__དགེ་རྒན་གུར་མགོན་ལགས་ཀྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་གཞུང་སློབ་གླིང་དུ་འཆད་འཁྲིད་གནང་བའི་སྒྲ་ཡི་གེར་ཕབ་པ།

                                                                         རྩེ་གཞུང་ཕྱྭ་གཡང་རྒྱལ་གྱིས་ཡི་གེར་ཕབ།

 

སློབ་གྲོགས་རྣམ་པ་མཚན་མོ་བདེ་ལེགས། དེ་རིང་གི་འུ་ཚོའི་བཤད་བྱ“ལོ་རྒྱུས་ཀྱིས་དེ་རིང་ལ་གནང་བའི་གསལ་འདེབས”བྱ་བ་དེ་ཡིན། ནང་དོན་ནི་ལོ་རྒྱུས་སྦྱང་ན་དེའི་ནང་ན་ངེད་ཚོ་ལ་འཐོབ་བྱ་ཅི་ཡོད། ལོ་རྒྱུས་སྦྱང་ན་དགོས་པ་ཅི་ཡོད། ཅིའི་ཕྱིར་ལོ་རྒྱུས་སྦྱང་དགོས་པ་ཡིན་ནམ་ཟེར་བ། དེ་རིང་གི་བརྗོད་གཞི་དེ་རེད། བརྗོད་གཞིའི་འདིའི་ཚན་པ་དང་པོ་ནི་ལོ་རྒྱུས་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་ཟེར་བ་སྟེ། ལོ་རྒྱུས་ལ་ལྟ་སྐབས་མཉམ་འཇོག་དགོས་པའི་དོན་དག་རེ་འགའ་འདིར་བཀོད་ཡོད། དེ་དག་ནི་རིམ་བཞིན།

༡ མྱི་ཁ་ཚང་།   ༢རྒྱུད་རྒྱུ་འཕོ་འགྱུར།

༣འཆར་ཡན།  ༤སེམས་དཔངས།

༥ རང་མཆོག་འཛིན། ༦ རང་ཁ་རང་གསོ།

༧ ཚོང་བ་གྲལ་རིམ། ༨ སྐྱས་འཕོ།   

༩ཤན།   ༡༠དོན་སྒོ་བཅས་ཀྱི་ཐ་སྙད་འདི་ཚོ་ཡིན་ལ། ལོ་རྒྱུས་ལ་བལྟ་སྐབས་ཐ་སྙད་འདི་ཚོ་ངེས་པར་སེམས་ལ་བཟུང་ནས་སྡོད་ཟེར་བའི་དོན་མིན་ཏེ། འདི་དང་འབྲེལ་ཡོད་ཀྱི་དོན་དག་དང་གནད་དོན་ལ་རྒྱུན་དུ་མཉམ་འཇོག་རོགས་ཟེར་བ་དེ་ཡིན།

དེ་དག་ནང་དོན་རིམ་པར་བཀྲལ་ན།

མི་ཁ་ཚང་ཟེར་བ་འདི་ནི་སྤྱིར་རིག་གནས་ཤིག་གི་ནང་ན་བརྗོད་བྱ་མི་དང་མ་འབྲེལ་བ་ཞིག་མེད་དེ། རྩོམ་རིག་དང་ལོ་རྒྱུས་སོགས་ཡོད་ཚད་འདྲ་ཞིང་། དེ་བཞིན་ཆོས་ལུགས་ཡིན་ནའང་མིའི་རྟོགས་པ་ཇེ་མཐོར་གཏོང་སྟངས་དེ་རེད། དེ་བས་མི་དང་མ་འབྲེལ་བ་ཞིག་སྤྱིར་མེད་རུང་། འོན་ཀྱང་ལོ་རྒྱུས་ལ་བལྟ་དུས་མི་དེ་མི་ཁ་ཚང་ཞིག་ཏུ་འགྲུབ་དགོས་ན་ཆ་རྐྱེན་གང་དག་ཚང་དགོས་པ་རེད་ཞེས་པ་སྟེ། ནང་དོན་ཅི་རེད་ཟེར་ན་མི་ཞིག་གི་མི་ཚེ་དེ་ཇི་ལྟར་སྤྱི་བསྡོམས་རྒྱག་དགོས་ཀྱི་རེད། མི་ཞིག་གི་མི་ཚེ་དེ་ཇི་ལྟར་རོལ་ན་ད་གཟོད་དོན་སྙིང་ལྡན་པ་རེད།  མི་ཞིག་གི་མི་ཚེའི་ནང་གི་ཉིན་རེ་རེ་ཇི་ལྟར་རོལ་ན་ད་གཟོད་དོན་སྙིང་ལྡན་པ་རེད། ལོ་རྒྱུས་ནང་ན་བཤད་བཞིན་པ་དེ་རེད། འོན་ཀྱང་མི་ཁ་ཚང་བྱ་བ་དེ་དེང་རབས་སྤྱི་ཚོགས་མ་གཏོགས་ཡ་ཐོག་སྤྱི་ཚོགས་ལ་ཡོད་རྒྱུ་མ་རེད་བསམ་སྤྱད་ཅིག་ཡིན་རུང་དོན་ལ་དེ་ལྟ་བུ་ཞིག་མིན་ཏེ། བསྐལ་བ་ཡ་ཐོག་གི་སྤྱི་ཚོགས་ནས་བཟུང་མི་ཁ་ཚང་ཟེར་བ་དེ་ཡོད་པ་རེད། མི་ཁ་ཚང་ཇི་ལྟར་ཡོད་ཚུལ་དཔེ་བཞག་ན། དཔེར་ན། གོས་སུ་ཤིང་ལོ་གྱོན་པ་ནས་བཟུང་གདོད་མའི་སྤྱི་ཚོགས་དེ་རིམ་པ་མང་པོ་ཞིག་བརྒྱུད་ནས་ཡོང་བ་ཡིན་ཏེ། རྒུམ་བུ་འཐུ་བའི་དུས་སྐབས་སུ་སྐྱེས་པ་རྔོན་བྱེད་དུ་སོང་ཤུལ་དུ་བུད་མེད་ཀྱིས་བྱིས་པ་གཉོར་བ་དང་རྒུམ་བུ་འཐུ་བ་སོགས་བྱེད་དགོས་ལ། རྒུམ་བུ་འཐུ་བ་ཟེར་ན་རྩ་བ་འཐུ་བ་དང་། ལོ་མ་འཐུ་བ། གཞུང་རྟ་འཐུ་བ་སྟེ་འཚོ་བའི་ཁ་སྣོན་རྩོལ་སྒྲུབ་བྱེད་པ་དེར་ཟེར། འཚོ་བའི་ཁ་སྣོན་རྩོལ་སྒྲུབ་བྱེད་སྐབས་རྒྱང་རིང་དུ་འགྲོ་མཁན་དེ་སྤྱིར་བཏང་སྐྱེས་པ་ཡིན་ལ། ཁོ་རྒྱང་རིང་ལ་སོང་ནས་རི་དྭགས་བདས་པའི་ངོ་མཚར་གྱི་བྱུང་བ་ཅི་རིགས་དགོང་མོར་ཟས་ཟིན་རྗེས། རྟོག་བཏགས་དང་འདྲེས་ནས་གཏམ་རྒྱུད་ཅིག་གི་ཚུལ་དུ་བརྗོད་པའི་འགོ་བཟུང་ཞིང་གཏམ་རྒྱུད་ཀྱི་སྒྲ་དབྱངས་དེའི་ཁྲོད་ནས་ད་གཟོད་བཟའ་མི་གང་པོ་གཉིད་འགྲོ་བ་ཡིན། དེའི་མིང་ལ་གདོད་མའི་སྤྱི་ཚོགས་སྐབས་ཀྱི་མྱི་ཁ་ཚང་ཟེར། དེ་ནི་ཉི་མ་གཅིག་གི་འཚོ་བ་ཁ་ཚང་ཞིག་རེད། དེ་ལྟ་བུའི་ཁ་ཚང་གི་ཚད་དེ་དེང་རབས་སྤྱི་ཚོགས་ནང་ཡོད་དཀའ། དེའི་རྐྱེན་གྱིས་ལོ་རྒྱུས་ནང་དུ་དེ་ལ་མྱི་ཁ་ཚང་ཟེར་ཞིང་། མྱི་ཁ་ཚང་ནི་ཇི་ལྟར་གྲུབ་དགོས་ཟེར་ན། དེང་རབས་སྤྱི་ཚོགས་སྤྱི་ཚོགས་སུ་ཁ་གཏད་པའི་དེ་རིང་ལ་མཚོན་ན་རང་ཅག་གིས་མནོ་བསམ་མང་པོ་གཏོང་དགོས་པར་འདུག  དེ་ནི་མྱི་ཁ་ཚང་བྱ་བ་དེ་རེད།

དེ་ནས་ལོ་རྒྱུས་ཀློག་སྐབས་མཉམ་འཇོག་པའི་གནད་དོན་གཞན་ཞིག་ཏེ་རྒྱུད་རྒྱུ་ཐོལ་འགྱུར་བྱ་བ་དེ་ཡིན།    ཁ་སང་གི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་བཤད་པའི༼མདོངས་མཐའ་ཟད་པའི་ལེགས་བྱང༽བྱ་བ་དེ་ཡིན་ལ། དེ་རིང་གི༼ལོ་རྒྱུས་ཀྱིས་དེ་རིང་ལ་གནང་བའི་གསལ་འདེབས༽འདི་གཉིས་ནང་དོན་གྱི་ཆ་ནས་ཅུང་ འདྲ་ས་ཡོད་ལ་མི་འདྲ་ས་ཡང་ཡོད། དེ་ལུགས་འདིར་གསལ་བཤད་ཅིག་བྱས་པ་ཡིན།

རྒྱུད་རྒྱུ་ཐོལ་འགྱུར་བྱ་བ་དེ་ལ་རྒྱུད་རྒྱུ་ཞན་འགྱུར་ཞེས་བརྗོད་ཀྱང་ཆོག རྒྱུད་རྒྱུ་ཐོལ་འགྱུར་བྱ་དེ་ལོ་རྒྱུས་ཀློག་སྐབས་ངེས་པར་མཉམ་འཇོག་བྱེད་དགོས་པ་ཞིག་སྟེ། འདི་ཕྱི་གླིང་གི་ལོ་རྒྱུས་མཁས་པ་ཚོས་ཀྱང་གཙིགས་སུ་འཛིན་ས་ཞིག་རེད། དོན་ནི་མི་དང་སྲོག་ཆགས་གཉིས་ལ་ལོ་རྒྱུས་ཁྲོད་རྩ་བའི་ཁྱད་པར་ཅིག་ཡོད་པ་ནི་སྲོག་ཆགས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་རང་ཉིད་ཁོར་ཡུག་གསར་པར་གོམས་པར་བྱེད་དེ། ཁོར་ཡུག་གསར་བར་སྲོག་ཆགས་ཅིག་སླེབས་ན་དེས་ཐབས་བརྒྱ་ཇུས་སྟོང་གིས་ཁོར་ཡུག་གསར་བར་ལོབས་པར་བྱེད་པ་དེ་ནི་སྲོག་ཆགས་ཀྱི་བགྱི་བ་ཡིན། ཚ་བའི་ས་ཁུལ་གྱི་སྲོག་ཆགས་ཤིག་གྲང་བའི་ས་ཁུལ་དུ་ཡོང་བ་ཡིན་ན་ཁོར་ཡུག་དང་བསྟུན་ནས་མདོག་འགྱུར་བ་འགྲོ་བ་དཔེར་ན་བྱང་སྣེ་ཡི་དོམ་ལྟ་བུ་ཡིན་ན་མདོག་དཀར་པོ་ཡིན་པ། དོམ་ཐམས་ཅད་ཀྱི་མདོག་དཀར་པོ་མིན་པ་ལྟ་བུ་རེད། དེ་བཞིན་དུ་བྱང་སྣེ་ཡི་ཝ་ཡིན་ན་ཡང་དཀར་པོ་རེད། དེ་ནི་ཁོར་ཡུག་ལ་རིམ་བཞིན་གྱིས་གོམས་པར་བྱས་པ་ལས་བྱུང་བའི་འབྲས་བུ་རེད། མི་ནི་དེ་ལས་ལྡོག་སྟེ་ཁོར་ཡུག་དེ་རང་ཉིད་ལ་འཚམ་པར་བསྒྱུར་བཅོས་བྱེད་ཅིང་། རང་གི་སྐྱེ་ལུགས་དང་འཕྲོད་པར་བྱེད་རྒྱུ་ནི་མིའི་བགྱི་བ་གཙོ་བོ་ཡིན་འདུག དོན་ལ་རང་བྱུང་ཁམས་འདུལ་བ་ཟེར་བ་དེ་རེད། འོན་ཀྱང་ཐ་སྙད་དེ་ལོ་རྒྱུས་ཁྲོད་ད་ལྟ་སྤྱོད་ཀྱིན་མེད་དེ། གང་ལྟར་དེ་ཉིད་ཀྱི་ཐད་ནས་གོ་བ་བླངས་ན་རང་བྱུང་ཁམས་ཆེན་མོ་འདུལ་བ་ཟེར་བ་དེ་ཡིན། སྲོག་ཆགས་དང་མི་གཉིས་འཚོ་གནས་ཐད་མི་འདྲ་བ་ཞིག་ཡོད་པ་ནི་དེ་རེད། དེ་བས་རྒྱུད་རྒྱུ་ཐོལ་འགྱུར་བྱ་བ་དེ་མཉམ་འཇོག་ས་ཞིག་ཏུ་ཆགས་འདུག མི་རིགས་ཤིག་ཁོར་ཡུག་གཅིག་ནས་ཁོར་ཡུག་གཞན་ཞིག་ཏུ་སོང་ནས་མི་རབས་མང་པོ་འགོར་ན་རྒྱུད་རྒྱུའི་སྟེང་གློ་བུར་དུ་འགྱུར་ལྡོག་འབྱུང་བར་བྱེད། འདི་ལོ་རྒྱུས་སྟེང་ངེས་པར་མཉམ་པར་འཇོག་དགོས་སའི་དོན་དག་ཅིག་རེད།  དེ་གལ་ཆེན་ཡིན་ཚུལ་གྱི་ཐད་ནས་ངས་དཔེ་ཞིག་འཇོག འདི་ངས་རྒྱུན་དུ་བཤད་བཞིན་པ་ཞིག་ཀྱང་ཡིན། དེ་ནི་ང་ཚོར་ང་བརྒྱད་ལོའི་རྗེས་ནས་རྒྱུད་རྒྱུ་ཐོལ་འགྱུར་བྱུང་འདུག་ཅེས་བཤད་པ་དེ་ཡིན། བོད་ཀྱི་རྒྱུད་རྒྱུའི་སྟེང་སྔ་ན་མེད་པའི་ཐོལ་འགྱུར་ཆེན་པོ་ཞིག་བྱུང་འདུག་ཟེར་བ་དེ་ཡིན། འཕོ་འགྱུར་དེ་དར་བའི་ཆ་ཡིན་ནམ་རྒུད་པའི་ཆ་རེད་ཟེར་ན། ངས་བལྟས་ན་དེ་ནི་རྒུད་པའི་ཆ་རེད། རྒྱུ་མཚན་ནི་སྔོན་མའི་བོད་དང་དིང་སང་གི་བོད་གཉིས་སྐྱེ་ལུགས་ཐད་ནས་མི་གཅིག་པ་ཆགས་འདུག ཇི་ལྟར་ཅེ་ན། དང་པོའི་མིའི་གཟུགས་ཚད་ནི་ཧ་ཅང་ཆེན་པོ་རེད། འཛམ་གླིང་སྤྱིའི་ལོ་རྒྱུས་སྟེང་ན་མིའི་གཟུགས་ཚད་ཇེ་ཆེར་འགྲོ་བཞིན་འདུག་སྟེ། དུས་རབས་བར་མའི་དམག་མིའི་ཁྲབ་དེ་ཆུང་དྲགས་པས་ད་ལྟའི་མི་ཡིས་གྱོན་མི་བཏུབ་པ་དང་ད་དུང་དེའི་དུས་ཀྱི་འགྱུར་རྡོ་དང་ཀེང་རུས་ལ་སོགས་ལས་གསལ་བར་རྟོགས་ཐུབ། འཛམ་གླིང་སྤྱིའི་མིའི་གཟུགས་ཚད་ཇེ་ཆེ་རུ་འགྲོ་བཞིན་ཡོད་པ་ར་སྤྲོད་ཐུབ་ཀྱིན་ཡོད་ཞེས་ཟེར་གྱིན་འདུག་རུང་རང་རེའི་བོད་ཀྱི་གཟུགས་ཚད་ནི་དེ་ལས་ལྡོག་ཏེ་ཇེ་ཆུང་དུ་སོང་འདུག འཛམ་གླིང་གི་ལོ་རྒྱུས་དང་ལྡོག་པ་རེད་འདུག དེ་ལ་དཔེ་ཞིག་བཞག་ན། དིང་སང་ང་ཚོ་བོད་ཀྱི་ཁྲོད་ན་མིའི་གཟུགས་ཚད་སྨི་གཉིས་ལས་བརྒལ་བ་ཧ་ཅང་ཉུང་། ཡོད་སྲིད་མོད། ངས་མཐོང་མ་མྱོང་། སྔོན་ཆད་ཡིན་ན་ཕལ་མོ་ཆེའི་གཟུགས་ཀྱི་རིང་ཚད་སྨི་གཉིས་རེད། དེ་གང་ལས་ཤེས་སམ་ཞེ་ན་ལྷ་ས་ན་རྡོབ་རྡོབ་ཟེར་བ་ཡོད་ནི་རེད། རྡོབ་རྡོབ་དང་རྡོབ་རྡོབ་སྐྱིད་སྡུག་ཟེར་བ།  དེ་ལས་ཀྱང་སེ་རའི་རྡོབ་རྡོབ་ནི་མིང་གྲགས་ཆེ། རྡོབ་རྡོབ་ཀྱི་རྟེན་གྲྭ་པ་ཡིན་རུང་རྡུང་རེས་བྱེད་མཁན་གྱི་མྱི་རྒོད་ཀྱི་གྲས་རེད། དགོན་པ་ནས་བདེ་སྲུང་གི་འགན་འཁུར་གྱིན་ཡོད། དགོན་པར་མཚོན་ན་དགོན་པའི་བདེ་སྲུང་ལས་ཁུངས་ཀྱི་ཚབ་ཡིན། དགོན་པའི་མགོར་སྐྱིད་སྡུག་གང་དང་གང་ཡོང་ན་ཁོ་ཚོ་ནི་སྲུང་སྐྱོབ་བྱེད་མཁན་རེད། མདོར་ན་དགོན་པར་བདེ་སྲུང་གི་ནུས་པ་ཐོན་གྱི་ཡོད་པ་ཞིག་རེད། དེ་དབྱིན་འགོག་དམག་འཁྲུག་སྐབས་ལྷ་སར་ཡོང་མཁན་གྱི་ཕྱི་གླིང་བ་ཞིག་གིས་ཟིན་ཐོར་བཀོད་འདུག ཟིན་ཐོ་དེ་ངས་དེ་ལོ་འགའི་སྔོན་ལ་བཀླགས་མྱོང་། རྩོམ་དེའི་ནང་ན་རྡོབ་རྡོབ་ཚོའི་གཟུགས་ཀྱི་རིང་ཚད་དབྱིན་ཁྲུའི་སྟེང་བྲིས་འདུག ངས་དེ་སྨི་ལ་ཕབ་ཡིན། སྨི་ལ་ཕབ་དུས་སྨི་གཉིས་ཚེག་བཞི་ཡོད་འདུག དོན་ནི་ལྷ་སའི་རྡོབ་རྡོབ་ཚོའི་ཆ་སྙོམས་ཀྱི་གཟུགས་ཚད་སྨི་གཉིས་གྲངས་ཆུང་བཞི་རེད་ཅེས་པ་དེ་རེད། དེང་སྐབས་མའི་གཟུགས་ཚད་དེ་འདྲ་ཡོད་རྒྱུ་མ་རེད། དེ་ད་དུང་ཆ་སྙོམས་ཀྱི་གཟུགས་ཚད་རེད། དེའི་ནང་ན་དེ་ལས་རིང་བ་ཡང་ཡོད་པ་རེད། འདི་ནི་མི་གཅིག་གཉིས་ཙམ་མ་ཡིན་པར་གཟུགས་ཚད་དེ་འདྲའི་མི་མང་བའི་རྟགས་རེད། དེ་དུས་ལྷ་སར་རྒྱ་ལོའི་སྨོན་ལམ་གྱི་སྐབས་རྡོབ་རྡོབ་ཚོས་རྩལ་སྟོན་པ་ད་ལྟའི་ལུས་རྩལ་འགྲན་ཚོགས་ལྟ་བུ་རེད། དེར་གྲྭ་ས་སེ་འབྲས་དགེ་གསུམ་གཙོས་དགོན་པ་སོ་སོ་ནས་རྡོབ་རྡོབ་ཚོ་ལུས་རྩལ་པའི་འཐུས་ཚབ་ཏུ་མངགས་པའི་སྲོལ་འདུག་པར་མཆོངས་རྒྱུགས་འཕེན་གསུམ་ཡོད་ལ། དེ་ནས་གཅིག་ནི་སྦེ་ག་འགྲན་པ་རེད། སྦེ་ག་འགྲན་པ་ཟེར་བ་ནི་འཇུ་རེས་བྱེད་པའི་དོན་རེད། ༼མདོ་སྨད་ལྟ་བུར་མཚོན་ན་བླ་བྲང་ན་རྡོབ་རྡོབ་ཡོད་པ་རེད། གཞན་དུ་ངས་མི་ཤེས ༽ དེ་དུས་དུས་རབས་བཅུ་དགུ་བའི་དུས་མཇུག་ཙམ་རེད། དེའི་སྐབས་རྭ་སྒྲེང་ན་མགར་བུ་ཟེར་བའི་རྡོབ་རྡོབ་ཅིག་ཡོད་པ་ཨ་ལགས་དུང་དཀར་ནས་གསུངས་འདུག དེའི་གཟུགས་ཀྱི་རིང་ཚད་བཤད་མེད་རུང་གཟུགས་ཚད་ཧ་ལས་པ་ཡིན་པ་ཧ་གོ་ཐུབ། དེ་དུས་འཇུ་རེས་བྱེད་དུས་རྭ་སྒྲེང་གིས་མགར་བུ་ཡར་མངགས་པ་རེད། དེའི་སྐབས་ཀྱི་ལུས་རྩལ་པའི་ལམ་གླ་དང་ཟ་མ་ནི་བོད་སྲིད་གཞུང་སྟེ་དགའ་ལྡན་ཕོ་བྲང་གིས་འགན་ཁུར་གྱིན་ཡོད་པས། མགར་བུར་ཉིན་གཅིག་ལ་ཟ་མ་ཇི་ཙམ་ཟ་ཞེས་དྲིས་པར། ངས་ཉིན་གཅིག་ལ་རྩམ་པ་རྒྱ་མ་ཉེར་བརྒྱད་དང་ལུག་ཤ་བཞི་ལིང་གཅིག་ཟ་ཞེས་བཤད། དེ་ཁོའི་ཉིན་གཅིག་གི་ཟ་མའི་ཟ་ཚད་རེད། རྩམ་པ་རྒྱ་མ་ཉི་ཤུ་རྩ་བརྒྱད་ཡིན་ན་ཕལ་ཆེར་རྩྭ་སྒྱེ་གང་ཡོད་རྒྱུ་རེད། དེ་དུས་ཁོང་འཇུ་ཐེངས་གཅིག་གིས་འཇུ་ཡ་རྡོབ་རྡོབ་དེའི་རྐེད་པ་བཅག་པས། རྗེས་ནས་བཟུང་འཇུ་རེ་བྱེད་དུས་རྭ་སྒྲེང་གིས་རྡོབ་རྡོབ་གཏོང་མི་དགོས་པའི་ཐག་བཅད། རྒྱུ་མཚན་ནི་རྭ་སྒྲེང་གིས་རྗེས་མར་ཀྱང་མགར་བུ་མངགས་སྲིད་ལ་དེ་ཐུབ་མཁན་མེད་པས་དམིགས་གསལ་བྱིན། དེ་ནས་ཁོ་ཕྱིར་ཐོན་རྗེས་སྔོན་ཆད་དགོན་པའི་ནང་གི་ཆ་རྐྱེན་ཤིན་ཏུ་ཞན་པས་འགྱེད་སོགས་གཏོང་སྐབས་དགོན་པའི་སྤྱིར་བཏང་གི་གྲྭ་བ་ལས་ལྷག་པའི་སྐལ་བགོས་རུང་ད་དུང་ལྟོ་བ་འགྲངས་ཐབས་མ་བྱུང་། ཡང་དེའི་སྐབས་ཀྱི་རྡོབ་རྡོབ་ཀྱིས་གྲྭ་ལྭ་གོན་ཡོད་རུང་དམིགས་གསལ་ཡིན་པས་མི་གསོད་པ་དང་འཕྲོག་བཅོམ་བྱེད་པ་སོགས་ཀྱི་ལས་བྱེད་དུ་འགྱུར། དེ་བས་ཁོ་ནམ་རྒྱུན་ར་ལུག་བརྐུ་རུ་སོང་། འོན་ཀྱང་ཁོས་དགོན་པའི་ཐག་ཉེ་ནས་མི་བརྐུ་བར་རྒྱང་རིང་གི་ལུང་བའི་ཕུ་དང་མདའ་གཉིས་སུ་འགྲོ་ཞིང་། ཕུ་རུ་འགྲོ་ཁར་དེ་ན་རྡོ་ཕ་བོང་ཆེན་པོ་རྒྱ་མ་ཉིས་བརྒྱ་ལྷག་ཅན་ད་ལྟའང་ཡོད་པ་ད་ལྟ་མིང་དུ་མགར་བུའི་འགྱོག་རྡོ་ཟེར་བ་ཞིག་ཡོད་པ་དེ་ལམ་མདོར་འཇོག་ཅིང་། མདོ་རུ་འགྲོ་སྐབས་ལམ་གྱི་སྨད་དུ་འཇོག་པའི་སྲོལ་ཡོད་ཟེར། དེ་བས་ཚང་མས་རྡོ་དེ་ལ་བརྟེན་ནས་ཁོ་གང་ལ་བརྐུ་བྱེད་དུ་སོང་བ་གསལ་བོར་རྟོགས་ཐུབ་ཟེར། འོན་ཀྱང་རྡོ་དེ་ལྟར་འཇོག་དོན་གྱི་རྒྱུ་མཚན་ཅི་ཡིན་པ་ཧ་གོ་མ་སོང་། རྗེས་སུ་ཁོས་དེ་ལྟར་ནམ་རྒྱུན་རྐུ་མཚམས་མ་བཞག་པས་རྐྱེན་གྱིས་ཟེར་རུང་། དོན་ལ་ངས་བསམ་ན་ཁོ་ཚོ་རྭ་སྒྲེང་ནང་ཁུལ་དུ་དོན་རྐྱེན་ཞིག་བྱུང་བས་ཁོ་ཚོའི་ནང་འགལ་བ་ཞིག་བྱུང་བ་ལོས་ཡིན་སྙམ། དེ་ལྟར་ཁོ་གསོད་པར་བརྩམས་རུང་ཐད་ཀར་གསོད་རྩིས་བྱས་ན་མི་སྟོབས་ཆེན་ཡིན་ག་ལ་ནུས། ཐབས་གཞན་མེད་པར་དགོང་མོ་ལྐོག་ནས་ཁོ་གཉིད་པའི་གླགས་དང་བསྟུན་ཏེ་ཁང་བའི་ཀ་སྣེར་ཐག་པ་བརྒྱབ་སྟེ་ཁང་བ་བསྒྱེལ་ནས་བསད། བསད་རྗེས་ཡང་ཁོ་འདྲེ་རུ་སྐྱེས་ཡོད་ཚུལ་སོགས་ལབ་ཅིང་སྐྲག་ནས་དྲུག་ཅུ་རེ་བདུན་ལོའི་བར་རོ་དེར་བསྐྱུར། རེ་བདུན་ལོར་དེ་བསློགས་པས་མགོ་ལྐོག་གཙོས་རུས་པ་ནི་ཧ་ལས་པའི་ཆེན་པོ་ཞིག་རེད་ཟེར། སྤྱིར་དེ་དུས་ནི་མྱི་ཆེན་པོ་ཡོད་པའི་དུས་རབས་ཤིག་ཡིན་རུང་། དེ་དུས་ཀྱི་མྱི་ཚང་མ་ཡང་ཧ་ལས་འགྲོ་བ་ཞིག་རེད་ཟེར་འདུག ཡང་རྒྱལ་དབང་སྐུ་ཕྲེང་བདུན་པའི་རྣམ་ཐར་དུ་ཁོང་ཆབ་མདོའི་དགོན་པ་ཞིག་ཏུ་ཕེབས་དུས་དེ་ན་མྱི་ཆེན་པོ་ཞིག་ཡོད་པས་འདུ་ཁང་བཞེངས་སྐབས་དཀྱིལ་ཀ་རང་ཉིད་གཅིག་པུས་ཡར་འདེགས་ཐུབ་པ་ཞིག་ཡོད་ཚུལ་འཁོད་འདུག ཡང་རྒྱལ་དབང་སྐུ་ཕྲེང་དྲུག་པའི་རྣམ་ཐར་དུ་ཁོང་ཁམས་ཕྱོགས་སུ་ཕེབས་དུས་དེ་རུ་མྱི་ཆེན་པོ་ལག་པ་ཡར་བསྒྲེངས་ནས་ཁང་བ་ཉིས་ཐོག་གི་བྱ་འདབ་ཁར་འཇུ་ཐུབ་པ་ཞིག་ཡོད་ཚུལ་ཀྱང་འཁོད་འདུག་པ་དེ་དག་ནི་ང་ཚོའི་ལོ་རྒྱུས་བསྟན་བཅོས་ཁྲོད་འཁོད་པའི་དཔེ་མཚོན་ཙམ་ཞིག་རེད། འདི་ནི་ལག་སོན་བྱུང་བ་ཙམ་ལས་ད་དུང་དེ་ལས་ཀྱང་མང་པོ་ཡོད་སྲིད། འདིའི་སྟེང་ནས་ང་ཚོས་ཕྱིར་འདང་ཞིག་བརྒྱབ་ན་འདུས་སྲོང་མང་བོ་རྗེའི་སྐབས་སུ་བློན་འབངས་རྩལ་བོ་ཆེ་མི་བདུན་ཟེར་རྒྱུ་ཞིག་ཡོད་པ་དེའི་ཁྲོད་གླང་བོའི་ཕྲུ་གུ་ཐེག་ཐུབ་པ་དང་གཡག་གྲུས་མ་གཅིག་ཐེག་མཁན་དང་། མདའ་ཡིས་ཁྲ་ཡི་སྐེད་པ་གཅོད་མཁན་དང་། མདའ་རྒྱངས་གཅིག་གིས་མིག་རྒྱང་གསུམ་ལ་སྙེག་ཐུབ་མཁན་དང་། ཤྭ་བའི་རླིད་བུ་བྱེ་མས་བཀང་བ་གནམ་ལ་སྐོར་ཐུབ་པ་སྟེ་ཤྭ་པགས་ཀྱི་ནང་ཕྱེ་མ་གང་བཅུས་ནས་ཀླད་དུ་སྐོར་ཐུབ་པ། འབྲོང་ཐུར་ལ་རྒྱུག་པ་གྱེན་དུ་འགོག་ནུས་པ། རྟ་གཡང་དུ་མཆོངས་བ་གྱེན་དུ་འཐེན་ནུས་པ་སོགས་ཀྱི་རྩལ་ཅན་ཡོད་ཅེས་བཀོད་ཡོད་པ་དེ་ནི་སྒྲོ་བཏགས་དང་འུད་བརྗོད་སོགས་རྩ་བ་ནས་མིན་པ་རྗེས་ཀྱི་མྱི་དེ་དག་ལ་འདང་རྒྱབ་ན་གསལ་བོར་རྟོགས་ཐུབ། དེ་དག་ནི་ང་ཚོ་དང་རྒྱང་ཐག་རིང་བའི་རེ་ལོ་རྒྱུས་ཤིག་རེད། ཐག་ཉེ་བ་ཞིག་བཤད་ན། ང་བྱིས་པ་ཡིན་དུས་ངེད་ཚོའི་སྡེ་བར་མི་དེ་འདྲ་ཏག་ཏག་ཡོད། དེ་ལས་གཅིག་ནི་ང་དང་ཧ་ཅང་འགྲོགས་འདྲིས་ཡོད་པ་ཞིག་ཡིན། ངེད་གཉིས་ནམ་རྒྱུན་མཉམ་དུ་ཟོག་རྫིར་སོང་བ་ཡིན། ཁོའི་མིང་ལ་སེང་སངས་རྒྱས་ཟེར། ཁོ་སྤུན་གཉིས་ཡོད་པ་ལས་གཅིག་ལ་སེང་ཆེན་དང་གཅིག་ལ་སངས་རྒྱས་སེང་སྟུག་ཟེར། ཁོ་ཤེད་ཆེན་ཡིན་ཚུལ་ང་ཚོའི་སར་གྲགས་ཡོད་པས་ངས་ཁོ་ཤེད་ཆེ་བའི་ཚད་ཇི་ལྟ་བུ་ཡིན་ཚུལ་དྲིས་པའི་ལན་དུ། ཁོས་ཁོ་ལོ་བཅོ་བརྒྱད་སྐབས་སུ་གཙན་ཚ་རྫོང་ནས་ལམ་ལས་པས་སྡེ་བ་སོ་སོའི་ཤེད་ཆེན་རྩལ་ཅན་ཚང་མ་དེར་སོང་། དེ་དུས་ནི་ཁོའི་མི་ཚེའི་སྟེང་དུ་ཤེད་ཆེས་ཆེ་དུས་རེད་ཟེར། དེ་བས་སྐབས་དེར་ཁོ་ཤེད་ཆེན་ཡིན་ཚུལ་ས་གནས་སོ་སོར་གྲགས་པས། ཉིན་ཞིག་འབའ་མང་རའི་ཤེད་ཆེན་ཞིག་ཁོ་བཙལ་ནས་ཐོན་འདུག་ཟེར། སྔོན་ཆད་དེ་འདྲ་ཡིན་ནི་རེད། ཁྱོད་ཚོར་གསལ་ཆ་མེད་ན་ཐང་། ཤེད་ཆེན་ཞིག་ཡིན་ཕྱིན་གང་དུ་ཤེད་ཆེན་ཞིག་ཡོད་ན་དེ་བཙལ་ནས་འགྲན་སྡུར་བྱེད་དུ་འགྲོ་བ་རེད། དེ་ནས་ངུར་བའི་ཚུལ་གྱིས་གླང་བུ་དང་གཡག་དང་འདྲ་བར་ས་རྭ་བྱེད། དེ་དུས་ཉེ་སར་ཡོད་པ་རྣམས་འགྲན་རྩལ་ཡོད་ན་འགྱིང་ནས་འདུག་པ་དང་མེད་ན་འབྲོ་དགོས་པ་རེད། དགོན་པ་སོགས་མྱི་མང་འཚོག་ས་ནས་ཀྱང་དེ་བཞིན་རེད། མྱི་དཔའ་བོ་རྩལ་ཅན་ཡིན་ཟེར་བ་ཚོས་དགོན་པའི་སྐོར་ལམ་བཅད་ཅིང་བུ་བཟང་ན་སོང་ཟེར་ནས་སེམས་ཅན་སྐོར་བར་འགྲོ་རུ་མི་འཇུག་པར་བྱེད་པའི་སྲོལ་ཡོད། དེ་ནས་ཁོས་ལུང་བའི་མཐིལ་ནས་ས་ལྕགས་ཁེམ་རེ་རེ་བཞིན་ཡར་འཕེན་བཞིན་པའི་དུས་སུ་མྱི་ཤེད་ཆེན་གཟུགས་ཀྱང་ཧ་ཅང་ཆེ་བ་དེ་ཐོན་ནས་ལུང་བའི་ཁ་ནས་མར་བལྟས་འདུག་པས། སྤྱིར་སེང་སྟུག་ཁོ་ཡང་གཟུགས་ཧ་ཅང་ཆེན་པོ་རེད་དེ། རྒས་པའི་ཚེ་ཡང་ཕྲག་ཞེང་གྱི་ཆེ་ཆུང་ལ་ད་ལྟའི་ངའི་ཕྲག་ཞེང་ལྟ་བུ་གཉིས་ཙམ་ཡོད་འདུག ཁོས་ཀྱང་དེ་མུར་གོང་གི་མྱི་དེར་རྩལ་ཞིག་སྟོན་དགོས་བསམ་ནས་རང་གི་ལས་ཀ་ལས་རོགས་དེ་ལྕགས་ཁེམ་གྱི་སྟེང་ལ་འབུད་དུ་བཅུག་ནས་གཡུག་ཐེངས་གཅིག་གིས་གད་པའི་ཁར་གཡུག་པས་མི་གཞན་པ་དེ་ཡང་ཕྱིར་བཀྱེད་ནས་བུད་སོང་ཟེར། ད་དུང་ཁོ་གསར་བུའི་སྐབས་གཡག་ཆུང་ཐག་པས་མ་བཀྱིགས་པར་ལག་པ་གཉིས་དང་རྐང་བ་གཉིས་སོ་སོར་ལག་པས་བསྡམས་ཤིང་གཉའ་ལ་འཁུར་ནས་འགྲོ་ཐུབ་ཅིང་གཡག་འཕག་ཙམ་ཡང་བྱེད་མི་ཐུབ་ཅེས་ཀུན་གྱིས་བཤད། འདི་ནི་ངས་མི་གཅིག་ཙམ་དཔེར་བཀོད་པ་ཡིན། དེ་འགོད་དོན་ང་ཚོའི་རྒྱུད་རྒྱུ་ལ་འཕོ་འགྱུར་བྱུང་མིན་གསལ་བོར་རྟོགས་ཆེད་དུའོ།། འདི་ལས་འཕོ་འགྱུར་ཅི་བྱུང་ཡོད་པ་གསལ་བོར་ཤེས་ཐུབ་སྟེ། ཁོས་དེ་དུས་ད་དུང་རྒྱུན་པར་ཁྱོད་ཚོའི་སྐབས་ཀྱི་མྱི་འདི་ཚོར་ཤེད་མེད་པ་ལས་ཁོའི་སྐབས་སུ་ཁོ་ལ་ཤེད་ཆེན་པོ་ཡོད་ཅེས་སྡེ་བའི་ནང་དུ་མིང་ཙམ་ཡོད་པ་ལས་དོན་དུ་ཤེད་ཁོ་དང་ཕལ་ཆེར་མཉམ་པའི་སྡེ་མི་ནི་ཤིན་ཏུ་མང་པོ་ཡོད་པར་མ་ཟད་ཤེད་ཚད་ཁོ་དང་མཉམ་པ་གཅིག་ཀྱང་ཡོད་ཅེས་བཤད་པ་འདི་ལོ་རྒྱུས་དང་ཚན་རིག་གི་ངོས་ཐད་ནས་རྒྱུད་རྒྱུ་ཐོལ་འགྱུར་བྱ་བ་དེ་ཡིན་འདུག འདིའི་འབྱུང་རྐྱེན་ནི་སྣ་མང་པོ་ཞིག་ཡོད་རུང་གཙོ་བོ་ནི་འཚོ་བ་དང་ལོ་རྒྱུས་དོན་རྐྱེན་གཉིས་ལ་རག་ལས་ཏེ། འཚོ་བའི་ཐད་ནས་སྔོན་གྱི་སྤྱི་ཚོགས་སུ་རྒྱས་ཟ་རྒྱས་འཐུང་བྱེད་རྒྱུ་མེད་རུང་། འཚོ་བའི་བཅུད་ནི་ཅུང་འཛོམས་པོ་ཡོད་ལ། ནས་ཕྱེ་དང་སྲན་ཕྱེ་སོགས་མང་ཆེ་བའི་བཟའ་བྱ་ཡིན་པ་གང་དེ།  ཁོར་ཡུག་གང་ནས་སྐྱེས་པའི་སྐྱེ་དངོས་དེ་ཁོར་ཡུག་དེའི་མི་ལ་འཚམ་པ་རེད། དཔེར་ན་འུ་ཚོ་ནི་གྲང་ཁུལ་ན་མེད་རུང་གྲང་བའི་ས་ཁུལ་ཏུ་གཏོགས་པས་ཚ་བའི་ས་ཁུལ་གྱི་ཟས་མི་འཕྲོད་ཅིང་། གྲང་བའི་ས་ཁུལ་གྱི་ཟ་མ་ཡང་ཚ་བའི་ས་ཁུལ་གྱི་མིར་མི་འཕྲོད་དེ། དཔེར་ན་འུ་ཚོས་འབྲོང་ཤ་ཁྱེར་ནས་སོང་སྟེ་རྒྱ་གར་ནས་བཟས་ན་ཕུང་བོར་མནར་བར་འགྱུར་བ་ནང་བཞིན་རེད། དེའི་རྐྱེན་གྱིས་སྔོན་ཆད་འབྲས་ཟ་ན་དེའི་ནང་ཤ་དང་མར་ལ་སོག་པ་བསྲེས་ནས་བཟའ་བ་ལས་འབྲས་ཆན་རྐྱང་ཟ་བར་མི་བྱེད་ཀྱང་། དེང་སྐབས་འབྲས་རྐྱང་ནང་ལྡུམ་རིགས་ཤིག་སྦྱར་ནས་ཟ་བར་བྱེད་པ་འདིས་རྒྱུད་རྒྱུ་ཐོལ་འགྱུར་མི་འབྱུང་རང་འབྱུང་ཡིན་ནོ། ། དེ་བཞིན་དུ་ད་ལྟ་བོད་རང་གི་སྔོན་གྱི་ཟས་རིགས་རྩམ་པ་ཉུང་ཙམ་ལས། ནས་ཕྱེ་དང་སྲན་ཕྱེ་སོགས་རྩ་བ་ནས་ཟ་བཞིན་མེད་པ་འདི་ལུས་སྟོབས་དར་བར་མི་འགྱུར་བའི་རྒྱུ་ཡིན། རྒྱུ་མཚན་ནི་ས་གང་ནས་སྐྱེས་པའི་སྐྱེ་དངོས་དེ་ས་དེའི་མིར་འཕྲོད་ཅིང་ལུས་སྟོབས་དར་བར་བྱེད་ལ་ཁོར་ཡུག་གཞན་གྱི་མི་ལ་མི་འཕྲོད་ཅིང་གནོད་པར་བྱེད་དོ། ། ང་ཚོས་ནམ་རྒྱུན་ཕྱོགས་ཞེན་ཙམ་གྱིས་བོད་རང་གི་ཟས་བཟས་ན་བཟང་ལུགས་བཤད་ཀྱིན་ཡོད་པ་ལས་ལོ་རྒྱུས་དང་ཚན་རིག་གི་ཐད་ནས་འདིར་ངེས་པ་འབྱུང་གིན་མེད། དོན་ལ་འདི་ནི་རྒྱུད་རྒྱུ་འཕོ་འགྱུར་གྱི་གནད་ལ་ཐུག་པའི་དོན་གལ་ཆེན་ཞིག་ཡིན་ནོ། ། སྔོན་ཆད་ཀྱི་བོད་མི་ཡིན་ན་དཔའ་ཞིང་མཛངས་ལ། ང་བརྒྱད་སྔོན་ལ་བོད་ཚོའི་རིག་པ་དྭངས་ཤིང་ཡིད་འཛིན་གྱི་ནུས་པ་ནི་འཛམ་གླིང་གི་ཁྱོན་ན་ཀུན་ལས་འཕགས་པ་ཡིན་ཚུལ་ཕྱི་གླིང་གི་རྒྱུ་འགྲུལ་བ་ཚོའི་རེག་ཟིག་ཏུ་བཀོད་ཡོད་པ་དེ་བཞིན། སྐབས་དེར་གྲྭ་བའི་ཁྲོད་དུ་བཀའ་བསྟན་གཉིས་ཀར་བློ་རྒྱུགས་སྤྲད་མྱོང་མཁན་ཡང་མང་པོ་ཡོད་པ་གཅིག་དགུ་ཉི་ཤུ་ཡས་མས་སུ་ལྷ་ས་ནས་དགེ་བཤེས་གཉིས་ཀྱིས་བཀའ་བསྟན་ཤར་སེ་བློ་ནས་བཏོན་པ་དེ་བཞིན་རེད་ཅེས་ཐོས། དེ་ངོ་མ་ཡང་ཡིན་སྲིད། འདི་དང་བསྡུར་ནས་བལྟས་ན་ད་གཟོད་དེང་སང་ཡིད་འཛིན་གྱི་ནུས་པ་ཞན་ཅིང་། གཟུགས་ཆུང་བ།  མིག་གིས་མི་རིག་པ་སོགས་ཀྱི་སྐྱེས་ལུགས་ཐད་ཀྱི་འགྱུར་ལྡོག་འདི་དག་ཐམས་ཅད་ནི་མཐར་གཏུགས་ན་རྒྱུད་རྒྱུ་ཐོལ་འགྱུར་བྱུང་བར་རག་ལས་ཡོད་པ་དང་། འདི་དག་ནི་སོ་སོའི་རྒྱུད་རྒྱུའི་སྟེང་ཐད་ཀར་མངོན་ཐུབ་པ་ཞིག་ཡིན་ན་གད་པའི་ཁ་ཆད་པ་ལྟར་ཉིན་བཞིན་འགྲིབ་ཀྱིན་ཡོད་པ་མཐོང་སྲིད་ངེས་རེད། གནའ་མི་ཚོར་མཚོན་ན་ལོ་རྒས་ནས་མིག་གིས་མི་མཐོང་བ་ཡོད་རུང་ཁྱོད་ཚོའི་ལོ་ཚོད་འདི་ནས་མིག་གིས་མི་མཐོང་བ་ནི་ཡེ་ནས་ཡོད་པ་མ་རེད། རིག་སྟོབས་ཀྱང་དེ་བཞིན་རེད། འདིར་ངེས་པ་བྱུང་ན་ད་གཟོད་ང་ཚོས་འདི་ལས་སྐྱོབ་པའི་ཐབས་ཅི་ཡོད་ལ་བསམ་གཞིག་གཏོང་དགོས་ཀྱི་རེད། དེ་ལས་ལྡོག་དེ་སྔར་བཞིན་མགྱོགས་ཐུག་དང་འབྲས་སྐྱ། ལྡུམ་བུ་སོགས་ཟའམ། དེང་སྐབས་ཤ་མ་ཟ་ཞེས་འབོད་སྐུལ་གཏོང་གིན་འདུག ད་ཤ་མི་ཟ་ན་ལྡུམ་བུའི་རིགས་ཟ་དགོས་པ་རེད་དམ། འདི་ནི་རིགས་ཀྱི་རབས་ཆད་པའི་ཉེན་ཁར་ཐུག་པའི་སྐབས་སུ་ལོ་རྒྱུས་ཀྱིས་ང་ཚོར་བཏོན་པའི་དྲི་བ་ཆེན་པོ་ཞིག་རེད། མདོར་ན་རྒྱུད་རྒྱུ་ཐོལ་འགྱུར་ཞེས་པའི་གནད་དོན་འདིར་ཚང་མས་འདང་རྒྱག་དགོས་འདུག་ཟེར་བ་དེ་ཡིན།

དེ་ནས་འཆར་ཡན་ཟེར་བ་དེ་རེད། འདི་ནི་ཐ་སྙད་རང་ངོས་ནས་རྩོམ་རིག་གི་ཐ་སྙད་ཅིག་རེད། འུ་ཅག་མི་རིགས་ཀྱི་ལོ་རྒྱུས་ཁྲོད་ན་འཆར་ཡན་གྱི་རྐྱེན་གྱིས་དོན་ཆེན་བརླགས་པ་མང་པོ་འདུག  དེ་མང་པོ་བཤད་མི་དགོས་ཏེ། ཐང་ཡིག་གསར་རྙིང་ཙམ་བཀླགས་པས་ཀྱང་ཧ་གོ་ཡོང་། ཐང་ཡིག་གསར་རྙིང་དུ་འཁོད་པའི་བོད་དང་རྒྱའི་བར་རམ་ཡང་ན་མི་རིགས་གཞན་ལ་གཡུལ་འགྱེད་བྱས་པའི་ཁྲོད་ཕམ་ཁ་ཉོས་པ་ནི་རེ་ཟུང་ལས་མེད། དེ་ལས་ཕལ་ཆེ་བ་མཚན་མོར་གཡུལ་ཕམ་བྱུང་བ་རེད། མཚན་མོར་ཕམ་དོན་ཅི་ཡིན་ཞེ་ན། མཚན་མོར་ཆང་འཐུང་། གླུ་བླངས། བྲོ་འཁྲབ་ཅིང་ཕྱིའི་དགྲ་ལ་དོགས་ཟོན་ཡེ་ནས་མ་བྱས་པར། མཚན་མོར་སྒར་ཐོག་ཏུ་རྒྱུག་པས་གཅིག་སྟེང་དུ་གཅིག་བསྒྱེལ་ནས་བྲོས་ཞེས་པའི་དོན་དག་དེ་བྱུང་བ་རེད། དེ་ནི་འཆར་ཡན་ལས་བྱུང་བའི་མི་རིགས་ཀྱི་ལོ་རྒྱུས་སྟེང་གི་གས་ཁ་ཞིག་རེད། འོ་ན་ད་སྐབས་འདི་འདྲའི་དོན་དག་ཡོད་དམ་མེད། ཇ་ཁང་དང་ཆང་ཁང་སོགས་སུ་ཇ་ཆང་བག་མེད་དུ་སྤྱད་ནས་བསྡད་ཡོད་དམ་མེད། བཟི་བའི་མོད་ལ་རྒྱ་སྲང་སོགས་སུ་ཉལ་ནས་བསྡད་ཡོད་དམ་མེད་ཅེས་པ་དེ་ནི་འདིའི་སྐབས་ཀྱི་འཆར་ཡན་བྱ་བ་དེ་དང་འབྲེལ་བ་རེད།

 

དེ་ནས་སེམས་དཔངས་བྱ་བ་དེ་རེད། དེ་ནི་གོང་ནས་ཞུས་ཟིན་པའི་རྒྱུད་རྒྱུ་དང་ཡང་འབྲེལ་བ་ཡོད་པ་ཞིག་རེད། སྔོན་ཆད་ཀྱི་བོད་མིར་མཚོན་ན་ཚང་མ་སེམས་དཔངས་མཐོན་པོ་རེད། དེའི་དོན་ནི་རང་བཞིན་གྱིས་ང་རྒྱལ་དང་བློ་སྤོབས་ཆེ་སྟེ། དིང་སང་ཆང་བཏུང་ནས་བཟི་རྗེས་ང་དགའ་རོགས་དང་འགལ་སོང་ཞེས་ངུ་བར་བྱེད་ཅིང་དོན་དག་ཕྲན་བུ་ཞིག་ལ་འཕྲད་ཚེ་གནམ་ལྡིང་ས་ལྡིང་བྱེད་པ་དེ་ལྟ་བུ་མ་རེད། དེ་ལྟར་བྱེད་མིན་ནི་ཕར་དེད་ན་སེམས་དཔངས་ལ་རག་ལས་པ་རེད། སེམས་དཔངས་ཞེས་པའི་ཐ་སྙད་འདི་ཐད་ཀར་རྒྱ་ཡིག་ལ་བསྒྱུར་ན་སྙན་མོ་ཞིག་མིན་པས་སྐབས་སུ་མི་བཤད་པར་བྱ། གོང་སྨྲས་ནི་མི་སྒེར་གྱི་སེམས་དཔངས་ལ་གཞོལ་ཆེ་བ་ཞིག་རེད། མི་རིགས་ཀྱི་སེམས་དཔངས་ཡང་དེ་བཞིན་ཧ་ཅང་གཙོ་ཆེ་བ་ཞིག་ཡིན་པ་གང་། དེང་སྐབས་དམའ་བའི་མཐིལ་དུ་སོན་འདུག འདི་གཤེར་གཟུགས་ཀྱི་དྲོད་ཚད་ཅིག་ཡིན་པའི་ཆ་བཞག་ན་དེང་སྐབས་ཆབ་རོམ་གྱི་རྣམ་པའི་ཏུའུ་ཐིག་ལེ་རེད། འདི་ནས་མར་ཆག་ན་འཁྱགས་རོམ་ཆགས་པ་ལས་ཐབས་གཞན་མེད་པའི་ཚད་རེད། འདས་སོང་གི་ལོ་རྒྱུས་ལ་ཕྱིར་ལྟ་ཞིག་བྱས་ན་ཡང་སེམས་དཔངས་ཀྱི་གལ་ཆེ་ཚུལ་ཕྱོགས་མང་པོ་ཞིག་ནས་མཐོང་ཐུབ་སྟེ། དཔེར་ན་ཡོ་རོབ་གླིང་རྒྱ་བསྐྱེད་ཀྱི་དུས་སུ་ཡོ་རོབ་གླིང་གི་བཙན་རྒྱལ་ཚོས་རང་གི་མི་སེར་སྤེལ་ཡུལ་ཀྱི་དབང་བསྒྱུར་སྟབས་བདེ་དང་སྲ་བརྟན་ཡོང་ཆེད། མི་སེལ་སྤེལ་ཡུལ་དུ་སློབ་གྲྭ་བཙུགས་ཤིང་།  དེའི་བྱིས་པ་ཚོར་ཁྱོད་ཚོའི་རིག་གནས་ནི་གདོལ་བར་གྱུར་བའི་རྗེས་ལུས་ཀྱི་རིག་གནས་ཡིན་པས་ཁོ་ཚོའི་སྔོན་ཐོན་གྱི་རིག་གནས་དང་ལག་རྩལ། སྤྱི་ཚོགས་ཀྱི་སྒྲིག་གཞི་སོགས་ལ་སློབ་སྦྱོང་བྱས་ན་ལེགས་ཚུལ་གྱི་སློབ་གསོ་གང་མང་བཏང་བས། བྱིས་པ་ཚོ་ནར་སོན་རྗེས་དེ་བདེན་སྙམ་སྟེ་རང་གི་རིག་གནས་དོར་ནས་གཞན་སྦྱང་བར་བྱས་པའི་ལོ་རྒྱུས་ཀྱི་སྐྱོ་གར་མང་པོ་ཞིག་འཁྲབ་ཡོད་པ་རེད། འདི་མི་སེར་སྤེལ་ཡུལ་གྱི་རྒྱལ་ཁབ་སོ་སོའི་ལོ་རྒྱུས་སྟེང་དུ་བྱུང་མྱོང་ཡོད་དེ།  རྒྱ་གར་ཡང་དེ་བཞིན་རེད། སྔོན་ཆད་དབྱིན་ཇིས་བཙན་འཛུལ་བྱས་རྗེས་སློབ་གྲྭ་མང་པོ་བཙུགས་ནས་རྒྱུན་པར་རྒྱ་གར་གྱི་རིག་གནས་ནི་རྗེས་ལུས་ཡིན་ཚུལ་བཤད་པས། ལོ་ཆུང་ཁྲོད་ནས་རྒྱ་གར་གྱི་རིག་གནས་ནི་ངོ་མ་རྗེས་ལུས་ཡིན་པར་འདོད་མཁན་མང་པོ་བྱུང་པར་རྗེ་ཀུན་དགའ་རོལ་མཆོག་ལྟ་བུའི་རྒྱ་གར་གྱི་མཁས་པ་ཚོས་རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་ལ་ལོ་ཆུང་ཚོའི་བློ་ངོ་དང་འཚམ་པའི་འགྲེལ་བཤད་གསར་བ་བསྐྱོན་པས་མོད་ལ་རྒྱ་གར་ལ་ཡང་ཕྱི་ལས་མི་དམན་ཞིང་གཞན་ལ་ངོ་གནོང་མི་དགོས་པའི་རིག་གནས་ཤིག་ཡོད་པ་རིམ་བཞིན་ཧ་གོ་བ་སྔོན་དུ་སོང་བའི་བསམ་བློའི་རྨང་གཞི་སྟེང་ནས་ད་གཟོད་རྒྱ་གར་ལ་རང་བཙན་ཐོབ་པ་དེ་བཞིན་རེད། མདོར་དེད་ན་རྒྱ་གར་གྱི་མཁས་པ་ཚོས་རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་དང་དེའི་རིན་ཐང་ལ་འགྲེལ་བཤད་གསར་བ་བརྒྱབ་ནས་ལོ་ཆུང་ཚོའི་སེམས་དཔངས་བསྟད་པ་རེད། དེ་བས་ལོ་རྒྱུས་བཀླགས་སྐབས་ངེས་པར་སེམས་དཔངས་བྱ་བ་འདིར་མཉམ་འཇོག་དགོས། ཐ་སྙད་ཙམ་ལ་མཉམ་ཞོག་ཟེར་བ་མིན་ཏེ་དོན་ལ་མཉམ་ཞོག་ཟེར་བ་ཡིན།

དེ་ནས་རང་མཆོག་འཛིན་བྱ་བ་དེ་རེད།  ལོ་རྒྱུས་ཁྲོད་རང་ལྟ་མཆོག་འཛིན་ཟེར་བ་ཞིག་ཡོད་པ་རེད། དེ་ནི་རང་ཉིད་ཀྱི་རིག་གནས་དང་རང་ཉིད་ནི་ལྟེ་བ་ཡིན་པ་ལས་གཞན་པ་ནི་ཅི་ཡང་མིན་པར་སེམས་མཁན་དེ་རེད། དེ་ཡང་ཉེན་ཁ་ཅན་གྱི་དོན་དག་ཅིག་རེད། ཐ་མར་གཞན་གྱི་མངའ་འོག་ཚུད་སྤྱད་ཅིག་ཀྱང་རེད། འཛམ་གླིང་སྟེང་གི་བཙན་རྒྱལ་ཞིག་འཇིག་པའི་རྒྱུ་རྐྱེན་སྣ་མང་གི་ཁྲོད་དུ་ནམ་རྒྱུན་འདིས་ཆ་གཅིག་ཟིན་ཡོད་པ་རེད། མདོར་ན་རང་གི་རིག་གནས་ཁོ་ན་གཙིགས་སུ་བཟུང་ནས་གཞན་གྱི་རིག་གནས་ཁྱད་གསོད་བྱེད་པ་དེ་རེད། ཀྲུང་གོའི་ལོ་རྒྱུས་སྟེང་དུ་ཡང་འདི་ལྟ་བུའི་དོན་རྐྱེན་བྱུང་ཡོད་པ། དཔེར་ན་མན་ཛུའི་རྒྱལ་རབས་ལྟ་བུ་རེད། རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་དམག་གིས་ཁོ་ཚོར་བཙན་འཛུལ་མ་བྱས་སྔོན་དུ་ཁོ་ཚོར་ཚན་རྩལ་ནང་འདྲེན་དང་ལག་རྩལ་དར་རྒྱས་སུ་གཏོང་བའི་གོ་སྐབས་བྱུང་ཡོད་པ་རེད། འོན་ཀྱང་གོ་སྐབས་དེ་དམ་འཛིན་མ་བྱས་པ་རེད། དེ་དམ་འཛིན་མི་བྱེད་དོན་ནི་མན་ཛུ་ནི་རིག་གནས་ཀྱི་ཐད་ནས་རྒྱ་ནག་རིག་གནས་ཀྱི་ཆར་གཏོགས་པ་རེད། འོན་ཀྱང་རིགས་ཀྱི་ཆ་ནས་མི་རིགས་གཞན་རེད།  དེ་བཞིན་རྒྱའི་ལོ་རྒྱུས་སྟེང་དུ་ཡོན་རྒྱལ་རབས་འཛུགས་མཁན་སོག་རིགས་དང་ཐང་རྒྱལ་རབས་འཛུགས་མཁན་ཀྱང་མི་རིགས་གཞན་རེད། དེ་ལྟར་མན་ཇུ་ལྟ་བུར་མཚོན་ན་རིག་གནས་ཀྱི་ཐད་ནས་རྒྱ་ནག་རིག་གནས་ཀྱི་ཆར་གཏོགས་པས་ཀུན་སྤྱོད་ཀྱི་ཐད་ནས་ཏའོ་ལུགས་དང་རིག་གནས་ཀྱི་ཐད་ནས་བཞུ་ལུགས། ཆོས་ལུགས་ལ་ནང་ཆོས་བཅས་གཞུང་མ་ལག་ཕུན་སུམ་ཚོགས་པའི་རིག་གནས་ཤིག་ཡོད་པར་བརྟེན་ནས་ནུབ་གླིང་གི་རིག་གནས་གསར་བ་ཅི་ཡང་མ་རེད་ཅེས་དང་ལེན་མ་བྱས་པས། མེ་རྫས་ལྟ་བུར་མཚོན་ནའང་ཐོག་མར་རྒྱ་ནག་གིས་གསར་གཏོད་བྱས་པ་ཡིན་རུང་ལོ་སྟོང་ཕྲག་ཙམ་གྱི་རིང་ལ་ཤོག་སྦག་གི་རྒྱུ་ཆ་ཙམ་དུ་བཀོལ་ནས་དུས་འདའ་བས་མཐར་ཕྱི་གླིང་བས་དེ་བཀོལ་ནས་མདེལ་སྒྱོགས་སོགས་བཟོས་ནས་ཀྲུང་གོའི་རྒྱ་སྒོ་བཙན་གྱིས་ཕྱེས་དུས་མགོ་མི་སྒུར་ཐབས་མེད་བྱུང་བ་རེད། འདི་ལྟ་བུ་བོད་ཀྱི་ལོ་རྒྱུས་སྟེང་དུ་ཡང་བྱུང་མྱོང་བས་ལོ་རྒྱུས་དོན་གཉེར་ཅན་ཀུན་གྱིས་མཉམ་འཇོག་པར་ཞུ། དེ་བཞིན་འཛམ་གླིང་གི་བཙན་རྒྱལ་ཆེན་མོ་གང་ཞིག་ཡིན་རུང་མཐར་འཇིག་ན་འཇིག་པའི་རྒྱུ་རྐྱེན་གཅིག་ནི་རང་མཆོག་འཛིན་འདི་ཡིན་པར་ངེས། དཔེ་བཞག་ན་པའེ་ཀྲན་ཐེན་དང་ཨོ་སི་མན་ཐུར་ཁེ་བཙན་རྒྱལ་སོགས་ཀྱི་འཇིག་རྐྱེན་གྱི་གྲས་སུ་ཡང་འདི་ཡོད་དེ། ཨོ་སི་མན་དང་འབྲེལ་བའི་ལོ་རྒྱུས་གཏམ་རྒྱུད་ཅིག་བཤད་ན། དུས་རབས་བཅོ་བརྒྱད་པའི་མཇུག་ཏུ་དབྱིན་ཇིའི་གཞུང་ཚབ་པ་ཞིག་གིས་ཁོང་ཨོ་སི་མན་དུ་གཞུང་ཚབ་པ་བྱས་པའི་སྐབས་ཀྱི་ཟིན་ཐོ་བཀོད་ཡོད་པར་འཁོད་པ་འདི་ལྟར། སྐབས་དེའི་ཨོ་སི་མན་སྲིད་གཞུང་གིས་རང་གི་རིག་གནས་ལས་གཞན་པའི་དངོས་ལུགས་དང་རྫས་འགྱུར་རིག་པ་སོགས་ཅི་ལ་ཡང་མི་བརྩི་བར་མ་ཟད་དེ་དག་ལ་མཁས་པ་ཚོ་མཁས་པའི་གྲལ་དུ་ཡང་མི་བརྩི་བས། གཞུང་ཚབ་པས་བལྟས་ན་སྐབས་དེའི་ཨོ་སི་མན་སྲིད་གཞུང་གི་ལས་འཛིན་པ་རྣམས་ནི་ཡིག་རྨོངས་པ་རྐྱང་རྐྱང་ཡིན་འདུག་སྟེ།  ཁང་སི་ཐན་ཏེན་ན་དམག་དཔོན་ལྐོག་ཞར་ཞིག་ཡོད་པས་ཁྲོམ་ནས་ཕྱི་གླིང་གི་མགར་བ་ཤེལ་གྱིས་མིག་རིལ་གྱི་དོད་བཟོ་མཁན་ཞིག་གི་ལག་ནས་ཤེལ་གྱི་མིག་རིལ་གཅིག་ཉོས་ནས་ཕྱིར་སོང་ནས་སྤྲད་རུང་ཤེལ་རིལ་གྱིས་མཐོང་རྒྱུར་ཕན་པ་མ་བྱུང་པས།  མགར་བའི་སར་ཡོང་ནས་ཚོང་ཟོག་རྫུན་མ་འདིར་མཐོང་བའི་ནུས་པ་མེད་ཅེས་མགར་བ་ལ་གཅར་རྡུང་ཚད་མེད་ཅིག་བྱས་པས། མགར་བས་ངས་ཁྱོད་ལ་མཐོང་ཐུབ་པར་བྱེད་པའི་མིག་གི་ཤེལ་རིལ་དགོས་པ་མ་ཤེས་པས་སྔོན་མར་དེའི་ནུས་པ་མེད་པའི་ཤེལ་རིལ་བཙོང་བ་ཡིན། གལ་ཏེ་ཁྱོད་ལ་མཐོང་ཐུབ་པའི་མིག་གི་ཤེལ་རིལ་དགོས་ན་རིན་གོང་སྔོན་མ་དེའི་ལྡབ་གཅིག་ཡིན་ལ། ཁྱོས་སྔོན་ལ་སྒོར་མོ་སྤྲོད་དང་ཉིན་འགའི་རྗེས་ནས་འགྲུབ་ཐུབ་ཞེས་བཤད་པས། དམག་དཔོན་གྱིས་དེ་མུར་དངུལ་སྤྲད་ནས་ཕྱིར་བུད་སོང་། ཤུལ་དུ་མགར་བས་སྒོར་མོ་དང་ཅ་དངོས་རྣམས་ཁྱེར་ཏེ་ས་གཞན་དུ་བྲོས། དེ་ལྟར་ཁོ་ནི་དམག་དཔོན་ཆེན་པོ་ཞིག་ཡིན་པ་ལ་ཤེས་རྒྱ་ནི་དེ་འདྲའི་དམན་པའི་ཚད་དུ་སླེབས་ཡོད་རུང་ད་དུང་རང་ལྟ་མཆོག་འཛིན་གྱི་དབང་དུ་སོང་ནས་ལུས་ཡོད་པ་དེ་བཞིན་རེད།  དེ་ལྟར་ལོ་རྒྱུས་སྟེང་དུ་རང་ལྟ་མཆོག་འཛིན་ནི་ཧ་ཅང་ཉེན་ཁ་ཆེ་བའི་དོན་དག་ཅིག་ཡིན་པས་ཚང་མས་མཉམ་འཇོག་དགོས་པ་རེད།

དེ་ནས་རང་ཁ་རང་གསོ་རེད། སྤྱིར་རང་ཁ་རང་གསོ་ནི་ལེགས་པའི་ཆ་རེད་དེ། མི་རིགས་ཚང་མ་རང་ཁ་རང་གསོ་བྱས་ནས་ཡོང་བ་རེད། སྤྱི་ལོ་ཆིག་སྟོང་ལྔ་བརྒྱ་ཡས་མས་ནས་མགོ་ཚུགས་ཏེ་ཨོ་རོབ་གླིང་རྒྱ་བསྐྱེད་ཀྱི་མགོ་ཚུགས་ཤིང་གཅིག་དགུ་བཅུ་བཞི་ཡས་མས་སུ་སླེབས་དུས་ནུབ་ཕྱོགས་ཀྱིས་འཛམ་བུ་གླིང་ལ་དབང་བསྒྱུར་བའི་སྒྲོམ་གཞི་དེ་ཡོངས་སུ་ཆགས་ནས་དབང་མཛད་ཀྱི་གོ་གནས་སུ་སོན་ཟིན་པ་རེད། ནུབ་གླིང་ལ་མཚོན་ན་སྤྱི་ལོ་ཆིག་སྟོང་ལྔ་བརྒྱའི་ཡར་སྔོན་དུ་ཤིན་ཏུ་དབུལ་ཞིང་རང་ཁ་རང་གསོ་བྱེད་མི་ཐུབ་པས་རྗེས་སུ་མི་སེར་སྤེལ་ཡུལ་བཙུགས་ནས་རིམ་བཞིན་ཕྱུག་པོ་ཆགས་པ་རེད། དཔེ་བཞག་ན་བྲན་ནག་གི་ཚོང་ལྟ་བུ་རེད། སྤྱིར་ཧྥེ་གླིང་ནི་ས་རྒྱ་ཆེ་ཞིང་སྐབས་དེར་ཚོ་བའི་རྣམ་པར་ཆགས་ཡོད་པས་ཚོ་བ་སོ་སོས་རང་གི་འབངས་དང་ཡང་ན་ཚོ་བ་གཞན་ལ་འཐབ་འཁྲུག་བྱས་པ་ལས་བཟུང་བའི་བྲན་རིགས་རྣམས་མཚོ་ཁར་ཁྱེར་ཡོང་ནས་ཡོ་རོབ་གླིང་གི་ཚོང་བ་ཚོའི་ཐོན་རྫས་ལ་བརྗེས་ཤིང་། ཡོ་རོབ་གླིང་གི་མི་ཚོས་བྲན་ནག་དེ་དག་ཁྱེར་ནས་མེ་གླིང་བྱང་མའི་འདེབས་གསོ་ར་བའི་མ་བཅོས་རྒྱུ་ཆ་དང་བརྗེས་ཤིང་དེ་ཕྱིར་ཁྱེར་ནས་ཨོ་རོབ་གླིང་དུ་ཡོང་ནས་སྔར་བཞིན་ཐོན་རྫས་གསར་བ་བཟོས་ཤིང་ཡང་མི་ནག་ཉོས་ནས་ཚོང་ཟོག་འཁོར་རྒྱུག་གི་ཟུར་གསུམ་རིས་ཤིག་གྲུབ་ཡོད་པ་དེ་ཏག་ཏག་དུས་རབས་བཞི་སྟེ་ལོ་ངོ་བཞི་བརྒྱའི་རིང་ལ་རྒྱུན་མ་ཆད་པ་དེ་ལྟ་བུ་རེད། ལོ་རྒྱུས་དོན་རྐྱེན་འདི་ནི་རང་ཁ་རང་གསོ་བྱེད་མ་ཐུབ་པ་རྐྱེན་བྱས་པའི་རྨང་གཞིའི་སྟེང་དུ་བྱུང་བ་ཡིན་ལ། སྐབས་དེར་ཏག་ཏག་རང་ཁ་རང་གསོ་བྱེད་ཐུབ་པའི་མི་རིགས་ཀུན་ནི་རྗེས་སུ་ལུས་ཤིང་དེ་ལས་ལྡོག་སྟེ་རང་ཁ་རང་གསོ་བྱེད་མི་ཐུབ་པའི་མི་རིགས་ནི་སྔོན་ཐོན་དུ་གྱུར་བ་རེད། འདིའི་རིགས་པས་ཕྱིར་བོད་ཀྱི་ལོ་རྒྱུས་ལ་བསམ་གཞིག་ཅིག་བཏང་ན་བོད་ནི་རང་ཁ་རང་གསོ་ཐུབ་མཁན་རེད། སྤྱིར་བོད་ནི་འབྲོག་པའི་མི་རིགས་རེད། དེ་བས་ང་ཚོས་འབྲོག་པའི་ཅ་ལག་ཚོའི་གྲས་སུ་བལྟས་ན་རྒྱ་དཀར་ནག་སོགས་མི་རིགས་གཞན་ནས་ཁྱེར་ཡོང་བའི་ཅ་ལག་ནི་ཡོད་དམ།  མེད་དེ་དེ་ནི་བོད་རང་ངོས་ནས་རང་ཁ་རང་གསོ་ཐུབ་པའི་རྟགས་རེད། འོན་ཀྱང་འཛམ་གླིང་ལོ་རྒྱུས་ཀྱི་སྤྱི་འགྲོས་ནང་བཞིན་རང་ཁ་རང་གསོ་ཐུབ་པ་དེས་ཏག་ཏག་བོད་ཀྱི་འཕེལ་རྒྱས་ལ་གེགས་བྱས་ཡོད་པ་རེད།

དེ་ནས་ཚོང་བ་གྲལ་རིམ་རེད། སྤྱིར་རྒྱ་གར་གྱི་མི་རིགས་བཞི་སྟེ་དོན་ལ་སྤྱི་ཚོགས་ཀྱི་གྲལ་རིམ་བཞི་བོ་དེ་བཤད་སྐབས་བོད་ལ་བྲམ་ཟེའི་རིགས་ལས་གྲལ་རིམ་གཞན་པ་ཚང་མ་ཡོད་ཅེས་བཤད་ཀྱིན་ཡོད་པ་རེད། དེ་ན་རྒྱ་གར་ལྟ་བུར་མཚོན་ན་ཚོང་བ་གྲལ་རིམ་ནི་རྗེ་རིགས་ཀྱི་ཁོངས་སུ་ཡོད་པ་དང་སྤྱིར་འཛམ་གླིང་ལོ་རྒྱུས་སྟེང་དུ་ཚོང་བ་གྲལ་རིམ་བྱུང་བའི་དུས་ནི་དུས་རབས་བར་མའི་སྔོན་དེ་ཕལ་ཆེར་སྤྱི་ལོ་དུས་རབས་བརྒྱད་བརྒྱ་ཡས་མས་རེད། འདིར་མཉམ་འཇོག་དགོས་པ་ཞིག་ལ་སྐབས་འདིར་ཚོང་བ་གྲལ་རིམ་བྱུང་བ་ལས་ཚོང་བ་བྱུང་བ་རེད་ཅེས་པའི་དོན་མིན་ནོ། ། དེ་ན་མི་རིགས་ཤིག་མདུན་དུ་སྐྱོད་དགོས་ན་སྤྱི་ཚོགས་ཀྱི་གོ་གནས་དང་ཆབ་སྲིད་ཀྱི་དབང་ཆ་ཡོད་པའི་ཚོང་བ་གྲལ་རིམ་ནི་ཤིན་ཏུ་གལ་ཆེ་སྟེ་མི་རིགས་འཕེལ་རྒྱས་ལ་གདུང་འདེགས་ཀྱི་ནུས་པ་ཐོན་ཐུབ། དེའི་རྒྱུ་མཚན་ནི་ཚོང་པ་གྲལ་རིམ་ནི་འཛམ་གླིང་གི་ས་ཕྱོགས་ཀུན་ཏུ་ཚོང་གཉེར་བར་འགྲོ་དགོས་པས་གནས་ཚུལ་གསར་བ་དང་གཞན་གྱི་ལེགས་པའི་ཆ་ལེན་པའི་ཆ་རྐྱེན་གང་ལེགས་ཡོད་པས་ཡིན། ནུབ་གླིང་ལྟ་བུར་མཚོན་ན་འདི་ལྟ་བུའི་དབང་གོ་ས་ཉིས་ལྡན་གྱི་ཚོང་བ་གྲལ་རིམ་ཡོད་ལ་རྒྱ་ནག་ལ་ཚོང་བ་གྲལ་རིམ་ཡོད་རུང་དབང་དང་གོ་ས་མེད་པས་རྒྱའི་ལོ་རྒྱུས་སྟེང་དུ་ཚོང་བ་གྲལ་རིམ་གྱིས་སྤྱི་ཚོགས་བཅོས་བསྒྱུར་གྱི་རླབས་གང་ཡང་སློང་ཐུབ་མེད་དེ། བརྒྱ་ལ་ཡོད་ན་རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་དམག་གིས་རྒྱ་ནག་ལ་བཙན་འཛུལ་བྱེད་ཐུབ་པ་མ་རེད། དེ་ལྟར་ཚོང་བ་གྲལ་རིམ་ལ་སྲིད་གཞུང་ནང་དབང་ཆ་མེད་ན་སྲིད་གཞུང་གིས་སང་ཉིན་ནས་བཟུང་རྒྱ་མཚོའི་ནང་གྲུ་བཏང་ནས་ཚོང་ལ་འགྲོ་མི་ཆོག་ཞེས་བཀའ་བསྒྲགས་ན་ཐབས་མེད་པ་ནང་བཞིན་རེད། གལ་སྲིད་ཚོང་བ་གྲལ་རིལ་ལ་སྲིད་གཞུང་ནང་དབང་ཆ་ཡོད་ཚེ་དེ་འདྲའི་རང་ཉིད་ཀྱི་ཁེ་ཕན་ལ་གནོད་པའི་ཐག་གཅོད་བྱེད་མི་སྲིད་དེ། དཔེར་ན་དབྱིན་ཇིས་རྒྱ་གར་ལ་བཙན་འཛུལ་བྱས་རྗེས་རྒྱ་གར་དུ་རང་བཙན་གཙང་མ་བརྩོན་ལེན་བྱེད་མཁན་དང་རང་བཙན་མི་དགོས་པའི་ཕྱོགས་གཉིས་ཡོད་པ་ལས་རང་བཙན་མི་དགོས་པའི་ཕྱོགས་ཁག་ནི་ཚོང་བ་གྲལ་རིམ་སྟེ། ཁོ་ཚོ་དབྱིན་ཇི་དང་འབྲེལ་ནས་ཚོང་ཁེ་རེག་གིན་ཡོད་པས་དེ་ལྟར་རང་ཉིད་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་རེད། དེ་ལྟར་ཚོང་བ་གྲལ་རིམ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟོབས་ཤུགས་གལ་ཆེན་ཡིན་བཞིན་ང་ཚོའི་བོད་ལ་ཚོང་བ་གྲལ་རིམ་ཡོད་དམ་མེད། བསམ་བློ་གཏོང་རོགས།

དེ་ནས་སྐྱས་འཕོ་བ་རེད།  སྐྱས་འཕོ་བ་འདི་ལ་མི་སྐྱས་འཕོ་བ་དང་སྲོག་ཆགས་སྐྱས་འཕོ་བ་གཉིས་ཡོད་དེ། སྐྱས་འཕོ་བས་འཛམ་བུ་གླིང་གི་ལོ་རྒྱུས་ཡོངས་སུ་རྙོག་པ་རེད། ཏ་ཀ་མ་དང་མའེ་ཀྲི་ལོན། གྷི་ལོན་བྷོ་གསུམ་གྱི་མཚོ་ཀློང་གི་མཛད་རྗེས་དང་། མེ་གླིང་གསར་རྙེད་བཅས་ལ་བརྟེན་ནས་ཨོ་རོབ་གླིང་གི་མི་འབོར་ཆེན་ལ་ཏིང་མེ་གླིང་དུ་སྐྱས་འཕོས་པས་མེ་གླིང་ལྷོ་བྱང་གི་གདོལ་བའི་མི་རིགས་ཏེ་ཨིན་ཌེན་མི་རིགས་ཕལ་ཆེར་རབས་ཆད་ལ་ཁད་བྱས། ཁྱེད་ཚོས《与狼共舞》ཟེར་བའི་གློག་བརྙན་དེ་རུ་མཐོང་ཐུབ་པའི་འབྲོང་དེ་ཡང་ཕལ་ཆེར་རབས་ཆད་ལ་ཐུག སྐྱས་འཕོ་བ་འདི་ལས་དོན་དག་མང་པོ་ཞིག་འབྱུང་གི་ཡོད་པས་འཛམ་གླིང་ལོ་རྒྱུས་ཀྱི་ཆ་ཤས་གཅིག་ནི་སྐྱས་འཕོ་བ་འབའ་ཞིག་ལས་བྱུང་རེད།

དེ་ནས་ཤན་ཞེས་པ་དེ་རེད། ཤན་ཞེས་པ་ནི་མི་རིགས་ཤིག་གིས་མི་རིགས་ཤིག་ལ་ཐེབས་པའི་ཤན་དང་རྒྱལ་ཁབ་ཅིག་གིས་རྒྱལ་ཁབ་ཅིག་ལ་ཐེབས་པའི་ཤན་རེད།  དེ་ཧ་ཅང་གལ་ཆེན་པོ་རེད། གལ་ཆེ་ཚུལ་མདོར་བསྡུས་ནས་བཤད་ན་གོ་ལའི་ལོ་རྒྱུས་ཀྱི་དེབ་དེ་ལྟ་བུར་མཚོན་ན་ཡིག་འབྲུ་གཅིག་ཏུ་སྡུད་རུང་སྟེ། དེ་ནི་ཤན་རེད། དེའི་ནང་བཤད་ཀྱིན་པ་ནི་མི་རིགས་ཀྱིས་མི་རིགས་དང་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ལ་ཐེབས་པའི་ཤན་རེད། དེའི་མགོ་མཇུག་བར་གསུམ་དུ་མི་རིགས་ཤིག་གི་སྲིད་འབྱོར་རིག་གསུམ་གྱིས་མི་རིགས་གཞན་ཞིག་གི་སྲིད་འབྱོར་རིག་གསུམ་ལ་ཇི་ལྟར་ཤན་ཐེབས་པའི་ཚུལ་རེད། དེ་མ་ཤེས་ན་དེབ་དེའི་དོན་ལ་གོ་བ་འབྱུང་ཁག་པོ་ཡིན། དེའི་ནང་མི་རིགས་གཉིས་བར་གྱི་དོན་དག་བཤད་ཀྱིན་ཡོད་དུས་ཕལ་ཆེ་བ་དེ་ཡིན། དཔེར་ན་མི་སེར་སྤེལ་བའི་དོན་དག་ཡིན་ན་མི་སེར་སྤེལ་མཁན་གྱིས་མི་སེར་སྤེལ་ཡུལ་ལ་བཞག་པའི་ཤན་དང་མི་སེར་སྤེལ་ཡུལ་གྱིས་མི་སེར་སྤེལ་མཁན་ལ་ཕྱིན་པའི་ཤན་རེད།

༡༠

དེ་ནས་དོན་སྒོ་རེད། གྲུབ་འབྲས་དང་དོན་སྒོ་གཉིས་སོ་སོ་རེད། གྲུབ་འབྲས་བཟང་རུང་དོན་སྙིང་ནི་ཆེར་མེད་པའི་སྐབས་ཡོད་དེ། བོད་ཀྱི་ལོ་རྒྱུས་སྟེང་ནས་དཔེར་ན་རྒྱལ་དབང་ལྔ་བའི་སྐབས་སུ་སོག་པོའི་སྟོབས་ཤུགས་ལ་བརྟེན་ནས་བཀའ་བརྒྱུད་པ་ཕམ་པར་བྱས་ཤིང་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་པ་ལྟ་བུ་རེད། དེ་ནི་གྲུབ་འབྲས་ཡོད་ཀྱང་དོན་སྒོ་མི་ལེགས་པའི་དོན་ཞིག་རེད་དེ། རྒྱལ་དབང་ལྔ་བ་ཆེན་མོའི་ཚེ་མཇུག་ཏུ་ཡང་ཁོང་གིས་མི་ཚེའི་སྟེང་ནོར་འཁྲུལ་ཆེན་པོ་གཅིག་བཟོས་ཡོད་པ་ཡང་དེ་ཡིན་ཞེས་གསུངས་མྱོང་བར་གྲགས།

གོང་སྨྲས་འདི་བཅུ་བོ་ནི་ལོ་རྒྱུས་ལ་ལྟ་ཀློག་བྱེད་སྐབས་ངེས་པར་མཉམ་འཇོག་དགོས་པའི་ལྡེ་མིག་ལྟ་བུ་ཏག་ཏག་ཡིན་ཏེ། འདི་ནི་ངས་ལོ་རྒྱུས་རིག་པའི་གཞུང་ལས་ཐད་ཀར་དྲངས་ནས་འདིར་བཤད་པ་མ་ཡིན་པར། རང་ཉིད་ཀྱིས་དཔེ་ཀློག་དང་ལོ་རྒྱུས་ཞིབ་འཇུག་གི་གོ་རིམ་ཁྲོད་ནས་སྤྱི་བསྡོམས་བྱས་པ་ཡིན།

དེ་ནས་གསལ་འདེབས་རེད། དེའི་དང་པོ་གནས་བབས་ངེས་ཟིན་པ་སྟེ། དོན་ནི་ང་ཚོ་ཇི་ལྟ་བུའི་གནས་བབས་ཤིག་གི་འོག་ཏུ་ཡོད་པ་ངེས་ཟིན་དགོས་པ། དཔེར་ན་བོད་མི་རིགས་ཀྱི་ད་ལྟའི་གནས་བབས་ལྟ་བུར་མཚོན་ན་མི་མང་པོ་ཞིག་ལ་དགའ་བ་འཕེལ་བ་དང་སྐྱོ་བའི་སྣེ་གཉིས་ཀྱི་ངེས་ཟིན་ཙམ་ལས་མེད་དེ། ལ་ལས་ཤིན་ཏུ་བཟང་ཞེས་དགའ་བ་འཕེལ་བ་དང་འགའ་ཞིག་གིས་ཧ་ཅང་སྡུག་གོ་ཞེས་སྐྱོ་བ་ལས་ངེས་ཤེས་གསལ་བོ་མེད། འོན་ཀྱང་ལོ་རྒྱུས་ནང་འདི་ལ་འདང་རྒྱག་སྟངས་ཤིག་ཡོད་དེ། འུ་ཚོའི་མི་རིགས་འདི་གང་ལ་བརྟེན་ཡོད་ཅེ་ན། ཐག་ཆོད་པའི་སྐད་ཆ་གཅིག་སྨྲས་ན་དེ་ནི་རིག་གནས་ལ་བརྟེན་ནས་བསྡད་ཡོད་པ་དེ་རེད། དེ་བཞིན་ལོ་སུམ་སྟོང་གི་རྒྱ་ནག་རིག་གནས། རྟག་བརྟན་ཐེར་ཟུག་གི་རྒྱ་ནག་རིག་གནས། དུས་ནམ་ཡང་འགྱུར་དུ་མེད་པའི་རྒྱ་ནག་རིག་གནས། དེའི་ཤེད་ཤུགས་ནི་ཆུང་ཆུང་ཞིག་མ་རེད། མི་གྲངས་དུང་ཕྱིར་བཅུ་གསུམ་ཡོད་པ་རེད། འུ་ཚོའི་བོད་ལ་མི་གྲངས་ས་ཡ་བཞི་ཡང་ཟེར་ཞིང་དྲུག་ཀྱང་ཟེར་གྱིན་ཡོད་རུང་། ཀྲུང་གོའི་ནང་ཁུལ་དུ་ཡོད་པའི་མི་གྲངས་ས་ཡ་བཞི་ཙམ་ལས་མེད་པ་འདྲ། དེ་བས་འུ་ཚོ་ཤེས་རིག་ཁོ་ནར་བརྟེན་ནས་ཡོད་པ་རེད། མི་གྲངས་ཀྱི་ཐད་ནས་བཤད་ན་འུ་ཚོ་གྲངས་ཉུང་མི་རིགས་ཀྱི་གྲས་ནས་ཀྱང་ཉུང་ཤོས་རེད། འོན་ཀྱང་བྱིས་པ་ཚོ་ཕུད་པའི་རྒྱ་མི་ཕལ་མོ་ཆེའི་གྲས་ན་གྲངས་ཉུང་མི་མི་རིགས་གཞན་མི་ཤེས་རུང་ང་ཚོ་བོད་མི་ཤེས་མཁན་ཕལ་ཆེར་མེད་དམ་སྙམ། དེའི་རྒྱུ་མཚན་ནི་གཞན་མ་ཡིན་ཏེ། ཀྲུང་གོའི་གྲངས་ཉུང་མི་རིགས་ནང་ཁུལ་དུ་རྒྱ་ནག་རིག་གནས་དང་དོ་ཟླར་རུང་བའི་རིག་གནས་ནི་བོད་ཀྱི་རིག་གནས་ལས་མེད་པས་སོ། ། དེ་ལྟར་མི་གྲངས་ཀྱི་ཐད་ནས་ས་ཡ་དྲུག་ཙམ་ལས་མེད་པ་འདི་རྒྱའི་ལོ་རེའི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མའི་གྲངས་ཙམ་ཡང་མེད་དེ། རྒྱའི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མའི་གྲངས་ན་ནིང་ས་ཡ་དྲུག་དང་ད་ལོ་ས་ཡ་བརྒྱད་ཙམ་ལོན་ཡོད། དེ་ལྟར་མི་གྲངས་ཀྱི་ཆ་ནས་ཧ་ཅང་ཉུང་རུང་རིག་གནས་ཀྱི་ཆ་ནས་སྟོབས་ཆེན་གྱི་གྲལ་ཟིན་ཡོད་པ་རེད། འོན་ཀྱང་སྐབས་འདིར་བསམ་གཞིག་བྱེད་རྒྱུ་ཞིག་ལ་ཤེས་རིག་རླབས་པོ་ཆེ་འདི་བསྐྲུན་པ་དང་རྒྱུད་འཛིན་གོང་འཕེལ་བཅས་ཀྱི་ལས་རིམ་ཁྲོད་ཁྱོད་ཀྱི་སྐལ་ཡོད་དམ་མེད་ཅེས་པ་དེ་ཡིན། འདི་ནི་གནས་བབས་ངེས་ཟིན་དགོས་ཞེས་པའི་དོན་གྱི་འབབ་སྟེགས་ཡིན། དེ་ཤེས་ན་ད་གཟོད་གནས་བབས་ངོས་ཟིན་པ་རེད། དེ་མ་གཏོགས་ང་རིགས་རུས་ཀྱི་ཆ་ནས་རང་ཅག་གིས་སྟོབས་ལྡན་གྱི་གྲལ་ཟིན་པ་མ་རེད། དེ་ལྟར་ང་ཚོར་རིག་གནས་རླབས་པོ་ཆེ་ཞིག་ཡོད་པས་ད་གཟོད་ད་རུང་གཞན་གྱིས་གླགས་མ་རྙེད་པར་གོ་ལ་རིལ་མོ་འདིའི་སྟེང་འཚོ་གནས་བྱེད་ཐུབ་ཡོད་པ་རེད།

དེ་ནས་ཆོད་སེམས་དང་ཆིག་སྒྲིལ་ནི་གང་ལས་བྱུང་བ་ཡིན་ཞེས་པ་དེ་ཡིན། གཅིག་ནི་ངས་བལྟས་ན་རྒྱུད་རྒྱུ་ལས་བྱུང་བ་རེད། དེ་གོང་ནས་བཤད་ཟིན་པ་རེད། གཉིས་པ་ནི་རིག་གནས་སྟེང་ནས་བྱུང་དགོས་པ་རེད། གསུམ་པ་ནི་རྒྱུད་འཛིན་གྱི་སྟེང་ནས་བྱུང་དགོས་པ་རེད། དེ་ནས་ཆོད་སེམས་དང་ཆིག་སྒྲིལ་ནི་ཇི་ལྟ་བུ་ཞིག་རེད་ཟེར་ན། བོད་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་མང་པོ་ཞིག་ཡོད་རུང་དེ་རིང་དུས་ཚོད་ཀྱི་དབང་གིས་བཤད་ཁོམ་མི་འདུག བོད་བཙན་པོའི་རྒྱལ་རབས་ལྟ་བུར་མཚོན་ན་མཐུན་སྒྲིལ་ལ་གནོད་པའི་རྐྱེན་གཅིག་ནི་ཆང་རེད། དེང་སྐབས་ང་རང་ཉིད་ཀྱིས་ཆང་འཐུང་གིན་མེད་པས་དེ་འདྲ་ཡིན་མིན་མི་ཤེས། འོན་ཀྱང་སྔོན་ཆད་ངས་ཆང་འཐུང་གིན་ཡོད་དུས་ཆང་འཐུང་སྐབས་ནམ་རྒྱུན་མཐུན་སྒྲིལ་ཡོང་གིན་མེད་དེ། ཆང་འཐུང་ཚར་རྗེས་ཤེལ་དམ་བླངས་ནས་འཐུང་རོགས་ཀྱི་ངོར་གཏད་ནས་རྒྱག་པ་ལྟ་བུ། ཁྱོས་མི་ཟ་ན་ངས་མི་འཐུང་ཟེར་བའི་གྲོགས་ཡིན་རུང་ཆང་འཐུང་གྲངས་མང་ན་མཐར་མི་འཆམ་པ་རེད། འོན་ཀྱང་བོད་བཙན་པོའི་སྐབས་སུ་འདིའི་གནད་དོན་ལ་ཞིབ་འཇུག་བྱས་ནས་ཁྲིམས་ཀྱི་གྲས་སུ་བཀོད་ཡོད་དེ་བོད་ཀྱི་ཁྲིམས་ཆེན་བདུན་ཞེས་པའི་གྲས་སུ་ཆང་ལ་ཚོད་ཟིན་པ་ཞེས་བཀོད་འདུག དོན་ནི་ཆང་འཐུང་ན་ཚོད་ཟིན་དགོས་ལ་མ་ཟིན་ན་ཁྲིམས་འགལ་ཡིན་ཞེས་པའི་དོན་ཏེ། གལ་ཏེ་ཆང་འཐུང་རྗེས་ལག་འགུལ་བ་དང་གཞན་ལ་དམན་འབེབས་ཀྱི་ཚིག་སོགས་སྨྲས་ན་ནི་ཁྲིམས་འགལ་གྱི་གྲས་ཡིན། ཁྲིམས་འདི་ནི་བོད་བཙན་པོའི་དུས་སྐབས་སུ་ཚུགས་ཤིང་བོད་སིལ་བུར་འཐོར་རྗེས་རིམ་བཞིན་དམངས་སྲོལ་གྱི་རྣམ་པར་འཕོས་ནས་ལྔ་བཅུ་ང་བརྒྱད་གོང་རོལ་དུ་རྒྱུན་བསྐྱངས་འདུག དེ་ལྟ་བུའི་ཁྲིམས་བཟོས་པ་ལས་ཀྱང་བོད་བཙན་པའི་དུས་སུ་ཡང་མཐུན་སྒྲིལ་གཙིགས་སུ་འཛིན་པ་ཤེས་ཐུབ། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་སྟོབས་ཆེན་ཏུ་བསྐྱེད་དགོས་ན་ངེས་པར་མཐུན་སྒྲིལ་འཛིན་དགོས་ཏེ་བོད་ཀྱི་བློན་ཆེན་འཇིན་འཇིན་སྟེ་ཐང་གི་རྒྱལ་སར་སོང་ནས་རྒྱ་ཡིག་སྦྱངས་རྗེས་ཐང་བོད་བར་ཐེངས་མང་པོར་ཕོ་ཉར་སོང་མྱོང་མཁན་དེར། བོད་དང་གྲུ་གུ་གཉིས་འགྲིག་གིན་མེད་པའི་སྐབས་ཤིག་ལ་རྒྱ་ནག་གོང་མས་ཁྱོད་ཚོ་བོད་ནི་དེ་འདྲའི་སྟོབས་ཆེན་ཡིན་པའི་རྒྱུ་མཚན་ཅི་ཡིན་ཞེས་འདྲི་དུས་ལན་དུ་མང་པོ་ཞིག་གསུངས་ཡོད་རུང་ནང་དོན་གཙོ་བོ་ནི་དབུལ་ཕྱུག་ཐམས་ཅད་སེམས་མཐུན། གཅིག་གྲོགས་གཅིག་གིས་བྱེད་པས་ཡུན་རིང་རྒྱལ་ཁབ་སྟོབས་ཆེ་བའི་རྒྱུ་མཚན་དེ་ཡིན་ཞེས་གསུངས་འདུག་པ་ལས་གསལ་ཏེ། དབུལ་བོ་དང་ཕྱུག་པོ་གཉིས་ཀ་སེམས་མཐུན་ཞིང་། དབུལ་ཕྱུག་ནི་འགྲོགས་འདྲིས་ཀྱི་ཚད་གཞི་མིན་ལ། གཅིག་གྲོགས་གཅིག་གིས་བྱེད་དེ། དབུལ་བོ་འཚོ་གོས་ཀྱི་དཀའ་ངལ་ལ་ཐུག་ན་ཕྱུག་པོས་གྲོགས་བྱེད་ཅིང་ཕྱུག་པོ་མི་ཤི་རྟ་འགྱེད་ཀྱི་བྱུར་ཆགས་ལ་འཕྲད་ན་དབུལ་བོས་རོགས་བྱེད་པས་ཡུན་རིང་རྒྱལ་ཁབ་སྟོབས་ལྡན་ཡིན་པའི་རྒྱུ་མཚན་དེ་ཡིན་ཞེས་པའི་དོན་ཡིན། འདི་ནི་སྐབས་དེའི་ཆབ་སྲིད་པས་སྐབས་དེའི་དོན་དངོས་ལ་གཞིག་ནས་བཤད་པ་ལས་རྗེས་སུ་དཔྱད་པ་མ་ཡིན་པས་འདི་ནི་གལ་ཆེན་ཞིག་ཡིན་ཏེ། ང་ཚོར་གསལ་འདེབས་ཆེན་པོ་ཞིག་བྱེད་ཀྱིན་འདུག འདིའི་ཐད་ནས་རང་ཉིད་ལ་ལོ་རྒྱུས་དོན་རྐྱེན་མང་པོ་ཞིག་ལ་སྦྱར་ནས་བརྗོད་འདུན་ཡོད་རུང་དུས་ཚོད་ཀྱི་དབང་གིས་འདི་ཙམ་གྱིས་འཐུས་པར་བྱ།

དེ་ནས་ལྷག་བསམ་དང་ཁ་ལག་གོ་མཐུན་དུ་སྤྱོད་དགོས་པའི་རྒྱུ་མཚན་བྱ་བ་དེ་ཡིན། གཅིག་ནི་ལྷག་བསམ་དགོས་ཟེར་པའི་དོན་དང་། གཉིས་ནི་ཁ་ནས་བཤད་པ་ཙམ་གྱིས་མི་ཆོག་པར་ལག་ནས་ཀྱང་དེ་མཐུན་གྱི་སྦྱོར་བ་རྩོམ་དགོས་ཞེས་པའི་དོན་ཡིན། སྤྱིར་ལྷག་བསམ་ལྟ་བུར་མཚོན་ན་བཤད་རྒྱུ་ནི་ལས་སླ་བོ་ཞིག་སྟེ་ནམ་རྒྱུན་སློབ་ཁྲིད་ཀྱི་བྱ་བའི་ཁྲོད་དུ་ཡང་དགེ་རྒན་ཚོས་སློབ་མ་ཚོར་ལྷག་བསམ་དགོས་རབས་ལབ་ཀྱིན་ཡོད། འོན་ཀྱང་དོན་ལ་དེ་ལྟར་བསམ་གྱིན་ཡོད་མེད་ནི་མི་ཤེས་ཏེ། ང་རང་ཉིད་ལ་མཚོན་ན་ཡང་ནམ་རྒྱུན་སློབ་ཁྲིད་ཀྱི་བྱ་བའི་ཁྲོད་དུ་སློབ་བུ་ཚོར་དེ་ལྟར་བསྙད་པ་ཡིན་རུང་། རང་ཉིད་ཀྱིས་ཁ་ནས་དེ་ལྟར་བཤད་དུས་སེམས་ལ་དེ་ལྟར་དྲན་གྱིན་ཡོད་མེད་ལ་འདང་རེ་བརྒྱབ་ན་ལན་རེར་ཁ་ནས་དེ་ལྟར་བཤད་ཀྱིན་ཡོད་རུང་དོན་དངོས་སུ་སེམས་ལ་ཅང་ཤར་གྱིན་མེད་པ་རྟོགས། དེ་དང་སྦྱར་ནས་ཁ་ལག་གཉིས་གོ་མཐུན་དུ་སྤྱོད་དགོས་ཟེར་བ་དེ་ཡིན། འདི་བོད་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་དོན་ཆེན་ཞིག་ལ་སྦྱར་ན་བཀའ་ཡོ་གལ་འཆོས་པ་ལྟ་བུ་རེད། བཀའ་ཡོ་གལ་འཆོས་པ་ལྟ་བུར་མཚོན་ན་ལེགས་ན་རང་གི་དགྲ་བོའི་བུ་ཡིན་ཡང་བྱ་དགའ་སྟེར་བ་དང་ཉེས་ན་རང་གི་བུ་ཡིན་རུང་ཆད་པ་གཅོད་དགོས་ཀྱི་ཡོད། ངས་བལྟས་ན་འདི་ཧ་ཅང་ཁག་པའི་ལས་ཤིག་རེད། སྤྱིར་བློན་པོ་ལ་དབྱེ་བ་དགར་སྟངས་ཤིན་ཏུ་མང་པོ་ཞིག་ཡོད་དེ། ངའི་འདི་ནི་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་གི་དབྱེ་སྲོལ་ཡིན། དེར། བློན་པོ་ལ་དགོང་བློན་ཆེ་འབྲིང་ཆུང་གསུམ་དང་ནང་བློན་ཆེ་འབྲིང་ཆུང་གསུམ། བཀའ་ཡོ་གལ་འཆོས་པ་ཆེ་བ་དང་འབྲིང་བ། ཆུང་བ་གསུམ་དུ་དབྱེ་སྟེ། དགུའི་ནང་ནས་དགུང་བློན་གྱི་ལས་དོན་ནི་ཁྱོ་དང་འདྲ་བར་ཕྱི་རྒྱ་རླབས་ཀྱིས་གཅོད། ནང་བློན་གྱིས་བུད་མེད་མཛངས་མ་ལྟར་ཚིས་བྱེད། བཀའ་ཡོ་གལ་འཆོས་པས་ལེགས་ན་དགྲའི་བུས་ལེགས་ཀྱང་བྱ་དགའ་སྟེར། ཉེས་ན་རང་གི་བུས་ཉེས་ཀྱང་ཆད་པ་གཅོད་ཞེས་འཁོད་ཡོད་པ་རེད། དེ་ཧ་ཅང་ཁག་སྟེ། དེ་དངོས་སུ་དོན་འཁྱོལ་བྱུང་ཐུབ་ན་ལྷག་བསམ་དང་ཁ་ལག་ཁོ་མཐུན་དུ་སྤྱད་པ་རེད། ལྷག་བསམ་ཟེར་བ་སྐབས་འདིར་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་དོན་གཉེར་ཚུལ་སྟེང་ནས་འཇོག་པ་རེད། བོད་བཙན་པོའི་རྒྱལ་ཁབ་སྟོབས་ཆེ་བའི་རྒྱུ་མཚན་གཅིག་ཀྱང་འདི་ལ་རག་ལས་ཡོད་པ་རེད། སྤྱིར་ལྷག་བསམ་ཟེར་པ་འདི་ཁ་ལག་གཉིས་གོ་མཐུན་དུ་སྤྱོད་པ་ལས་ད་གཟོད་གབ་པ་མངོན་དུ་བྱུང་ཐུབ་པ་ཞིག་ཡིན་པ་ལས་ང་ལ་ལྷག་བསམ་ཡོད་དེ་ཁྱོད་ལ་མེད་ཅེས་ཁ་ནས་ཚིག་སྟོང་ལབ་པ་ཙམ་གྱིས་དོན་སྒོ་ཅང་མི་འབྱུང་ངོ་། ། དེ་བས་ཁ་ལག་གཉིས་གོ་མཐུན་དུ་སྤྱད་ན་ད་གཟོད་ལྷག་བསམ་རེད། འདིའི་སྐོར་ལ་བོད་བཙན་པོའི་རྒྱལ་རབས་སུ་དཔེར་རུང་བའི་ལོ་རྒྱུས་དོན་རྐྱེན་མང་པོའི་ཁྲོད་དུ་མིང་ཡང་བཞག་མེད་པའི་མི་སྣ་ལྷག་བསམ་ཅན་མང་པོ་ཡོད་དེ། དེ་ལས་གཅིག་བཀོད་ན། ཐང་ཡིག་རྙིང་མའི་ཀླེགས་བམ་བརྒྱ་དང་དོན་བཞི་བར་ལིས་ཏི་ཡིས་ཟེར་བའི་རྒྱའི་བློན་པོ་ཞིག་གི་ལོ་རྒྱུས་འཁོད་ཡོད་པའི་ནང་དུ་འདི་ལྟ་བུའི་ལོ་རྒྱུས་ཤིག་ཡོད། དེར་བྱེ་བྲག་གི་ལོ་ཚིགས་གསལ་བོར་མེད་རུང་ཞིབ་ཏུ་དཔག་ན༧༨༠གཡས་གཡོན་ཞིག་ལ་ཁེལ་ཏེ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནི་བོད་ཀྱི་རྒྱལ་རབས་རིམ་བྱོན་ནང་ནས་མངའ་ཐང་རྒྱ་བསྐྱེད་པ་ཆེས་ཆེ་བའི་སྐབས་ཡིན་རུང་།  བོད་དམག་གིས་རྒྱའི་ཀྲིག་རེ་རེ་བཞིན་བླངས་ནས་འགྲོ་དུས། ཝེ་ཀྲིག་མཁར་ཇི་ལྟར་བྱས་རུང་ཕབ་མ་ཐུབ་པས། བོད་དམག་གིས་ཐབས་ཇུས་འཐེན་ནས་སྐབས་དེའི་བོད་ཀྱི་བུད་མེད་ཅིག་རྒྱའི་མཁར་དཔོན་གྱི་ཆུང་མར་བྱིན། མོར་བུ་གཉིས་བཙས་པར་མོས་ཆུང་དུས་ནས་བུ་གཉིས་ལ་ངེད་ཅག་གི་རིགས་ནི་རྒྱ་མ་ཡིན་གྱི་མཁར་ཕྱི་ཡོད་པའི་བོད་ཡིན་ནོ་ཞེས་ཡང་ཡང་བརྣན། བུ་གཉིས་ནར་སོན་ནས་ལོ་ཉི་ཤུའི་རྗེས་ཀྱི་མཚན་མོ་ཞིག་ལ་མཁར་སྒོ་ཕྱེས་པས། སྔོན་ནས་གྲ་སྒྲིག་ཡོད་པའི་བོད་དམག་གིས་རྒྱག་ཐེངས་གཅིག་གིས་ཝེ་ཀྲིག་མཁར་བླངས། ལོ་རྒྱུས་ཁྲོད་མོའི་མིང་ཡང་འཁོད་མེད་རུང་རང་ཉིད་བློས་བཏང་ནས་མི་རིགས་ཀྱི་དོན་སྒྲུབ་པའི་ལས་འདི་ལྟ་བུ་ནི་ཁ་ལག་གོ་མཐུན་པའི་ལྷག་བསམ་གྱི་ལས་རེད།

དེ་ནས་ལོ་རྒྱུས་ཀློག་སྐབས་སྣང་འཇོག་བྱེད་དགོས་པའི་རིགས་ལས་དང་པོ་ནི། ངག་རྒྱུན་དང་ལྷ་སྒྲུང་གི་ཕག་ལ་འཆེལ་བའི་དོན་དངོས་རེད། ང་ཚོའི་སློབ་མ་མང་ཤོས་ཤིག་ལ་འདི་ལྟ་བུའི་གོམས་སྲོལ་ཞིག་ཡོད་དེ་ལོ་རྒྱུས་ཀྱི་ཁྲོད་དུ་ལྷ་སྒྲུང་ཅུང་ཟད་རེ་འདྲེས་ནས་ཡོད་ན་འདི་མི་བདེན་ནོ་ཞེས་འདོར་སྲིད།  འོན་ཀྱང་དོན་ལ་འདི་ནི་བསམ་གཞིག་བྱེད་རིན་ཡོད་པ་ཞིག་ཡིན་ཏེ། ལོ་རྒྱུས་མཁན་པོས་ཅིའི་ཕྱིར་དེ་ལྟར་བྲིས་པ་ཡིན་ནམ། དེ་ནི་ཁོས་སྐྱིད་མ་ཐེག་པར་བྲིས་པ་ཡིན་ནམ། ཡང་ན་ལབ་སྐྱ་ཡིན་པས་ཡིན་ནམ། མིན་ཏེ། ལོ་རྒྱུས་མཁན་པོས་དེ་ལྟར་འབྲི་དོན་ལ་རྒྱུན་པར་གནད་དོན་ཚབས་ཆེན་གཉིས་ཡོད་དེ། ཡང་ན་འབྲི་སྟབས་མི་བདེ་བ་དང་། ཡང་ན་དེའི་ཕུགས་སུ་དོན་གཞན་ཞིག་ཡོད། ནམ་རྒྱུན་གྱི་སློབ་ཁྲིད་ཀྱི་བྱ་བའི་ཁྲོད་ངས་ཀྱང་ལོ་རྒྱུས་ཀྱི་བློ་སྦྱོང་ཅུང་དམན་པའི་སློབ་གྲོགས་ཚོར་ལོ་རྒྱུས་འདི་ལྷ་སྒྲུང་དང་འདྲེས་ཡོད་པས་དོན་སྙིང་མི་ལྡན་ཞེས་བཤད་ཀྱིན་ཡོད་རུང་། ལོ་རྒྱུས་ཀྱི་བློ་སྦྱོང་ཆུ་ཚད་ཅུང་མཐོ་བའི་སློབ་གྲོགས་ཚོར་ཁྱོད་ཀྱིས་འདིར་དཔྱོད་དང་ཕག་ཏུ་དོན་གཞན་ཞིག་ཡོད་ངེས་ཞེས་བཤད་པ་ཡིན། བོད་ཀྱི་ལོ་རྒྱུས་ཁྲོད་དེ་ལྟ་བུའི་འབྲི་སྲོལ་ཤིན་ཏུ་མང་སྟེ། འདིར་དཔེ་ཞིག་བཀོད་ན་རྒྱལ་བོ་གྲི་གུམ་བཙན་པོའི་ལྷ་སྒྲུང་ལྟ་བུ་རེད། བློན་པོ་རུ་ལས་སྐྱེས་ལྟ་བུར་མཚོན་ན་རྒྱལ་བོ་གྲི་གུམ་བཙན་པོའི་སྲིང་མོའམ་ཡང་ན་བཙུན་མོ་གང་ལོ་ངམ་གྱིས་བཟུང་ནས་རྫི་བྱེད་དུ་བཅུག་ཡོད་པའི་དུས་སུ། རྨི་ལམ་དུ་ཡར་ལྷ་ཤམ་པོ་དང་དགའ་མགུར་སྤྱད་པ་ལས་སྐྱེས་ཞེས་བོན་ཀྱི་ལོ་རྒྱུས་བསྟན་བཅོས་དང་ཆོས་འབྱུང་མཁས་པའི་དགའ་སྟོན། ཏུན་ཧོང་གཏེར་ཡིག ངག་རྒྱུན་སོགས་སུ་གསལ་བ་དེ་ཁྱད་པར་ཕྲན་བུ་ཙམ་ལས་སྤྱིའི་དོན་གཅིག་ལ་འབབ་པ་ཞིག་རེད། འོ་ན་དེའི་ལོ་རྒྱུས་དེ་ལྟ་བུའི་ལྷ་སྒྲུང་གི་རྣམ་པར་འབྲི་དོན་ནི་ཅི་ཡིན་ནམ་ཞེ་ན། རུ་ལས་སྐྱེས་ནི་བོད་ཀྱི་མཛངས་མི་བདུན་གྱི་དང་པོ་དང་བོད་ཀྱི་རྒྱལ་རྒྱུད་ཀྱི་གདུང་གསོ་མཁན་ཡིན་པས་མཛད་རྗེས་ཧ་ཅང་ཆེ། འོན་ཀྱང་གལ་སྲིད་ལྷ་སྒྲུང་དེ་མེད་ན་རུ་ལས་སྐྱེས་ནི་ཕ་སུ་ཡིན་མི་ཤེས་པའི་ཐང་བུར་འགྱུར་སྲིད་པ་རེད། སྔོན་གྱི་མིས་ནི་རུས་རྒྱུད་ལ་ཧ་ཅང་གཙིགས་པས་བློན་པོ་རུ་ལས་སྐྱེས་ནི་ཐང་བུ་ཞིག་རེད་ཅེས་ན་འོས་འགབ་ཆེར་མེད་ཕྱིར་ཅིས་ཀྱང་བོད་བཙན་པོའི་གདུང་རྒྱུད་ལ་གཏུག་དགོས་བྱུང་བ་རེད། འོན་ཀྱང་སྐབས་དེར་གྲུ་གུམ་བཙན་པོ་བགྲོངས་ཟིན་པས་བོད་བཙན་པའི་གདུང་རྒྱུད་དངོས་ལ་གཏུག་ཐབས་བྲལ་བས། བོད་བཙན་པོའི་གདུང་རྒྱུད་ཀྱི་ཁུངས་དང་ལྷ་ཡར་ལྷ་ཤམ་པོའི་བུ་ཡིན་ཞེས། རུ་ལས་སྐྱེས་བོད་བཙན་པོའི་གདུང་རྒྱུད་ཡིན་པར་བསྒྲུབས་ཡོད། དེ་ལྟར་ལྷ་སྒྲུང་གཅིག་གིས་ལོ་རྒྱུས་ཀྱི་དོན་དེ་ཐག་གིས་བཅད་པ་རེད། དེ་ལྟར་ལོ་རྒྱུས་ཤིག་ལྷ་སྒྲུང་གི་རྣམ་པས་བྲིས་ཡོད་དུས་རྒྱུན་པར་དེའི་ཕག་ལ་གབ་པའི་དོན་དངོས་དང་རྒྱུ་རྐྱེན་མངོན་དུ་འབྱུང་རྒྱུ་ཞིག་ཡོད་སྲིད། བོད་ཀྱི་ལོ་རྒྱུས་རྩོམ་སྲོལ་དེ་ལྟ་བུའི་ཕུགས་ཀྱི་དོན་ལ་དེ་ལྟར་དཔྱད་ཤེས་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ།  ང་རང་ཉིད་ཆུང་དུས་ཡང་བོད་ཀྱི་ལོ་རྒྱུས་ལྷ་སྒྲུང་གི་རྣམ་པས་བྲིས་ཡོད་པས་དོན་མེད་རེད་སྙམ་རུང་ཕྱིས་སུ་ད་གཟོད་དེའི་ཆོས་ཉིད་རྟོགས།  ལོ་རྒྱུས་དེ་ལྟར་རྩོམ་པ་ལ་དགོས་པ་ཆེ་ཞིང་རྒྱུ་མཚན་ཡོད་ལ། དོན་སྙིང་ཡང་ཆེ།

དེ་ནས་མིང་ཙམ་ལ་བརྟེན་ནས་ཕྱིས་སུ་སྦྱར་བའི་བྱུང་བ་ཞེས་པ་དེ་ཡིན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་ལྟ་བུར་མཚོན་ན་ཡིག་ཐོག་ཏུ་ལོ་རྒྱུས་བསྟན་བཅོས་མེད་ལ། ངག་རྒྱུན་ལས་མིང་ཙམ་ལས་མ་ལྷག་པས་ཕྱིས་སུ་མིང་དེ་དག་ལ་དཔྱད་ནས་གྲོག་མཁར་ཞེས་པ་གྲོག་མའི་མཁར་དང་རྐང་མིག་ཞེས་པ་ཚུལ་ཁྲིམས་སྲུང་ཕྱིར་མིག་རྐང་མཐིལ་ལ་ཕབ་སྟེ་ཞེས་བྲིས་ཡོད་པ་སོགས་ནི་ནོར་ཡོད་དེ། རྒྱུ་མཚན་ནི་དེ་དག་སྔོན་གྱི་ལོ་རྒྱུས་འཇིག་པས་ཕྱིས་སུ་ལྷག་པའི་མིང་ཙམ་ལ་གཞིགས་ནས་བཏགས་པ་ཡིན་ཞེས་གསུངས་ཡོད་པ་དེ་བཞིན། བོད་ཀྱི་ལོ་རྒྱུས་སྟེང་དུ་ཡང་དེ་ལྟར་བསྒྲིགས་པའི་ལོ་རྒྱུས་མང་པོ་ཞིག་ཡོད་དེ། དཔེར་ན་གཉའ་བ་ལ་ཁྲི་བྱས་པས་གཉའ་ཁྲི་བཙན་པོའི་ལོ་རྒྱུས་དང་། ཡང་འོད་སྲུང་ནི་མཚན་མོར་མར་མེའི་འོད་ལ་བརྟེན་ནས་སྲུང་བས་ན་འོད་སྲུང་ཐོགས་པ་དང་ཡུམ་གྱི་བཀའ་བརྟན་དུ་ཆུགས་ཞེས་པས་ཡུམ་བརྟན་ཐོགས་པ་ལྟ་བུ་ཕྱིས་སུ་མིང་ཙམ་ལ་བརྟེན་ནས་བསྒྲིགས་པ་ཡིན་པ་བོད་ཀྱི་ལོ་རྒྱུས་མཁས་པ་ཚོས་ཀྱང་མཁྱེན་ཡོད་དེ། དཔའ་བོ་གཙུག་ལག་ཕྲེང་བ་སོགས་མཁས་པ་མང་པོས་གསུངས་ཡོད་པར་མ་ཟད། སྟག་བྲག་ངག་དབང་རྣམ་རྒྱལ་གྱིས་ད་དུང་དེ་ནི་འོད་སྲུང་ཕྱོགས་ཁག་ཚོས་བྲིས་པ་རེད་ཅེས་གསུངས་འདུག དེ་ལས་མིང་ཙམ་ལ་བརྟེན་ནས་ལོ་རྒྱུས་ཕྱིས་སུ་སྦྱར་བ་མང་པོ་ཞིག་ཡོད་པ་རྟོགས་ཐུབ། དེ་ནི་བོད་གཅིག་པུ་མ་ཡིན་པར་མི་རིགས་གཞན་གྱི་ལོ་རྒྱུས་ལ་ཡང་ཡོད། ལྷག་པར་དུ་ས་གནས་ལོ་རྒྱུས་ཞིབ་འཇུག་བྱེད་པར་གནད་དོན་འདིའི་རིགས་ཧ་ཅང་མང་། འདིའི་རིགས་དཔྱད་པ་མ་བྱས་པར་ཡང་དག་པར་མཐོང་ནས་ལོ་རྒྱུས་སུ་བཀོད་ན་ནོར་འཁྲུལ་ཆེན་པོ་འབྱུང་སྲིད་དེ། དཔེར་ན་བཀྲ་ལུང་ཞེས་པ་སྔོན་ས་འདིའི་གཞི་འཛིན་གྱི་དང་པོ་བཀྲ་ཤིས་ཞེས་པའི་རྒད་པོ་ཞིག་ཡིན་ཞེས་མ་དཔྱད་པར་ལོ་རྒྱུས་སུ་བཀོད་པ་ལྟ་བུ། འོན་ཀྱང་དེ་ནོར་འཁྲུལ་ཡིན་སྲིད་དེ། དེ་ནི་གྲ་མ་ལུང་བ་ཡིན་ཀྱང་སྲིད། ཡུལ་དངོས་སུ་སོང་ནས་དཔྱད་ན་གྲ་མ་མོད་པོ་མཐོང་ཀྱང་སྲིད་པ་ལྟ་བུའོ། ། དེ་ནི་ལོ་རྒྱུས་ལ་དཔྱད་པའི་ཐབས་ལམ་རེད། མིང་ཙམ་ལ་བརྟེན་ནས་ཕྱིས་སུ་བྱུང་བ་ཟེར་བ་དེ་རེད།

དེ་ནས་དང་པོའི་གོ་བབ་དང་ཚན་རིག་གི་གྲུབ་དོན་རེད། འདིའི་དོན་ནི་བོད་ཀྱི་ལོ་རྒྱུས་བསྟན་བཅོས་སུ་གཏན་འཁེལ་བྱས་ཡོད་པ་དང་རྗེས་སུ་ཚན་རིག་གིས་དཔྱད་པ་གཉིས་གཞི་གཅིག་ཏུ་མ་ཁེལ་བ་སྟེ། དཔེར་ན་ངས་བསམ་ན་མཛངས་མི་བདུན་གྱི་མཛད་རྗེས་དག་ཀྱང་ལོ་རྒྱུས་མཛད་པ་པོས་ཐོག་དང་པོ་ཞེས་བྲིས་ཡོད་རུང་། དོན་ལ་ཐོག་དང་པོ་མ་རེད་བསམ། རྒྱུ་མཚན་ནི་ཚན་རིག་གིས་ཞིབ་མོར་དཔྱད་ན་ཐོག་དང་པོ་ཡིན་མི་སྲིད་དེ། རྨོན་པ་དོར་དུ་བསྡེབས་པ་དང་ཕུ་ཆུ་ཡུར་ལ་དྲངས་པའི་སྲོལ་ཡང་འདི་ནས་བྱུང་ཞེས་འཁོད་ཡོད་རུང་དོན་ལ་དེ་མ་ཡིན་བསམ་ཏེ། དཔེར་ན་རྩི་ཤིང་གི་རིགས་ནི་རྩི་ཤིང་རིགས་ཀ་བ་དང་རྩི་ཤིང་རིགས་ཁ་བ་གཉིས་རང་བྱུང་ཀྱིས་སྡེབ་ལས་ག་བ་བྱུང་བ་ཡིན་ཏེ། སྐྱེ་དངོས་རིག་པར་ཅུང་སྦྱངས་ན་ཧ་གོ་གི་རེད། རོང་ཕྱོགས་ལ་མཚོན་ན་ད་ལྟ་ཡང་སྡོང་བོ་རིགས་གཉིས་བསྡེབས་པ་ལས་སིལ་ཏོག་ཕུང་བོ་གསུམ་པ་ཞིག་འབྱུང་གིན་ཡོད་པ་དེ་བཞིན་རེད། དེ་ནི་མིས་བསྡེབས་པ་རེད། ནས་ལྟ་བུར་མཚོན་ན་ཡང་དེ་ལྟར་བྱུང་བ་རེད། ཚན་རིག་གི་དཔྱད་འབྲས་ལྟར་ན་དེ་ལྟར་བསྡེབས་ཏེ་བྱུང་ནས་ལོ་གྲངས་ཁྲི་ཆིག་སྟོང་བདུན་བརྒྱ་ལྷག་འགོར་ཡོད་པ་དང་བོད་ཀྱིས་ནས་བཏབ་ནས་ཉུང་མཐའ་ཡང་ལོ་བཞི་སྟོང་འགོར་ཡོད་པ་རེད། ༼འདི་ལ་ཡང་ལོ་གྲངས་དུ་མའི་སྔ་ཕྱི་ཡོད་རུང་ནོར་བ་ཆེར་མེད་དོ༽འདི་དང་ལོ་རྒྱུས་བསྟན་བཅོས་སུ་བཀོད་པ་གཉིས་བསྡུར་ན་འདང་རྒྱག་རྒྱུ་ཆེར་ཡོད་དེ། དེ་བཞིན་དུ་འདུས་སྲོང་གི་དུས་སུ་བྱ་ཞིག་གིས་ཇ་ཁྱེར་ནས་ཡོང་བའི་གཏམ་རྒྱུད་ལ་བརྟེན་ནས་འདུས་སྲོང་གི་དུས་སུ་བོད་ལ་ཇ་ཐོག་མར་བྱུང་བ་ཐག་གིས་བཅད་ཡོད་རུང་། ད་ལོར་སྟོད་མངའ་རིས་གུར་གྱམ་དགོན་ནས་བུད་པའི་གནའ་ཤུལ་གྱི་ཁྲོད་དུ་ཇ་ལོག་གཅིག་བྱུང་བ་དེ་ལོ་ཆིག་སྟོང་བརྒྱད་བརྒྱའི་སྔོན་གྱི་ཡིན་པར་ཐག་བཅད་པ་དེ་འདུས་སྲོང་གི་དུས་ལས་ཕལ་ཆེར་ལོ་ལྔ་བརྒྱ་ལྷག་གིས་སྔ་བ་ཡོད་པ་རེད། དེ་ནི་ད་སྔར་བོད་ཀྱི་གནའ་ཤུལ་ནས་བྱུང་བའི་ཇ་ཆེས་སྔ་ཤོས་དེ་ཆགས་འདུག་རུང་དེ་ལས་སྔ་བ་མེད་པའི་ཁ་ཚོན་ནི་གཅོད་དཀའ་བ་ལྟར་རེད། ཡང་རྒྱ་བཟའ་ཀོང་ཇོ་བོད་ལ་ཡོང་སྐབས་སྲོང་བཙན་སྒམ་པོ་ལ་བོད་ཀྱི་སྐྱེས་པ་ཚོའི་གདོང་ལ་ཚོན་དམར་བྱུགས་པའི་སྲོལ་དེ་ནི་མི་སྡུག་པས་འདོར་བར་རུང་ངོ་ཞེས་བཤད་པས་སྲོང་བཙན་གྱིས་བཀའ་བབ་ནས་འདོར་དུ་བཅུག་པའི་བཤད་སྲོལ་དེ་རྒྱ་བོད་ཡིག་ཚང་ཀུན་ཏུ་འཁོད་ཡོད་དེ་དོན་ལ་དེ་འདྲ་ཞིག་ཡིན་ནམ་མིན་ཞེས་ན་མིན་ཏེ། དེའི་རྗེས་ཀྱི་ཚན་རིག་གི་གྲུབ་དོན་གྱིས་ཐག་གིས་བཅད་ཡོད་པ། ཏུའུ་ལན་བང་སོའི་ནང་དུ་ལྡེབས་རིས་ཤིག་བུད་པའི་ནང་སྐྱེས་པ་ཚང་མས་གདོང་ལ་ཚོན་དམར་པོར་བྱུགས་ཡོད་པ་དེ་བོད་ཡིན་པར་ཐག་གིས་བཅད་ཡོད་ཅིང་། ཐ་ན་ལག་ཏུ་རྒྱའི་ཕིས་ཕ་རོལ་མོ་བཟུང་ཡོད་ན་ཡང་གལ་སྲིད་གདོང་ལ་མཚོན་དམར་པོ་བྱུགས་ཡོད་ན་བོད་དུ་གཏན་འཁེལ་བྱས་ཡོད། ཏུའུ་ལན་བང་སོ་ནི་དུས་རབས་བདུན་པའི་དུས་མཇུག་དང་དུས་རབས་དགུ་བའི་དུས་མཇུག་བར་ཡིན་པ་དང་ལྡེབས་རིས་ཀྱི་བརྗོད་དོན་ནི་གསོལ་སྟོན་གྱི་སྐབས་ཡིན་ཞིང་། དེར་འདུས་པའི་མི་ཚང་མས་གདོང་དུ་ཚོན་དམར་པོ་བྱུགས་ཡོད་པས་དེ་ནི་སྐབས་དེར་དམངས་ཁྲོད་དུ་རྒྱ་ཁྱབ་དུ་དར་ཡོད་པ་ཤེས་ཐུབ་པ་ལས་རྒྱལ་བོ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་ཁྲིམས་ཀྱིས་ཐག་བཅད་ཡོད་ན་དེ་ལྟར་སྐུ་ཐུབ་མཁན་མེད་པས་འདི་གཉིས་བསྡུར་ན་དོན་ངོ་མ་རང་བཞིན་གྱིས་གོ་ཐུབ་པ་རེད། དེ་བཞིན་དང་པོའི་གོ་བབ་དང་ཚན་རིག་གི་གྲུབ་དོན་ཞེས་པ་ལས་དང་པོའི་གོ་བབ་ནི་ལོ་རྒྱུས་བསྟན་བཅོས་ཀྱི་ཁྲོད་དུ་འཁོད་ཡོད་པ་དང་། ཚན་རིག་གི་གྲུབ་དོན་ནི་དེང་གི་གནའ་རྫས་རྟོག་དཔྱོད་རིག་པ་གཙོས་ཚན་རིག་གི་དཔྱད་འབྲས་རེད། དེ་གཉིས་འགལ་བའི་སྐབས་སུ་འདང་རྒྱག་རྒྱུ་ཆེན་པོ་ཞིག་ཡོད་དེ།  ཐཱན་བཅུ་བཞི་དང་རྒྱུད་རྒྱུའི་བརྟག་ཐབས་ལ་བརྟེན་ནས་སྔ་མོ་ནས་གཏན་འཁེལ་བ་ཡིན་ན། སློབ་ཁྲིད་སོགས་ཀྱི་སྐབས་སུ་ལོ་རྒྱུས་བསྟན་བཅོས་སུ་འདི་ལྟར་འཁོད་ཡོད་རུང་ཚན་རིག་གི་དཔྱད་འབྲས་དངོས་ནི་འདིའོ་ཞེས་གསལ་བོར་ངོ་སྤྲོད་རྒྱུ་ནི་གལ་ཆེའོ།། དེ་ནས་དང་པོའི་གོ་བབ་དང་ཚན་རིག་གི་གྲུབ་དོན་ཚར་བ་རེད།

དེ་ནས་དོན་རྐྱེན་གཅིག་གིས་སྣེ་དྲངས་ཏེ་སྤྱི་ལ་ཁྱབ་པའི་སྣང་ཚུལ་འཚོལ་བ་ཞེས་པ་དེ་ཡིན། དཔེར་ན་རྒྱལ་བོ་གནམ་རི་སྲོང་བཙན་གྱི་དུས་སུ་བོད་ཀྱི་རྒྱལ་བློན་བར་མནའ་བོར་བའི་ཚུལ་ལོ་རྒྱུས་བསྟན་བཅོས་སུ་བཀོད་ཡོད་པ་ལྟ་བུ་རེད། དེ་ལ་བརྟེན་ནས་མནའ་སྐྱེལ་བའི་དམངས་སྲོལ་ཞིག་སྐབས་དེར་རྒྱ་ཁྱབ་ཏུ་དར་ཡོད་པ་དང་མནའ་སྐྱེལ་བའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ཀྱང་གྲུབ་ཡོད་པ་ཤེས་ཐུབ་པར་མ་ཟད། དེ་ལ་བརྟེན་ནས་ད་རུང་གཞན་ཞིག་གོ་ཐུབ་པ་ནི། རྒྱལ་བློན་བར་གཞན་གྱིས་ཕྲ་མ་འཇུག་རྒྱུ་ནི་ཧ་ཅང་ཁག་པ་དང་བརྒྱ་ལ་ཁྲ་མ་ཞུགས་ན་རྒྱལ་པོས་ཐད་ཀར་བློན་པོ་གསོད་པ་མ་ཡིན་པར། ཤགས་བྱས་ཏེ་ཡུས་གྲོལ་བ་སྟེ། དངོས་སུ་ངོ་ཐུག་ཅིང་སེམས་གཅུང་ཅི་ཡོད་ཕྱིར་འཕོས་ནས་གོ་འཛོལ་མི་འབྱུང་བར་བྱེད་རྒྱུ་དེའོ། ། དེ་ལས་སྐབས་དེའི་བོད་སྤྱི་ལ་དེ་ལྟ་བུའི་གོམས་སྲོལ་ཞིག་ཆགས་ཡོད་པ་དེ་ནི་ངོས་གཅིག་ཙམ་མ་ཡིན་པ་གོ་ཐུབ་བོ།། དེ་ནི་དོན་རྐྱེན་གཅིག་གིས་སྣེ་དྲངས་ཏེ་སྤྱི་ལ་ཁྱབ་པའི་སྣང་ཚུལ་འཚོལ་བ་ཞེས་པ་དེ་ཡིན་ནོ།།

དེ་རིང་གི་བཤད་མཚམས་འདི་ནས་འཇོག་གོ། མཇུག་མཐར། མཇུག་མཐར“སློབ་སྦྱོང་བཟང་པོ་བྱས་ཏེ་ཉིན་རེར་ཡར་ཐོན་ཡོང་དགོས།”ཟེར་དགོས་པ་ཡིན་ནམ།

2018/3/13