ངས་དཔེ་ཆ་འདི་ཉོས་ནས་ལས་ཞོར་དུ་ཉིན་གཉིས་ཙམ་ལ་བལྟས་རྗེས་ང་རང་ཉིན་བཞིར་ངལ་གསོས་བ་དང་ཕྱི་ཉིན་མལ་ལས་ལངས་མ་ཐག་དེབ་འདིའི་ཀློག་འཕྲོ་བཀླགས་པ་ཡིན། ཆུ་ཚོད་གཉིས་ལྷག་ལ་བལྟས་པས་ཚང་མ་བཀླགས་ཚར་སོང་། ཚར་ལ་ཉེ་བའི་སྐབས་དེར་ད་རུང་བཀླག་རྒྱུ་མང་ཙམ་ཡོད་ན་བསམ་བཞིན་ཕངས་སེམས་དང་བཅས་དེ་མ་ཐག་ཡོངས་སུ་བཀླགས་ཚར་སོང་།

དེབ་འདི་ནི་རྩོམ་པ་པོ་ཁོ་རང་ན་ནིང་སྟེ་སྤྱི་ལོ་༢༠༡༧ལོའི་སྟོན་ཁར་གནའ་མཁར་ཟི་ལིང་ནས་ར་རྒྱ་ཤེས་རིག་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ། ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་འགའ་དང་བཅས་སྟོན་ཆར་ཟམ་ཟིམ་ཀློང་ནས་ལམ་ལ་ཆས་ཏེ་ཤར་དཔའ་རིས་ཀྱི་མཁའ་ལམ་ཉག་ག་ནས་ནུབ་ཡུའེ་མིན༼གཡུ་སྒོ་འགག༽འགག་གི་བར་གྱི་མདོ་ལ་རིང་མོའི་མདུན་གྱི་ཁྱམས་ར་རིང་མོ་དེ་རིག་གནས་གནའ་ཤུལ་མང་བའི་རྨ་ནུབ་ཁྱམས་རིང་དུ་ལྗོངས་རྒྱུ་སོང་བའི་མཐོང་སྣང་དང་སེམས་འགྱུ་སྣ་ཚོགས་ཟིན་ཐོ་བཀོད་ཡོད་པ་དེ་ཡིན།  ཟིན་ཐོ་འདི་ནི་ཆེད་དུ་ལོ་རྒྱུས་མང་བོར་ཁུངས་གཏུགས་ཤིང་ཡུལ་ལུང་སོ་སོར་སོང་བའི་སེམས་ཀྱི་དགའ་སྐྱོའི་མཐོང་སྣང་སྣ་ཚོགས་ཀྱིས་ཟུར་བརྒྱན་ཏེ་བྲིས་ཡོད་ལ། ལྷུག་རྩོམ་གྱི་རྩོམ་སྟངས་སྤྱད་ཡོད་པས་ཀློག་སྤྲོ་ཞིང་སུན་སྣང་མེད་པ་ཞིག་ཡིན།

དེབ་འདི་ནི་ཤོག་བུའི་རྒྱུ་སྤུས་བཟང་ལ་ཤོག་གྲངས་བཅུའི་མཚམས་ནས་མདོག་མི་གཅིག་པའི་ཤོག་བུ་ཐོག་ཏུ་ནང་དོན་བཀོད་ཡོད་པ་དང་སྐབས་ལན་རེར་འབྲེལ་ཡོད་ཚོན་མདོག་གི་འདྲ་པར་སྣ་ཚོགས་ཀྱི་ལམ་ནས་གནའ་ཤུལ་དང་མཛེས་ལྗོངས་རྣམས་གསལ་བཤད་བྱས་ཡོད་པ་ཞིག་ཡིན་པས་བལྟ་བདེ་ཞིང་དོན་སྤྱི་ཡིད་ལ་འཁོར་སླ་བ་ཞིག་ཡིན།

སྤྱི་ལེ་ཆིག་སྟོང་ཉིས་བརྒྱར་ཉེ་བའི་ལུང་གཞུང་རིང་མོ་དེའི་ཁ་ཞེང་དོག་ས་ནས་སྤྱི་ལེ་སུམ་ཅུ་ལྷག་དང་ཡངས་ས་ནས་ཉིས་བརྒྱ་ལ་ཉེ་བའི་རྨ་ནུབ་ཁྱམས་རིང་འདི་ནི་རྒྱ་ནག་ནང་ཁུལ་ནས་ནུབ་ཡུལ་དུ་རྒྱུ་བའི་འགྲོ་ལམ་གཙོ་བོ་ཞིག་ཡིན་ལ། ཀན་སུའུ་ཞིང་ཆེན་ནུབ་བྱང་ཁུལ་གྱི་དོག་ལ་རིང་བའི་གནའ་བོའི་རིག་གནས་དང་ཚོང་རྫས་བརྗེ་རེས་བྱེད་པའི་ལམ་རྙིང་གྲགས་ཅན་ཞིག་ཡིན་པས་ད་ལྟའི་བར་དུ་སྙན་པ་འཛམ་གླིང་ལ་ཁྱབ་ཡོད། གཙོ་བོ་ད་ལྟའི་ལྗང་མདོག་གི་གྲོང་ཁྱེར་བཞི་ཞེས་མཚན་སྙན་ཡོད་པའི་ཝུའུ་ཝེ་དང་འབྲོང་ཡུལ། ཅིའུ་ཆོན། ཏུན་ཧོང་སོགས་ཡིན།

ཝུའུ་ཝེ་༼ལིང་ཀྲིག༽ནི་གནའ་བོའི་ལིང་ཇུ་ལིང་གི་རྒྱལ་ས་ཉིད། གནའ་གྲོང་འདི་ནི་ལིང་ཇུ་སྡེ་བཞི་སྟེ་ཤར་སྦྲུལ་བའི་སྡེ་དང་ལྷོ་དབང་གི་སྡེ། ནུབ་པདྨོ་སྡེ་དང་བྱང་རྒྱ་མཚོའི་སྡེ་བཅས་ཀྱི་གནས་ཡིན། དེ་ལས་ཤར་སྦྲུལ་བའི་སྡེ་ནས་འཇམ་མགོན་ས་པཎ་གྱི་ཟངས་སྐུ་མཐོ་ལ་ཆེ་བ་ཞིག་ཞལ་ནུབ་ཕྱོགས་བོད་ཀྱི་ཡུལ་དུ་ཕྱོགས་ནས་བཞེངས་འདུག་པ་དེ་རྩོམ་པ་པོས་མཐོང་མ་ཐག་མིག་ཟིང་རབ་རིབ་ཏུ་གྱུར་སོང་ཞེས་པ་ལས་མཚན་སྙན་གླིང་ལ་ཁྱབ་པའི་དམ་པ་ཁོང་བོད་ཀྱི་བསྟན་འགྲོའི་དོན་དུ་ས་མཐའ་དེ་ནས་སྐུ་འདས་པའང་ཧ་གོ་སོང་། འཇམ་མགོན་ས་པཎ་མཆོག་ལ་སོག་རྒྱལ་གོ་དན་གྱིས་བཙན་བརྗིད་འཕྲིན་ཡིག་འབྱོར་བས་ཁོང་གིས་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་ཕྱག་ན་གཉིས་དགུང་ལོ་ཆུང་ཡང་ཕྱག་ཕྱིར་ཁྲིད་དེ་བྱོན་པ་དེས་བོད་སོག་གི་འབྲེལ་བ་དེ་རྒྱལ་འབངས་ནས་བླ་སློབ་ཀྱི་ངོ་བོ་བཏང་བ་རེད། དེ་ནི་གསེར་གྱིས་བྲིས་པའི་ལོ་རྒྱུས་ཀྱི་གླེགས་བམ་ཆེན་པོ་ཞིག་སྟེ། ང་ཚོས་མི་ཚེ་གཅིག་ལའང་བཀླཀ་མི་ཚར་བ་ཞིག་ཡིན། ལིང་ཇུ་འདི་ནི་རྒྱ་ནག་དར་གོས་ཚོང་ལམ་གྱི་ཤར་ཕྱོགས་འགག་སྒོ་གཅིག་བུ་ཡིན།

འབྲོང་ཡུལ་༼ཀན་ཀྲོའུ།༽དུ་གནའ་ཤུལ་གྲགས་ཅན་མང་དུ་ཡོད་དེ། མི་ཉག་བྱམས་ཆེན་དང་། ཤིང་གི་མཆོད་རྟེན། དེ་བཞིན་མ་ཐིས༼རྟ་རྨིག༽དགོན་དང་ཆུ་ནག་རྒྱལ་ཁབ་ཀྱི་གནའ་ཤུལ། རི་ནག་གི་བྲག་བརྐོས་སྣ་ཚོགས་སོགས་ཧ་ཅང་མང་ངོ་།

མི་ཉག་བྱམས་ཆེན་དགོན་ནས་སུང་རྒྱལ་རབས་ཀྱི་ཆེས་མཐའ་མཇུག་གི་གོང་མ་ཀྲའོ་ཞན་དགུང་ལོ་བདུན་གྱི་སྟེང་སོག་པོས་བཟུང་སྟེ་དགོན་འདིར་བཀག་ཅིང་རབ་ཏུ་བྱུང་། ཕྱིས་སུ་བོད་ཀྱི་ས་སྐྱ་དགོན་དུ་བསྐྱལ་ནས་སློབ་གཉེར་གནང་དུ་བཅུག་པའི་ལོ་ཙྭ་བ་ཆེན་པོ་གྱུར་པ་སོགས་ལོ་རྒྱུས་ཀྱི་མཆི་མ་སྙིང་ལ་ཟགས་པ་སྣ་ཚོགས་ཡོད།

ངག་རྒྱུན་ལ་གནའ་བོའི་རྒྱ་གར་གྱི་ཆོས་རྒྱལ་མྱ་ངན་མེད་ཀྱིས་འཛམ་གླིང་དུ་མཆོད་རྟེན་སྟོང་རྩ་བཞེངས་པའི་གཟུངས་གཞིག་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་བསྲེལ་བཞུགས་པར་བཤད་པ་ལས་འབྲོང་ཡུལ་ཤིང་གི་མཆོད་རྟེན་ནི་དེའི་ནང་གི་གཅིག་ཡིན་པར་བཤད།

མ་ཐིས་དགོན་པ་ནི་བྲག་བརྐོས་ལྷ་སྐུ་དང་མཆོད་རྟེན་སོགས་བརྒྱ་ཕྲག་ཁ་ཤས་ཡོད་སའི་གནས་ཤིག་ལ་ཟེར། དེ་ལ་སྒྲོལ་མའི་བྲག་ཕུག་དང་སངས་རྒྱས་སྟོང་སྐུའི་བྲག་ཕུག གྲུབ་ཆེན་བརྒྱད་ཅུའི་གནས། དགོན་གོང་འོག་བར་གསུམ། བྲག་དགུ་ཕུག འབྲུག་མིག་བྲག་ཕུག་དང་འབྲུག་རི། ཆུ་གནམ་འབབ། པདྨའི་རི་གོང་འོག ཡ་མ་ཐར་ཁུང་། ཇོ་མོ་ཀླད་སོགས་ནི་ད་ལྟ་མ་ཐིས་དགོན་པའི་བྲག་ཕུག་གི་ཁོངས་གཏོགས་ཡིན།

ངག་རྒྱུན་དུ་སུའེ་རྒྱལ་རབས་ཀྱི་ཧན་ཧྲི་ལོན་ཞེས་པས་ཆུ་ནག་རྒྱལ་མཚམས་བསྲུངས། རྗེས་སུ་བྱེ་རླུང་འཚུབ་ནས་རྒྱལ་ཁབ་བསྣུབས་པ་དང་བྱེ་མའི་གསེང་ལ་ནུབ་པའི་རྒྱལ་ཁབ་ཅིག་གི་ལས་དབང་ལ་རྩོམ་པ་པོས་བསམ་བཞིན་སུ་ཡ་ཆུང་སྨྲེང་བ་དང་བཅས་ནུབ་ཕྱོགས་རི་ནག་ཕྱོགས་ལ་ཆས།

ཅིའུ་ཆོན།༼སུའུ་ཀྲུག༽ཡུལ་འདི་ནི་རྨ་ནུབ་ཁྱམས་རིང་གི་དཀྱིལ་སྙིང་ཡིན་ལ། ཆེས་སྔ་མོའི་དུས་སུ་བོད་ཀྱི་མེས་པོ་སྤྱང་དང་རོང་གི་ཚོ་བ་ཁག་གིས་གཞི་བཟུང་། གནའ་དུས་སུ་འབྲོང་ཡུལ་ལ་ཀན་ཀྲུའུ་དང་ཅིའུ་ཆོན་ལ་སུའུ་ཀྲུག་ཟེར་ཞིང་། དེ་གཉིས་ཀྱི་མིང་བསྡུས་ན་ཀན་སུའུ་ཞེས་པར་འགྱུར།

ཅ་ཡུའེ་ཀོན་ནི་མེན་རྒྱལ་རབས་ཀྱི་ཧུང་ཝུའུ་ཁྲི་ལོ་ལྔ་བ་སྤྱི་ལོ་1372ལོར་མཁར་རྫོང་བཙུགས་ཤིང་ལྕགས་རིའི་རིང་ཚད་སྤྱི་ལེ་དྲུག་ཅུ་ཡོད། ཆེས་ནུབ་མཐའི་འགག་སྒོ་ན་ཡོད་པའི་སྒོ་ཆེན་ཞིག་ཡིན། ས་དབྱིབས་ཟིལ་རྔམ་ལྡན་ས་ཞིག་ཏུ་ཡོད་པས་གནམ་འོག་གི་ཆེས་རྔམ་བརྗིད་ཆེ་བའི་འགག་སྒོའང་ཟེར།

མདུང་སྣེ་དར་སྐུད་ནག་པོ་འདོགས་པའི་སྲོལ་ཞིག་ཡོད་པས་མདུང་ནག་པ་ཞེས་གྲགས། མདུང་ནག་འཇམ་དབྱངས་དགོན་པ་འདི་དར་བའི་དུས་སུ་བླ་སྦྲུལ་བཅུ་གསུམ་དང་དགེ་འདུན་པ་ལྔ་བརྒྱད་ལྷག་འདུས་པར་བཤད། དགོན་པ་འདིའི་ལྷ་སྡེ་མདུང་ནག་ཁ་གསུམ་སྡེ་དྲུག་ནི་བོད་བཙན་པོས་བྷན་ད་ཧོར་གྱི་སྒོམ་གྲྭ་བཅོམ་རྗེས་མཐའ་མཚམས་སུ་མངགས་པའི་སྐྱེན་པོ་མི་དགུའི་རྒྱུད་པ་ཡིན་པར་བཤད།

ཤི་གསོན་བྱེ་མའི་ལ་ཁ་གཡུ་སྒོ་འགག་གི་མདུན་ཕྱོགས་ནི་མུ་མཐའ་མེད་པའི་མྱ་ངམ་ཐང་ཆེན་པོ་ཞིག་ཡིན་པས་མཐོང་བ་ཙམ་གྱིས་སྙིང་ལ་སྐྱོ་བ་དང་འཇིགས་སྣང་སྟེར་ནའང་ཐང་གི་སྡེ་སྣོད་གསུམ་པ་སློབ་དཔོན་རྨད་བྱུང་གཟི་བརྗིད་དམ་ཐང་ཞོན་ཙང་ཁོང་འགག་སྒོ་འདི་ལ་གཟུར་ཏེ་སོ་ཁང་དང་པོ་སླེབས།

བྱེ་མའི་གྲོང་ན་རང་དབང་རྒྱལ་ཕྲན་ཞིག་སྟེ་ཏུན་ཧོང་ནི་རྨ་ནུབ་ཁྱམས་རིང་གི་ཆེས་ནུབ་མཐའི་ལྗང་མདོག་གི་གྲོང་ཁྱེར་ཆུང་ཆུང་ཞིག་ཡིན་ལ། མིང་གཞན་ལ་ཤ་ཅུའམ་ཧྲ་ཀྲུག་ཟེར། རྒྱ་བན་དང་བོད་ཀྱི་དགེ་སློང་མང་བོ་ནུབ་ཀྱི་བྱེ་མའི་གསེང་འདིར་ཉེན་ཡོལ་ལ་ཕེབས་པས། རྒྱལ་ཁབ་གཉིས་ཀྱི་མངའ་ཁོངས་ནས་དམ་པའི་ཆོས་ཡོངས་སུ་ཉམས་པའི་དུས་དེར་ཡང་མྱ་ངམ་ཐང་འདི་ནི་དབུས་འགྱུར་རྡོ་རྗེ་འཆང་དང་གཉིས་སུ་མེད་པར་གནས། དེ་ཡང་མོ་ཀའོ་ཕུག་ནི་འཛམ་བུ་གླིང་ན་སྙན་གྲགས་ཤིན་ཏུ་ཆེ་བའི་ཕུག་པ་ཞིག་སྟེ། འཛམ་གླིང་ཤར་ནུབ་ཀྱི་སྒྱུ་རྩལ་གཅིག་ཏུ་འདུས་པའི་འདྲེས་མདོ་ཞིག་དང་། རྒྱལ་བསྟན་ཤར་དུ་དར་བའི་སྒོ་ཆེན་ཞིག་ཀྱང་ཡིན། 1987ལོ་ནས་འཛམ་གླིང་ཤུལ་བཞག་གྲས་སུ་བཞག

གང་ལྟར་ངས་དཔེ་ཆ་འདི་ལས་རྨ་ནུབ་ཁྱམས་རིང་གི་ས་གནས་ངོས་འཛིན་དང་དེ་འབྲེལ་ཀྱི་ལོ་རྒྱུས་རིན་ཐང་ཅན་མང་བ་ཤེས་སོང་བས་ལྗོངས་རྒྱུ་དེའི་དུས་ཡུན་ཉིན་གཅིག་ལའང་བསྲིང་ཐུབ་ན་ཅི་མ་རུང་བསམ་བཞིན་མུ་ནས་ཀློག་འདོད་ཀྱི་ཧམ་སེམས་མ་སྐོང་བས་ཞེ་སྐྱོ་བའི་རིག་གནས་འགྲུལ་བཞུད་ལ་ཞེ་བསམ་པའི་མྱོང་ཚོར་འདི་ཤར་མར་བྲིས་བའོ།།

 

༢༠༡༨ལོའི་ཟླ་༤བའི་ཚེས་༥ཉིན།