང་པོར་གསོན་ཀྱང་། གན་མཛོད་འདིའི་སྒོ་ཐེམ་རྡོག་པས་མནན་མ་མྱོང་ཚེ། དེ་ནི་གསབ་ཐབས་བྲལ་བའི་གྱོང་གུན་ཆེ་ཞིག་ཡིན་པ་ཁས་ལེན་ཐོབ་ངེས་སོ།། །།