སློབ་གསོ་གནད་དོན་ཐད་དུ་ཁྱིམ་བདག་ཕལ་མོ་ཆེའི་མགོ་རྩོམ་ས་ནི་བྱིས་པ་ལ་དགའ་བ་དང་བྱིས་པ་གཅེས་རྒྱུ་དེ་ཡིན། འོན་ཀྱང་བརྩེ་བའི་མངོན་ཚུལ་མི་ཤེས་ཤིང་བརྩེ་བའི་ཚད་ཐིག་མི་ཟིན་པས་བྱིས་པའི་སྒེར་ཚུགས་ཀྱི་མི་གཞི་ལ་གནོད་པ་སྐྱེལ་བ་གང་མང་མཐོང་། བརྩེ་བ་ལ་ཚད་ཐིག་ཡོད་པ་དང་ཚད་ལས་མ་བརྒལ་ན་བྱིས་པར་ད་གཟོད་ཚད་འཛིན་ནུས་པ་ཡོད་ལ་རང་ཉིད་ལ་ཚོད་འཛིན་ཀྱང་བྱེད་ཐུབ་པར་མ་ཟད། ཧ་ཅང་རང་རྟོག་ལྡན།
01

རང་དབང་གི་ཚད།
བརྩེ་བ་དང་ངན་ལངས་ནི་ངོ་བོ་མི་གཅིག་པའི་དོན་གཉིས་ཡིན།
ཁྱིམ་བདག་མང་པོས་རང་དབང་ཞེས་པའི་ཐ་སྙད་འདི་གོ་དུས་ཧང་སངས་འགྲོ། རང་དབང་སྤྲད་སོང་ན་བྱིས་པ་སྨྱོ་ལངས་ལ་བུད་མི་འགྲོའམ། བརྩེ་བའི་དངངས་སྐྲག་ནི་རང་དབང་གི་དངངས་སྐྲག་ཡིན། དེའི་ཐད་ཀའི་མངོན་སྟངས་ནི་བྱིས་པའི་རང་དབང་གི་འདུ་ཤེས་འཕྲོག་པ་དེ་ཡིན། དཔེ་མཚོན་ལྡན་པའི་ལས་སྟངས་ནི་བྱིས་པའི་དོན་ཐ་དག་ཕ་མས་སྒྲུབ་ཚུགས་བྱེད་པ་དང་བྱིས་པར་ཚོད་འཛིན་བྱེད་པ། བདག་དམ་ནན་དྲག་པ་བཅས་ཡིན། ངན་ལངས་ནི་བརྩེ་བ་མང་དྲག་པ་མིན་པར་བརྩེ་བར་ཁ་གཡར་ནས་བྱིས་པ་ལ་ཚོད་འཛིན་བྱེད་པའོ།

བརྩེ་བ་དང་ངན་ལངས་ནི་བྱ་བ་ཞིག་གི་གཏིང་ཚད་ནས་བཤད་པ་ཞིག་མིན་པར་དེ་གཉིས་རྩ་བ་ནས་མི་འདྲ། བརྩེ་བའི་ངོ་བོ་ནི་བྱིས་པ་ལ་རང་དབང་དང་བཟོད་སྒོམ།ཁས་ལེན་བྱེད་རྒྱུ་ཡིན་པ་དང་། ངན་ལངས་ནི་དེ་ལས་ལྡོག་སྟེ་བྱིས་པའི་བྱ་བ་ཕ་མས་སྒྲུབ་རྐྱང་བྱེད་པ་དང་། གཤེ་གཤེ་གཏོང་བ་སོགས་ཡིན།
ངན་ལངས་ནི་བརྩེ་བ་མ་ཡིན་དེ། བརྩེ་བའི་ཕྱི་ཤུན་གྱོན་པའི་བདག་འཛིན་དང་ཚོད་འཛིན་ཡིན། དེ་ནི་མི་རྒན་ཚོས་རང་གི་འདོད་འདུན་ལྟར་བྱིས་པ་ལ་བདག་དོམ་བྱས་ནས། བྱིས་པའི་སྒེར་ཚུགས་འཕྲོག་པ་ཞིག་ཡིན་ལ། དེའི་སེམས་ཁམས་ཀྱི་རྨང་གཞི་ནི་དངངས་སྐྲག་དང་ཡིད་ཆེས་མེད་པ་དེ་ཡིན།

བྱིས་པ་ལ་རང་དབང་སྤྲད་པ་ནི་བྱིས་པར་ཁ་ཡ་མ་བྱས་པ་མིན་པར་ཁྱོད་ཀྱིས་བྱིས་པ་ལ་དབང་ཆ་རིགས་གསུམ་སྟེར་དགོས་པ་སྟེ། འདེམ་གསེས་ཀྱི་དབང་ཆ་དང་ཚོད་ལྟའི་དབང་ཆ། ནོར་འཁྲུལ་བཅོས་ཆོག་པའི་དབང་ཆ་བཅས་སྤྲོད་དགོས། བྱིས་པས་ནོར་བཟོ་བར་སྐྲག་ནས་དོན་དག་ཐ་དག་རང་གི་འདོད་མོས་ལྟར་བྱིས་པ་ལ་སྒྲུབ་དུ་བཅུག་པ་དང་། བྱིས་པས་སྒྲུབ་ཉེས་བྱས་སོང་ན་ལེ་བདའ་དྲག་པོ་བྱེད་པའི་ཁྱིམ་བདག་ནི་དབང་ཤུགས་དྲག་པོ་ལྡན་པའི་ཁྱིམ་བདག་ཡིན། ཁོ་ཚོས་བྱིས་པ་ལ་སེམས་ཁུར་བྱས་པ་ཅི་ལྟར་མང་ན་རང་དབང་གི་འདུ་ཤེས་འཕྲོག་པ་ཡང་དེ་ལྟར་མང་།

ངན་ལངས་ནི་བརྩེ་བ་ལས་ལྡོག་པ་ཤིག་ཡིན། དེས་བྱིས་པ་རང་གིས་འཚོ་བའི་མྱོངས་བ་འཕྲོག་ནས། བྱིས་པ་ལ་བཙན་གྱིས་འཚོ་བའི་ནུས་པ་མང་པོ་ཉནས་པར་བྱེད་པ་ཡིན། དེ་ནི་ཅིའི་ཕྱིར་ངན་ལངས་ལ་བཏང་བའི་བྱིས་པ་ལ་གནད་དོན་མང་པོ་ཐོན་པ་སྟེ། རང་ཚུགས་མེད་པ་དང་ཁྱིམ་ནས་བཙན་པ་ལྟ་བུ།
བརྩེ་བ་ནི་བྱིས་པ་ལ་རང་དབངབསྤྲོད་པ་དེ་ཡིན་ལ། བྱིས་པའི་རང་ཚུགས་གསོ་སྐྱོང་བྱེད་པ་ཡང་ཡིན། དེའི་སྔོན་འགྲོའི་ཆ་རྐྱེན་ནི་བྱིས་པ་ལ་ཡིད་ཆེས་བྱེད་པ་ཡིན། རང་དབང་ལྡན་པའི་མི་ལ་ད་གཟོད་སྒེར་ཚུགས་ཀྱི་བསམ་བློ་དང་མི་གཞི་ཡོད། དེ་ལྟ་བུའི་མི་ལ་ད་གཟོད་འཚོ་བའི་ཁྲོད་ནས་རྐང་ཚུགས་པའི་མ་རྩ་ཡོད། དེ་བས་ཕ་མས་རང་ཚུགས་ཐུབ་པ་དང་བདེ་སྐྱིད་ལྡན་པའི་བྱིས་པ་ཞིག་སྐྱེད་བསྲིངས་བྱ་བསམ་ན་ངེས་པར་དུ་བྱིས་པ་ལ་བཟོད་སྒོམ་དང་རང་དབང་སྤྲོད་དགོས།

གཏོང་ཕོད་ཀྱི་རྩ་དོན་ནི་བྱ་བ་མཐའ་དག་གི་ཐོག་མར་ཚོད་འཛིན་མི་བྱེད་པར་མཛུབ་སྟོན་བྱེད་པ་དེ་ཡིན། དོགས་པ་ཟ་མི་རུང་བར་ཡིད་ཆེས་བྱེད་དགོས། ལག་མི་བསྲིངས་བར་བཟོད་སྒོམ་བྱེད་དགོས།
02

གཙི་བཀུར་གྱི་བསམ་པ།
ག་ལེར་གྱིས་ཟེར་བ་དང་སེམས་ཆུང་བྱོས་ཟེར་བ་ནི་ཁ་ཚིག་ངན་པ་ཞིག་ཡིན།
བྱིས་པས་ཟ་མ་ཅུང་ཙམ་གཏོར་བའམ་ལམ་དུ་འགྱེད་ཙམ་བྱས་པ། སེམས་ཆུང་མ་བྱས་པར་ཟས་སྣོད་བཅག་པ། ཆུ་འཐུང་དུས་གློ་ལ་བརྒྱབ་པ། ཡང་ན་ལྷམ་གོན་ནོར་ཐེབས་པ། སྒོ་རྒྱག་དུས་སྒྲ་ཆེ་བ། ལས་བྱ་ལ་ནོར་འཛོལ་བྱུང་བ། རྒྱུགས་སྐར་མ་ལོན་པ་སོགས་བྱིས་པའི་འཚོ་བའི་ག་ས་གང་དུ་ཡང་ག་ལེར་བྱོས་དག་མཉམ་འཇོག་བྱོས། སེམས་ཆུང་བྱོས་སོགས་གསལ་འདེབས་ཀྱི་ཚིག་གིས་གང་ཡོད།

ང་ཚོའི་གོམས་སྲོལ་ནི་ཚད་ལས་བརྒལ་བའི་སེམས་ཁུར་བྱེད་མདོག་སྟོན་པ་དེ་ཡིན། དེ་ལྟར་མ་བྱས་ན་ངོ་འཁྱག་བྱས་པར་བསམ་བཞིན་ཡོད། འོན་ཏེ་ཞིབ་འདང་ཞིག་རྒྱོབས་དག་། ང་ཚོས་གཞན་ལ་ག་ལེར་བྱོས་དང་སེམས་ཆུང་བྱོས་སོགས་ཟེར་དུས་གཞན་ལ་གསལ་འདེབས་བྱེད་དགོས་པར་བསམ་པ་ཡིན་ནམ་ཡང་ན་ང་ཚོས་གཞན་པནདེར་སེམས་ཁུར་བྱེད་བཞིན་པ་གོ་རུ་འཇུག་བྱེད་ཡིན། མི་ཞིག་གིས་ཆུ་གློ་ལ་བརྒྱབ་རྗེས་ད་གཟོད་སེམས་ཆུང་མི་བྱེད་པ་དང་ས་ལ་ཐེངས་གཅིག་འགྱེད་ན་ས་རེད་ཐེངས་གཉིས་འགྱེད་སྲིད་དམ།

ཆེས་མཐོ་བའི་གུས་བཀུར་དང་སེམས་བཟང་ནི་ངེས་པར་དུ་ཅི་ཞིག་བཤད་པའམ་སྒྲུབ་པ་མ་ཡིན་པར་ཚད་དང་རན་པའི་སྒོ་ནས་སེམས་ཁུར་བྱས་ཏེ་བྱིས་པར་བདེ་སྣང་སྟེར་རྒྱུ་རྩ་དོན་དུ་འཛིན་དགོས།
བྱིས་པས་ཟས་གློ་བར་བརྒྱབ་ན་གློ་ལུ་ཙམ་བྱས་པས་ཆོག དེ་ལ་ཚང་མས་དོ་སྣང་བྱེད་དགོས་དོན་མེད་ལ་གསལ་འདེབས་དེ་བས་ཀྱང་བྱེད་དགོས་དོན་མེང། མི་རྒན་ཚོས་རང་ཉིད་ཀྱི་སེམས་ཁུར་བྱེད་སྟངས་མཚོན་ཆེད་མི་རེས་ཚིག་རེ་བྱས་ནས་བྱིས་པ་ལ་མི་བདེ་ལ་ག་ཙམ་བཟོས་ཡོད་སྲིད།

བྱིས་པས་རང་ཉིད་ཀྱི་ངོ་སོ་ཤོར་ནས་རང་ཉིད་ཅི་འདྲ་གླེན་སྣང་འཆར་དུས་བྱིས་པ་འགའ་ཞིག་གིས་ཁོང་ཁྲོ་ལངས་ནས་ངོ་སོ་ལེན་ཐབས་བྱེད། ཁ་གྲག་རྒྱུར་མི་དགའ་བའི་བྱིས་པ་ཚོས་སྡུག་སེམས་ལ་བཅུག་ནས་ཅི་ཡང་མི་སྨྲ་བ་ནི་དེ་བས་ཀྱང་སྙིང་རྗེ།
བྱིས་པ་ལ་དགའ་ན་སེམས་ནས་ཤ་ཚ་རྒྱུ་གཙོ་བོ་ཡིན། བྱིས་པར་སེམས་ཁུར་བྱེད་མདོག་ཁ་བོ་བྱས་ནས་སྡུག་ལ་སྦྱོར་བ་ནི་མི་ལེགས་པ་ཡིན། དེ་ལྟར་བྱས་ན་བྱིས་པའི་སེམས་ཁམས་དྭངས་མི་སྲིད། དེ་བས་དོན་ཆུང་དག་མ་མཐོང་ཁུལ་གྱིས་ལ་བྱིས་པར་དཀའ་ལས གཏོད་པ་ཉུང་ཉུང་བྱོས།
03

རྒྱུ་ནོར་གྱི་ལྟ་བ།
ནང་སེམས་ཕྱུགས་པའི་བྱིས་པ་ཚོས་སྒོར་མོ་གང་འདོད་དུ་བརླག་མི་སྲིད། བྱིས་པའི་མ་འོངས་པར་སྒོར་མོ་གང་འདོད་དུ་བརླག་མིན་ལ་གནད་འགག་གཉིས་ཡོད་དེ། གཅིག་ནི་ཁྱིམ་བདག་གིས་མིག་དཔེ་བཟང་བོ་སྟོན་པ་དང་གཉིས་ནི་ནང་སེམས་ན་དངོས་པོ་ཉུང་བའི་འདུ་ཤེས་ཡོད་མེད་ལ་ཐུག་ཡོད། སེམས་ཁམས་བདེ་ཐང་ཅན་གྱི་བྱིས་པའི་ནམ་ཡང་འཚོ་བའི་གནད་དོན་ལེགས་པོར་ཐག་གཅོད་བྱེད་ཐུབ་ལ་ནང་སེམས་ཕྱུགས་པོ་ཡིན་པའི་བྱིས་པས་སྒོར་མོ་གང་འདོད་དུ་བརླག་མི་སྲིད།

མི་ཞིག་གསོན་པའི་དམིགས་ཡུལ་ནི་བདེ་དགའ་ལོངས་སྤྱོད་ཡིན་པས་སྒོར་མོ་དེ་འདྲའི་གལ་ཆེན་ལ་བརྩི་མི་རུང་། སྒོར་མོ་ནི་འཚོ་བ་ལ་ཞབས་འདེགས་བྱེད་སྤྱད་ཙམ་ཡིན་པས་གྲོན་ཆུང་བྱེད་པ་འཚོ་བའི་རྩ་དོན་དང་པོར་འཇོག་མི་དགོས།
གྲོན་ཆུང་བྱེད་པ་ཚད་ལས་བརྒལ་བ་ནི་དོན་དངོས་སུ་སྒོར་མོ་ལ་མཐོང་ཆེན་བྱེད་པ་ཚད་ལས་བརྒལ་བ་ཡིན།དེ་ནི་ནང་སེམས་དབུལ་བོ་ཡིན་པའི་མཚོན་རྟགས་ཤིག་ཡིན་ལ། འཚོ་བའི་མཐར་ཐུག་གི་དམིགས་འབེན་མ་རྙེད་པའི་མཚོན་རྟགས་ཤིག་ཀྱང་ཡིན། ཁྱིམ་བདག་གིས་གྲོན་ཆུང་བྱེད་པ་ཚད་ལས་བརྒལ་ན་བྱིས་པ་ལ་སེར་སྣ་ཆེ་བའི་སྐྱོན་བྱུང་བའམ་ཡང་ན་ཆུང་དུས་ནས་བཟུང་ནང་སེམས་དབུལ་སྣང་སྐྱེས་ནས་དངོསཔོའི་ཐད་ཀྱི་འདོད་ཧམ་ཇེ་ཆེར་འགྲོ་སྲིད།

ཕ་མས་སྒོར་མོ་ལ་འཛིན་པའི་ལྟ་སྟངས་གིས་བྱིས་པར་ཤུགས་རྐྱེན་ཐེབས་ངེས།་གལ་ཏེ་ཁྱིམ་བདག་གིས་སྒོར་མོ་ལ་དད་མོས་དང་འཚོལ་སྙེག་མི་བྱེད་པར་དེ་ནི་འཚོ་བའི་ལག་ཆ་ཞིག་ཏུ་བརྩིས་པ་ཡིན་ན། བྱིས་པས་ཀྱང་ཁྱིམ་བདག་གི་ལད་མོ་བྱས་ནས་སྒོར་མོ་ལ་དོ་སྣང་དེ་ཙམ་བྱེད་མི་སྲིད།

བྱིས་པའི་ནང་སེམས་ཕྱུགས་པོར་བཏང་ན་ད་གཟོད་བདེ་དགའ་ལོངས་སྤྱོད་ཀྱི་སྣང་བ་ཡོད་ལ་བདེ་ཐང་གི་རྒྱུ་ནོར་གྱི་ལྟ་བ་ཡང་ཆགས་ཐུབ།
མི་ཡིས་རྒྱུ་ནོར་ལ་དགེ་སྡུག་གི་ངོ་བོ་གང་རུང་བསྩལ་ཆོག་མོད་རྒྱུ་ནོར་གྱིས་མིའི་དགེ་སྡུག་ཐག་གཅོད་བྱེད་མི་ཐུབ། དཔེར་ན་བྱིས་པར་ལོ་སར་གྱི་སྒོར་མོ་བཀོལ་སྤྱོད་བྱེད་དུ་བཅུག་པས་ངན་རྐྱེན་ཐེབས་མི་སྲིད། སྒོར་མོ་ནི་ཤི་བོ་ཡིན་ལ་དོན་དངོས་སུ་བྱིས་པར་ཤུགས་རྐྱེན་ཐེབས་མཁན་ནི་མི་ཡིན་ལ་ནང་དགོས་སུ་ཁྱིམ་བདག་ཡིན།

ཕ་མ་དང་བུ་ཕྲུག་ནི་ཚེ་འདིེ་འབྲེལ་ཙ་ཆེས་ཟབ་ཤས་ཡིན། ད་སྐབས་ཚང་མས་བྱིས་པ་ལ་སློབ་གསོ་ལེགས་པོ་སྤྲོད་པ་ནི་བྱིས་པ་ལ་ཡིད་རྟོན་རུང་ཙའི་རྒྱུ་ནོར་རྩ་ཆེན་བྱིན་པ་ལས་ཀྱང་ལྷག་པ་ཁས་ལེན། འོན་ཀྱང་བྱིས་པ་ལ་སླིབ་གསོ་གང་འདྲ་ཞིག་སྤྲད་ཡོད་པའི་ཐད་ནས་ཁྱིམ་བདག་དག་གི་བར་ཆད་ཧ་ཅང་ཆེ། བར་ཆད་དེ་ནི་འདུ་ཤེས་དང་ཐོབ་ཐང་། གོ་གནས། རིག་གནས་ཡོད་མེད་སོགས་ཀྱི་ཁྱད་པར་མ་ཡིན་པར་སློབ་གསོ་བྱེད་སྟངས་ཀྱི་ཁྱད་པར་ཡིན།

ཕ་མ་ཚང་མས་བྱིས་པ་ནི་ནམ་ཞིག་ང་ཚོ་དང་ཁ་བྲལ་ནས་སྤྱི་ཚོགས་སུ་ཞུགས་ཏེ་རང་ཉིད་ཀྱི་ཀླད་པ་དང་ལག་སྲུང་ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེ་བསྐྲུན་དགོས་པ་ཤེས་ཡོད།
ང་ཚོས་བྱིས་པ་ཆུང་དུས་སྐྱིད་ཅིང་བདེ་བའི་འཚོ་བ་སྤྲད་ཆོག་ན་ཡང་ཚེ་གང་བོར་དེ་ལྟར་བྱེད་ཐབས་མེད། ནམ་ཞིག་བྱིས་པ་རང་ཉིད་ཀྱིས་འཚོ་བ་ལ་གདོང་གཏད་དགོས་ལ། རང་ཉིད་ཀྱིས་གནད་དོན་ཐག་གཅོད་བྱས་ནས་དཀའ་སྡུག་ལ་གདོང་གཏོད་དགོས།

དེ་བས་ཁྱེད་ངོ་མ་བྱིས་པ་ལ་དགའ་ན་ཁོ་རང་སྤྱི་ཚོགས་སྟེང་མ་ཞུགས་པའི་ཡར་སྔོན་དུ་སྤྱི་ཚོགས་སུ་ཞུགས་པའི་ནུས་རྩལ་བསླབ་དགོས། དེ་ནི་བྱིས་པ་ལ་སྤྲད་པའི་ཚེས་ཆེ་བའི་རོགས་རམ་དང་སྲུང་སྐྱོབ་ཡིན། གྲོང་ཁྱེར་དང་ཞིང་གྲོང་གང་ཡིན་ཡང་། དབུལ་བོ་དང་ཕྱུགས་པོ་ཅི་ཡིན་ཡང་། དཔོན་ཆེན་དང་མི་ཟེར་གང་ཡིན་ཡང་། ཁྱེད་ཀྱིས་རང་གི་བྱིས་པ་ལ་ཆེས་བཟང་བའི་སློབ་གསོ་སྤྲད་ཆོག་སྟེ། བྱིས་པར་འགྲོགས་ནས་དཔེ་ཀློག་བྱེད་པ་དང་བྱིས་པ་ལ་རང་དབང་གི་ཁོར་ཡུག་སྐྲུན་པ། རང་ཉིད་ཀྱིས་མིག་དཔེ་བཟང་བོ་སྟོན་པ་སོགས་བྱས་ཆོག

ཕ་མ་ཞིག་གི་ཆེས་ཆེ་བའི་ལས་འགན་ནི་སྤྱི་ཚོགས་དང་འཚམ་པའི་བྱིས་པ་ཞིག་སྐྱེད་བསྲིང་བྱེད་རྒྱུ་དེ་ཡིན། འདི་ནི་ཕ་མ་ཡོད་ཚད་ཀྱིས་བྱིས་པར་སྤྲོད་ཐུབ་པའི་རྒྱུ་ནོར་ཡིན་ལ་བྱིས་པའི་མི་ཚེ་ནང་ཆེས་མཛེས་པའི་ལག་སྐྱེས་ཀྱང་ཡིན་ནོ།།

རྩོམ་པ་པོ་ངོ་སྤྲོད།

ཐེ་རྐྱང་ཉག་ཕྲན་ནམ་འཇིགས་བྱེད་སྐྱབས།
༡༩༨༥ལོར་མདོ་སྨད་མཛོད་དགེ་རྐྱང་ཚ་རུ་སྐྱེས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བོད་ཀྱི་རྩོམ་རིག་དང་དེའི་ཞོར་དུ་བླ་བྲང་བཀྲ་ཤིས་འཁྱིལ་ནས་ཡིག་གཟུགས་དང་སྒྲ་སྙན་ངག་དང་མངོན་བརྗོད་བསྡུས་གྲྭ་སོགས་ལ་སྦྱངས། མདོ་སྨད་ཀིརྟི་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་དགེན་དཀོན་ཅོག་བཟོད་པ་སོགས་ཀྱི་མདུན་ནས་སུམ་རྟགས་དང་། སྙན་ངག་དག་ཡིག་གཟུགས་བསྡུས་གྲྭ་སོགས་ལ་སློབ་སྦྱོང་བྱས་པ་སོགས་སློབ་གཉེར་གྱི་བགྱི་བ་མ་བཏང་བར་ཡོད། ད་ལྟ་ཛམ་ཐང་བོད་ཡིག་སློབ་འབྲིང་གི་བོད་ཡིག་གི་དགེ་རྒན་ཡིན།