སྐྱིད་གྲོང་རྫོང་ནི་གཞིས་ཀ་རྩེའི་ནུབ་རྒྱུད་དང་ཡར་ཀླུང་གཙང་པོའི་ལྷོ་རྒྱུད་དུ་ཆགས་ལ། ཁུལ་དེའི་ནུབ་རྒྱུད་དང་བྱང་རྒྱུད་དུ་ས་དགའ་རྫོང་། འབྲོང་པ་རྫོང་དང་མཐའ་འབྲེལ་བྱུང་ཕྱིར་གཞིས་རྩེའི་ནུབ་རྒྱུད་ཀྱི་རྫོང་ཁག་གསུམ་ཞེས་འབོད། ཁུལ་འདི་སའི་གོ་ལའི་ཤར་གྱི་འཕྲེད་ཐིག84°2‵དང  86 ° 9 ′བྱང་གི་གཞུང་ཐིག་28° 16′དང  29 °18 ′མཚམས་སུ་ཆགས།  རྫོང་གི་ནུབ་ཕྱོགས་དང་བྱང་ཕྱོགས་ས་དཀར་དང་འབྲེལ་ལ་བྱང་ཤར་ངམ་རིང་རྫོང་དང་འབྲེལ། ཤར་གཉའ་ལམ་དང་ལྷོ་བལ་པོ་དང་ས་མཚམས་འབྲེལ་ཡོད། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཆིག་ཁྲི་གཉིས་སྟོང་དང་། མཐའ་མཚམས་ཀྱི་རིང་ཚད་ནི་སྤྱི་ལེ་གྲུ་བཞི་མ་བརྒྱ་དང་དྲུག་ཅུ་རེ་གཉིས་ཡོད། རྫོང་ལ་ཤང་དྲུག་དང་གྲོང་བརྡལ་གཅིག   གྲོང་ཚོ་བཞི་བཅུ་ཞེ་གཉིས་ཡོད།  རྫོང་གི་དཔལ་འབྱོར་གཙོ་བོ་ནི་ཞིང་ལས།   ཕྱུགས་ལས་དང་ཤིང་ལས་སོགས་གཉེར་བཞིན་ཡོད།

སྐྱིད་གྲོང་གི་མིང་གཞན་ལ་སྐྱིད་རོང་ཟེར་ཞིང་། མིང་གི་ངོས་ནས་སྐྱིད་པའི་ལུང་བའམ་སྐྱིད་པའི་རོང་ཁུལ་སོགས་ལ་གོ    གནས་འདི་ནི་གནའ་ནས་བཟུང་མི་རིགས་ཕན་ཚུན་བར་རིག་གནས་བརྗེ་རེས་དང་དཔལ་འབྱོར་ཉོ་ཚོང་གི་ལྟེ་བ་ལྟར་ཆགས་ཕྱིར། དེ་དང་འབྲེལ་བའི་གནའ་ཤུལ་དུ་མ་སྐྱིད་གྲོང་གི་ཡུལ་ལུང་གང་སར་ཁྱབ་ཡོད། དཔེར་ན་བཙན་པོའི་དུས་སྐབས་སུ་བཞེངས་པའི་འཕགས་པ་ལྷ་ཁང་།  སྐྱིད་གྲོང་ཚོང་འདུས། སྐྱིད་གྲོང་ཚོང་འདུས་རིགས་གསུམ་མགོན་པོའི་རྡོ་བརྐོས་རི་མོ་དང་རྡོའི་མཆོད་རྟེན། བྲག་དཀར་རྟ་སོ་དགོན།མིང་སྲིང་མཆོད་རྟེན། མང་ཡུལ་རྫོང་དཀར་ཆོས་སྡེ། སྒྲོལ་མ་ལྷ་ཁང་། ཆེན་པོ་ཐང་གུར་དུས་ཀྱི་གནས་འཇལ་བ་ཐང་ཤན་ཚིས་བརྐོས་བའི་བྲག་བརྐོས་ཡི་གེ། ཆིང་དམག་གིས་གོར་ཁའི་དམག་ལ་འཛིང་སྐབས་བྲག་སྐྱིབས་སུ་བརྐོས་པའི་རྒྱ་ཡིག་ཡིག་བཞི་མ་སོགས་ཡོད་པ་མ་ཟད། ས་ཐོབ་ཀྱི་སྐྱེས་བུ་དམ་པ་སློབ་དཔོན་པད་མ་འབྱུང་གནས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། ནག་ཚོ་ལོ་ཙྭ་བ། རྗེ་བཙུན་མི་ལ་རས་པ། མང་ཡུལ་གུང་ཐང་རྒྱལ་རབས་ཀྱི་རྒྱལ་རྒྱུད་སོགས་ཀྱིས་གནས་འདི་རུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བ་དང་། བོད་ཀྱི་རིག་གནས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད།

དེ་མིན་གནས་འདི་ནས་ཡིག་འགོད་མ་བྱུང་གོང་གི་རིག་དངོས་ཀྱི་གནའ་ཤུལ་དུ་མ་རྙེད་པ་དང་། སྐྱིད་གྲོང་གཙང་པོའི་ཤར་རྒྱུད་ཀྱི་ཨང་རིམ་གཉིས་པའི་ཐེམ་པའི་སྟེང་རྡོ་ཆས་རྙིང་མའི་གནའ་ཤུལ་གཉིས་དང་། རྡོ་ཆས་རྙིང་མའི་དུས་རབས་ཀྱི་རྡོ་ཆས་80ལྷག་ས་ངོས་ནས་འཚོལ་རྙེད་བྱུང་། རྡོ་ཆས་དེ་དག་གི་ཁྲོད་རྡོའི་གཞོག་ཆས། རྡོའི་གཅོད་ཆས་སོགས་ཡོད།

གཞན་སྐྱིད་གྲོང་རྫོང་རྩེ་པ་ཤང་ལོ་ལུན་ཕུག་དང་དེའི་ཉེ་འགྲམ་གྱི་གཞུང་ལམ་གཡས་གཡོན་དུ་རྡོ་ཆས་ཕྲ་མོའི་གནའ་ཤུལ་གཉིས་དང་རྡོ་ཆས་ཕྲ་མོའི་དམར་དཔེ་དུ་མ་རྙེད་སོན་བྱུང་། བོད་ལྗོངས་རིག་དངོས་ཅུད་རིག་དངོས་ཞིབ་བཤེར་ཚོགས་པས་གནས་འདི་རུ་ཐེངས་འགར་བརྟག་དཔྱད་བྱས་རྗེས་རྡོ་ཆས་རྙིང་མ་ནས་རྡོ་ཆས་ཕྲ་མོའི་རིགས་ཀྱི་གནའ་ཤུལ་རྙེད་སོན་བྱུང་ལ། རིག་དངོས་དང་གནའ་ཤུལ་འདི་དག་གིས་སྐྱིད་གྲོང་གི་ལོ་རྒྱུས་སྟེང་གི་གོ་གནས་དང་གདོད་མའི་རིག་གནས་འཕེལ་རྒྱས་ཀྱི་ཆུ་ཚད་སོགས་མངོན་པར་མཚོན་ཐུབ།

གནས་དེ་དག་ལས་ཆེས་ཁྱད་པར་དུ་འཕགས་པའི་གནའ་ཤུལ་གཉིས་ཡོད་དེ།  གཅིག་ནི་རྫོང་དཀར་གྲོང་བརྡལ་གྱི་བྱང་ཕྱོགས་ས་ལེ་དབར་སྤྱི་ལེ་4.5 སར་གྱི་བྲག་སྐྱིབས་སུ་བརྐོས་ཡོད་པའི་ཐང་རྒྱལ་རབས་ཀྱི་རྡོ་བརྐོས་ཡི་གེ་ཞིག་ཡིན་ལ།  རྡོ་བརྐོས་ལ་རྒྱ་ནག་སྐད་དུ་“大唐天竺使出铭”དང་བོད་སྐད་དུ་“ཆེན་པོ་ཐང་གུར་གྱི་ཕོ་ཉ་རྒྱ་གར་དུ་བསྐྱོད་པའི་བྲག་བརྐོས་ཡི་གེ”ཟེར། ཡིན་ན་ཡང་གནའ་ནས་གནས་དེ་རུ་འཁོད་པའི་མི་རྣམས་ཀྱིས་བྲག་བརྐོས་ཡི་གེ་ལ་ཨ་ཕ་རྒྱ་ཡིག་ལྟར་འབོད་ལ། ཨ་ཕ་རྒྱ་ཡིག་ཟེར་དོན་སྐོར་ལ་བཞེད་ཚུལ་གཉིས་ཡོད་དེ།  གཅིག་གིས་གནས་འདི་ནི་ཤིན་ཏུ་རྩ་ཆེན་ཡིན་ཕྱིར་ཨ་ཕ་ནང་བཞིན་བརྩི་བཀུར་བྱ་ཡུལ་ཡིན་པ་དང་། གཞན་ཞིག་གིས་གནའ་ཤུལ་འདི་བརྐོས་ཡུན་ཤིན་ཏུ་རིང་བས་རྗེས་གྲུབ་ཀྱིས་མིང་དེ་ལྟར་བཏགས་པར་འདོད།

བྲག་བརྐོས་ཡི་གེ་བརྐོ་སའི་ཁོད་རྒྱ་ལ་རྨིད་1.5དང་། མཐོ་ཚད་ལ་རྨིད་4དང་། ས་ངོས་ནས་ཡར་མཐོ་ཚད་ལ་རྨིད་8ཡོད།  བྲག་བརྐོས་ཡི་གེའི་རིང་ཚད་ལ་རྨིད་1དང་མཐོ་ཚད་ལ་ལི་རྨིད་90 ལྷག་ཡོད།  ཡིག་སྲོལ་ཀྱོང་བརྐོས་གཤར་མར་བརྐོས་ལ། ཡིག་ཕྲེང་ཉེར་བཞི་དང་ཡིག་འབྲུ་སུམ་བརྒྱ་ལྷག་ཡོད།  བྲག་བརྐོས་ཡི་གེའི་མཚན་བྱང་ཡིག་འབྲུ་གཞན་དག་ལས་ཆེ་བ་མ་ཟད་གཡས་ནས་གཡོན་ཕྱོགས་སུ་གཟར་མར་བརྐོས་ཡོད། ཆེན་པོ་ཐང་གུར་གྱི་ཕོ་ཉ་རྒྱ་གར་དུ་བསྐྱོད་པའི་བྲག་བརྐོས་ཡི་གེ་བརྐོས་པའི་དུས་ཚོད་ནི་ཐང་རྒྱལ་རབས་ཀྱི་གོང་མ་ཤན་ཆིན(显庆)་ལོ་གསུམ་པར་ངོས་འཛིན་གནང་ཐུབ་ལ་སྤྱི་ལོ658དུས་སུ་བརྐོས།  ད་ལྟའི་བར་ལོ་ངོ་སྟོང་ཕྲག་གཅིག་དང་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་བྲག་བརྐོས་ཡི་གེའི་ཡིག་སྲོལ་དང་ནང་དོན་ལས་རྟོགས་ཐུབ།

ཐང་གོང་མ་ཀོའོ་ཙུང་(高宗)སྐབས་སུ་ཕྱི་འབྲེལ་དང་འཚོལ་མྱུལ་ལ་མཁས་པའི་ཐང་གི་བློན་པོ་ཝང་ཤིན་ཙེ་(王玄策)དང་ལིའི་རིན་ཁེད(刘仁楷)གཉིས་རྒྱ་གར་འཕགས་པའི་ཡུལ་དུ་བསྐྱོད་སྐབས་བརྐོས་པའི་གནའ་ཤུལ་གལ་ཆེན་ཞིག་ཡིན། གནའ་ཤུལ་འདི་ནི་བོད་ལྗོངས་ནས་རྙེད་པའི་བོད་རྒྱ་ཡིག་རིགས་གཉིས་ལས་ཆེས་སྔ་བའི་རྡོ་བརྐོས་ཡི་གེ་ཡིན་པ་མ་ཟད།  ལྷ་སའི་གཙུག་ལག་ཁང་གི་མདུན་གྱི་དབོན་ཞང་རྡོ་རིང་ཡི་གེ་དང་ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ བསམ་ཡས་རྡོ་རིང་ཡི་གེ་སོགས་ལས་ལོ་ངོ་བརྒྱ་ཕྲག་ལས་སྔ་ལ། བྲག་བརྐོས་ཡི་གེ་འདིའི་ནང་དོན་ནི་ཁོ་གཉིས་ལམ་བར་དུ་དཀའ་བ་བརྒྱ་ཕྲག་སྤྱད་དེ་རྒྱ་གར་འཕགས་ཡུལ་དུ་བསྐྱོད་པའི་སྐོར་བཀོད་ཡོད།

གནས་འདི་ཆགས་ས་ནི་ཉམས་དགའ་ལ།  ཁོད་ཡངས་པ། རི་ཆུ་ཕུན་སུམ་ཚོགས་པས། གངས་ཆུ་རྫ་གསུམ་མིག་མདུན་དུ་ལྷང་ངེར་གསལ་བའི་ཡུལ་ལྗོངས་ཤིན་ཏུ་ལྟ་ན་སྡུག་པ་ཞིག་ཡིན། བྲག་བརྐོས་ཡི་གེ་འདི་ལ་གནའ་རབས་ཐང་བོད་གཉིས་ཀྱི་རིག་གནས་ཀྱི་འབྲེལ་བ་དང་ཀྲུང་ཕྱི་འགྲིམ་འགྲུལ་སོགས་ལ་ཞིབ་འཇུག་བྱ་བར་ལོ་རྒྱུས་ཀྱི་རིན་ཐང་དང་དོན་སྙིང་ཕུན་སུམ་ཚོགས་པ་ཡོད།

གནའ་ཤུལ་གཞན་ཞིག་གི་རྫོང་ནས་རོང་ལ་བགྲོད་སའི་གཞུང་ལམ་གཡོན་ངོས་ཀྱི་རྨིད་ལྔ་བརྒྱ་སར་གྱི་ལུང་ཁུག་གི་བྲག་སྐྱིབས་ངོས་སུ་བརྐོས་པའི་རྒྱ་ཡིག་ཡིག་འབྲུ་བཞི་མ་ཡིན། རྒྱ་ཡིག་ཡིག་འབྲུ་བཞི་མ་ནི་ལུང་མདོ་དང་བར་ཐག་ལ་རྨིད་30་ལྷག་ཡོད་པའི་བྲག་སྐྱིབས་ཀྱི་ནུབ་ལྡེབས་ངོས་སུ་བརྐོས་ལ།ས་ངོས་ནས་བརྐོས་ཡིག་བར་གྱི་མཐོ་ཚད་ལ་རྨིད་3.2དང་། ཡིག་འབྲུའི་ཞེང་ཚད་ལ་རྨིད1.4  དང་། མཐོ་ཚད་ལ་ལིའི་རྨིད་78   ཡོད། རྒྱ་ཡིག་གི་ཡིག་སྲོལ་གཡས་ནས་གཡོན་དུ“招提壁垒”ཞེས་ཡི་གེ་བཞི་གཟར་མར་བརྐོས་ཡོད་ལ།  ཡིག་འབྲུའི་ཆེ་ཆུང་ནི་ལིའི་རྨིད་30 དང་། མཐའི་ཞེང་ཚད་ལ་ལིའི་རྨིད་5  ཡོད། ཡི་གེ་བརྐོ་སྐབས་གཞི་གདན་གྱི་ཚོས་གཞི་དཀར་པོ་དང་ཡིག་འབྲུ་སྟེང་ཚོས་དམར་བྱུགས་པས་ཚོན་མདངས་ལེགས་ལ་ལྟ་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན།  རྒྱ་ཡིག་ཡིག་འབྲུ་བཞི་མའི་ནང་དོན་ཐད་ལ་ལྟ་ཚུལ་དུ་མ་ཡོད་ནའང་། རྫོང་རིག་གནས་ཅུད་ཀྱིས་གྲུ་བཞི་ནར་མོ་དབྱིབས་ཀྱི་ཤིང་ལེབ་ཅིག་གི་སྟེང་རྒྱ་ཡིག་གིས་ངོ་སྤྲོད་མདོར་བསྡུས་ཤིག་བྲིས་ཡོད།

“招提”ནི་ཆིང་རྒྱལ་རབས་སྐབས་ཀྱི་དཔོན་མིང་དུ་འདོད། “壁垒”ནི་རང་བྱུང་གི་བཙན་རྫོང་དུ་གོ  ཡིག་འབྲུ་བཞི་མ་བརྐོ་སའི་གནས་གཞི་ནི་ཀྲུང་བལ་རྒྱལ་ཁབ་གཉིས་ཀྱི་ཆེས་གལ་འགངས་ལྡན་པའི་མཐའ་མཚམས་སུ་ཆགས།  རྒྱ་ཡིག་ཡིག་འབྲུ་བཞི་མ་གནས་འདི་རུ་བརྐོ་དགོས་དོན་མཁས་པ་ཁ་ཤས་ཀྱིས་འདི་ལྟར་འདོད་དེ།  ཆིང་རྒྱལ་རབས་གོང་མ་ཆན་ལུང་རྒྱལ་པོའམ་ལྷ་སྐྱོང་སྐབས་སུ་གོར་དམག་གིས་བོད་ལྗོངས་སུ་བཙན་འཛུལ་བྱས་སྐབས། ས་གནས་འདི་ནི་ཆིང་དམག་དང་གོར་དམག་བར་དམག་འཁྲུག་བྱེད་སའི་གཡུལ་ར་ལྟ་བུ་ཡིན་ཕྱིར།    གནས་ཚུལ་འདི་ལ་གཞིགས་ནས་གནས་འདི་རུ་ཡིག་འབྲུ་བཞི་མ་བརྐོས་ཏེ་དམག་དོན་སྟེང་དུ་ཆེས་གལ་ཆེ་བའི་དོན་སྙིང་ལྡན་པ་བསྟན།

རྒྱ་ཡིག་ཡིག་འབྲུ་མའི་གཡས་གཡོན་དུ་དུས་ཐམས་ཅད་དུ་སྣང་བའི་རྩི་ཤིང་དང་མེ་ཏོག་སྣ་ཚོགས་དང་། ཤིང་སྣ་ཚོགས་ཀྱིས་གང་ཞིང་ས་གཞི་ཡང་གཟུགས་དང་ཁ་དོག་དུ་མ་དང་མྱུ་གུ་ཐམས་ཅད་ཀྱིས་བརྒྱན་པ། བྲག་དང་རྡོ་བ་སྣ་ཚོགས་མཛེས་ཤིང་དྲི་མ་མེད་པ། གནས་དེ་ཡི་ཕྱོགས་དང་ཕྱོགས་མཚམས་ཀུན་དུ་ཤིང་སྣ་ཚང་ཚིང་དུ་སྐྱེ་བས་ལྷ་ཡུལ་དུ་སླེབས་པའི་སྣང་བ་ཞིག་ཅིག་ཅར་དུ་སྦྱིན། དེ་མིན་བྱ་བྱིའུ་སྐད་སྙན་སྒྲོག་བཞིན་སྤུ་སྡུག་ངོམས་པ། རི་དྭགས་དང་གཅན་གཟན་དག་བག་ཡངས་ངང་རྒྱུ་བཞིན་བདེ་བར་འཁོད་པའི་གནས་མཆོག་ཞིག་ཏུ་མཐོང་།

དེ་ནས་སྐྱིད་གྲོང་དུ་བསྐྱོད་སྐབས། ཕྱོགས་དང་ཕྱོགས་མཚམས་ཀུན་དུ་གནའ་ཤུལ་དང་སྒྲུབ་སྡེ། ལྷ་ཁང་། བྲག་བརྐོས་ལྷ་སྐུ་དང་ཡི་གེ་དྲུག་མ་སོགས་ཡོངས་སུ་གང་སྟེ། རིགས་ལྡན་གྱི་སྐྱེས་བུ་དུ་མ་གནས་འདིར་བྱོན་ཏེ་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་གནས་རྩ་ཆེན་པོ་ཞིག་དང་ཀྲུང་བལ་རིག་གནས་སྤེལ་སའི་གཞི་མ་ཞིག་ཡིན་པར་འདོད།