༡  སློབ་གསོའི་ཐབས་ལམ་འདི་གསུམ་ལས་ང་ཚོར་ཕན་པ་ཐོབ།

ང་ཚོ་སྐྱེ་དུས་ནས་གཉོམ་ཆུང་ཡིན་རྐྱེན་ང་ཚོར་སྟོབས་ཤུགས་མཁོ།  ང་ཚོ་སྐྱེ་དུས་ནས་ཁེར་རྐྱང་ཡིན་རྐྱེན་ང་ཚོར་རོགས་ཟླ་དགོས། ང་ཚོ་སྐྱེ་དུས་ནས་རྨོངས་རྟུལ་ཡིན་རྐྱེན་ང་ཚོར་བློ་རིག་དགོས། གང་ལྟར། ང་ཚོར་སྐྱེ་དུས་ནས་དབུལ་བའི་ཤེས་བྱ་དང་ནར་སོན་རྗེས་དགོས་འདོད་ཐ་དག་སློབ་གསོ་ཁོ་ནའི་ལེགས་སྐྱེས་ལས་ཐོབ།

ང་ཚོར་མཁོ་བའི་སློབ་གསོ་འདིའི་རིགས་ནི། རང་བྱུང་ཁམས་དང་། སྲིད་པའི་མི།  འཇིག་རྟེན་དངོས་པོ་ཅི་རིགས་ཀྱི་སྙིང་རྩར་སིམ་ཡོད་ངེས།  ང་ཚོའི་ལུས་ཕུང་དང་སྟོབས་ཤུགས་ཀྱི་འཕེལ་ཆོས་དག་ནི་རང་བྱུང་གི་སློབ་གསོ་དང་གཅིག  མི་གཞན་པས་ང་ཚོའི་འཕེལ་ཆོས་འདི་ཇི་ལྟར་བཀོལ་བ་ནི་མི་ཡི་སློབ་གསོ་དང་གཉིས།  ང་ཚོས་ཉེ་འཁོར་གྱི་ཁོར་ཡུག་ག་གེ་མོ་ནས་བླངས་པའི་ཉམས་མྱོང་དག་ནི་བྱ་དངོས་ཀྱི་སློབ་གསོ་དང་བཅས་སློབ་གསོའི་ཐབས་ལམ་ཆེན་པོ་གསུམ་དུ་འདོད།

ང་ཚོ་མི་རེ་རེར་སློབ་གསོའི་ཐབས་ལམ་འདི་གསུམ་ལས་ཕན་པ་ཐོབ་དང་ཐོབ་མུས་ཡིན། མི་རྐྱང་པ་བ་ཞིག་གི་ཐོག་ནས་གླེང་ཚེ། གལ་ཏེ་ཐབས་ལམ་འདི་གསུམ་པོ་ཕན་ཚུན་འགལ་འདུར་ཕྱིན་ཚེ། མི་གང་ཉིད་ལ་ཤུགས་རྐྱེན་ངན་པའི་རིགས་ཐེབས་སྲིད་ལ། བརྒྱ་ལ་སློབ་གསོའི་ཐབས་ལམ་འདི་གསུམ་པོ་མཐུན་སྦྱོར་གཅིག་འགྱུར་བྱུང་ཚེ། མི་གང་ཉིད་ཀྱི་དམིགས་པ་ཐ་དག་རིམ་བཞིན་འགྲུབ་ངེས་ལ་འཚོ་བའང་བློ་བདེ་བག་ཕེབས་ཤིག་བྱུང་སྲིད།  ང་ཚོས་མི་དེ་རིགས་ལ་སློབ་གསོ་ལེགས་པོ་ཞིག་ཐོབ་པ་རེད་ཅེས་བརྗོད་ན་ཆོག་སྙམ།

ད་སྐབས་ཀྱི་གནས་ཚུལ་ལ་བློ་ཞིབ་མོས་བསམ་ན།  སློབ་གསོ་མ་འདྲ་བ་དེ་གསུམ་གྱི་ཁྲོད་དུ་རང་བྱུང་གི་སློབ་གསོ་ནི་ང་ཚོས་ཐག་གཅོད་དང་ཁས་ལེན་དཀའ་བ་ཞིག་ཡིན། དེ་ལྟར་ཕ་མས་སྐབས་སྐབས་སུ་བྱིས་པའི་ཉེ་འཁོར་གྱི་ཁོར་ཡུག་དང་དོན་དག་ལ་ཚོད་འཛིན་བྱེད་ཐུབ་ནའང་།  སྐད་ཆ་དང་བྱ་བ་གཉིས་ཀར་ཐ་གཅིག་ཏུ་ཚོད་འཇིན་བྱེད་ག་ལ་ཐུབ།


༢  འཚོ་ཤེས་པ་དང་། མིའི་ཚུལ་སྲུང་ཤེས་པ།

འབྱུང་ཁམས་ཀྱི་སྒྲིག་གཞིའི་ཁྲོད་དུ་མི་ཚང་མ་ནི་འདྲ་མཉམ་རེད། ཁོ་ཚོའི་མཐུན་མོང་གི་ཆ་ནི་ཐོག་མ་ནས་ལུས་ཐོག་ཏུ་མི་གཤིས་མངའ་བ་དེ་ཡིན། དེར་བརྟེན་སློབ་གསོ་ལེགས་པོ་ཞིག་ཐོབ་པའི་མིའི་ངོས་ནས་བཤད་ན། ཁོས་མིག་མདུན་གྱི་དམིགས་ཡུལ་དང་འབྲེལ་ཡོད་ཀྱི་རེ་བ་ཆུང་ཆུང་ལའང་སྣང་ཆུང་བྱེད་མི་སྲིད།  དོན་དམ་དུ་ངའི་སློབ་ཕྲུག་གི་ཕུགས་བསམ་ནི་དམག་མི་བྱ་རྒྱུའམ།  ཆོས་པ། ཡང་ན་ཁྲིམས་རྩོད་པ་ཞིག་བྱ་འདོད་པའི་སྐོར་ལ།  ང་སྒེར་གྱིས་བསམ་འཆར་ཅི་ཡང་མེད། ཁོ་ཚོའི་ཕ་མས་ཁོ་ཚོར་འཚམ་པའི་ལས་རིགས་ཤིག་མི་གདམ་སྔོན་ནས་རང་བྱུང་ཁམས་ཀྱིས་ཁོ་ཚོ་མིར་འགྱུར་དུ་བཅུག་ཡོད།

འཚོ་བ་ནི་ངས་ཁོ་ལ་སློབ་ཤིང་གདམ་པའི་འཇོན་ནུས་གཅིག་པུ་དེ་རེད།  ངེད་ཀྱི་སློབ་སྒོ་ནས་མར་དོན་མཁན་ཞིག་ལ་ཆ་མཚོན་ན། ཁོ་ནི་དཔོན་པོ་དང་དམག་མི། ཡང་ན་ཆོས་པ་ཞིག་མིན་པར། ཁོ་ནི་མ་འོངས་པར་མི་ཞིག་ཡིན་པ་ནི་ངས་ཁས་ལེན་བྱེད་པ་གཙོ་བོ་དེ་ཡིན།  མི་ཡག་པོ་ཇི་ལྟར་བྱ་དགོས་པ་ནི་ཁོས་མགྱོགས་མྱུར་ཤེས་ངེས་ལ།  ལས་དབང་གིས་ཁོའི་གནས་བབ་ལ་འགྱུར་བ་གཏོང་དཀའ་ན་ཡང་།  ཁོ་ནི་ནམ་ཡང་ཁོ་རང་ཉིད་ཀྱི་གནས་སུ་འགྲེང་ནས་ཡོད།

ང་ཚོས་ཞིབ་འཇུག་བྱེད་དགོས་གལ་ཆེ་བ་ནི་མི་དང་ཁོར་ཡུག་རེད།  ངའི་ལྟ་བ་ནི་ང་ཚོའི་ཁྲོད་དུ་སུ་ཞིག་གིས་འཚོ་བའི་སྐྱིད་སྡུག་ཟུང་འཛུམ་གྱིས་ཐེག་ནུས་ན།  དེ་ནི་སློབ་གསོ་ལེགས་གྲས་ཐོབ་པའི་མི་ཞིག་རེད།  གནད་དོན་དེར་གཞིགས་ཚེ་དོན་ངོ་མའི་སློབ་གསོ་ནི་དོན་དུ་འཁྱོལ་བ་ཡིན་ལ་ཁ་ནས་བཤད་ཐུབ་པ་ཙམ་ཞིག་ག་ལ་ཡིན། ང་ཚོས་ཐོག་མར་འཚོ་བ་ཞེས་པའི་ཡིག་འབྲུ་གཉིས་པོའི་རུམ་དུ་འཇུག་དུས་ནས་ངོ་ཚོར་སློབ་གསོ་ཐོབ་འགོ་བཙུགས་ཟིན།

ང་ཚོའི་སློབ་གསོ་ནི་རང་ཉིད་ནས་འགོ་འཛུགས་དགོས་ཤིང་།  ང་ཚོའི་དགེ་རྒན་ཐོག་མ་ནི་ང་ཚོའི་ཕ་མ་དང་བུ་རྫི། ཡང་ན་ཐོག་མའི་ལྟ་རྟོག་བྱེད་མཁན་དེ་དག་ཡིན། གནའ་མིས་རྒྱུན་དུ”སློབ་གསོ”(Education)ཞེས་པའི་མིང་ཚིག་འདིས་དོན་གཞན”གསོ་སྐྱོང”(Nurture)ལའང་འགྲེལ་བཞིན་ཡོད།  ཝ་ལོས③”སྐྱེ་རོགས་སྨན་པས་སྐྱེ་ཤུགས་སྦྱིན།  མ་མས་ནུ་ཞོ་ལྡུད། ཁྱིམ་ཚང་དགེ་རྒན་གྱིས་བློ་སྒོ་ཕྱེ། དགེ་རྒན་གྱིས་བཀའ་སློབ་བསྩལ” ཟེར།

དེར་བརྟེན་སློབ་གསོ།  སྦྱོང་བརྡར།  ཁ་བརྡ་ནི་དོན་དག་མ་འདྲ་བ་གསུམ་ཡིན་ཏེ། ཁོ་ཚོའི་དམིགས་ཡུལ་ནི་བུ་རྫི་དང་། ཁྱིམ་ཚང་དགེ་རྒན། དགེ་རྒན་གསུམ་པོ་བཞིན་མི་འདྲ་བ་རེད།  འོན་ཏང་མི་འདྲ་བ་དེ་ཚོ་ཚང་མ་ང་ཚོས་དང་དུ་ལེན་པའི་དགོས་པ་མེད།  བྱིས་པས་དམིགས་ཡུལ་རིགས་གཅིག་གི་སྣེ་ནས་མཐུད་དེ་དེའི་སྙིང་པོ་དང་དུ་ལེན་རྒྱུའོ།


༣  རང་སྲུང་ཤེས་པ། རང་བྱུང་གི་སློབ་གསོ།

མི་ཚོས་རྒྱུན་དུ་ཇི་ལྟར་གཅེས་ཕྲུག་ལ་སྲུང་སྐྱོང་བྱེད་དགོས་པའི་བསམ་བློ་རྐྱང་པའི་ཐོག་ཏུ་མི་འདང་བའི་ཆ་ངེས་ཅན་ཡོད་དེ།  ང་ཚོས་བྱིས་པར་འཚར་ལོངས་བྱུང་རྗེས་ཇི་ལྟར་རང་སྲུང་བྱེད་པ། ཇི་ལྟར་ལས་དབང་གི་རྡུང་རྡེག་ཐེག་ནུས་པ།  ཇི་ལྟར་དབུལ་ཕྱུགས་ཀྱི་ངོ་འབག་ལ་གདོང་གཏད་བྱ་ཐབས།  ཇི་ལྟར་དགོས་ངེས་ཀྱི་འཁྱག་རོམ་དང་མེ་ལྕེའི་ཁོར་ཡུག་དང་མཉམ་གནས་བྱ་ཐབས་སོགས་ནི་དེ་བས་སློབ་དགོས་པའི་གནད་གལ་ཆེན་ཤ་སྟག་ཡིན།

ཁྱེད་ཀྱིས་གཅེས་ཕྲུག་ལ་འཆི་བར་གཡོལ་ཐབས་སློབ་པ་ནི་ངལ་བ་སྟོང་ཟད་ཀྱི་ལས་ཀ་ཞིག་རེད་དེ། ཁོ་ནི་མཐའ་མར་འཆི་ངེས་ཡིན་པ་དང་། མ་གཞི་ཁོའི་འཆི་རྐྱེན་ནི་ཁྱེད་ཀྱི་ལྟ་རྟོག་ཟབ་མོ་ལས་བྱུང་བ་མིན་མོད།  ཁྱེད་ཀྱིས་དུས་ཚོད་རིང་པོའི་ལྟ་རྟོག་དེ་འདྲར་བྱིས་པས་གོ་ནོར་ཐེབས་ཀྱང་སྲིད།

དེར་བརྟེན།  རང་གི་ཆེས་སྙིང་ཉེ་བའི་གཅེས་ཕྲུག་ལ་འཆི་བར་གཡོལ་ཐབས་སློབ་ནས་མི་སྡོད་པར།  འཚོ་བ་ནི་དབུགས་འབྱིན་རྔུབ་ཙམ་མིན་པར་ལས་དངོས་ལ་འཇུག་དགོས་པ་དང་།  ང་ཚོའི་དབང་པོ་ལྔ་དང་།  བསམ་བློ།   འཇོན་ནུས་སོགས་ལེགས་པར་བཀོལ་ནས་རང་ཉིད་ཀྱི་ཆ་ཤས་ཐ་དག་གསོན་པོར་གནས་པ་ཚོར་ཐུབ་པའི་སྤོབས་པ་དེ་རྒྱུད་ལ་སྐྱེ་རྒྱུ་བསླབ་དགོས།

དོན་སྙིང་ལྡན་པའི་འཚོ་བ་སྐྱེལ་མཁན་ནི་སྐུ་ཚེ་ཆེས་རིང་བའི་རྒན་པོ་དག་ཡིན་པའི་ངེས་པ་མེད་དེ་རང་གི་ཚེ་སྲོག་དང་འཚོ་བ་ལ་མྱོང་སྣང་ཆེས་ཆེར་ལྡན་པའི་མི་རྣམས་ཀྱི་མཚན་ཉིད་རེད། མི་འགའ་རེ་ནི་ལོ་གྲངས་བརྒྱ་བར་དུ་གསོན་ཐུབ་སྲིད་ཀྱང་།  གཅིག་བྱས་ན་ཁོ་ནི་དོན་དམ་གྱི་འཚོ་བ་མྱོང་མི་ཐུབ་མཁན་དང་།  ཉིན་གཅིག་ཀྱང་གསོན་མེད་པ་ཞིག་རེད། དེ་ལྟར་ཡིན་ཚེ་ཁོ་ལོ་ན་ཆུང་དུས་ནས་འཆི་བ་དང་ཁྱད་ཅི།

ང་ཚོའི་བློ་རིག་ནི་བྲན་གཡོག་གི་ཕྱོགས་སུ་ལྷུང་བའི་ལྟ་བ་ཤ་སྟག་ཡིན་ཏེ།  ང་ཚོའི་སྲོལ་རྒྱུན་འགའ་ཤས་ལ་བྲན་དང་།  བཙན།  མནོན་སོགས་ཀྱི་དྲི་མ་འགོས་ཡོད།  དཔལ་ཡོན་ཅན་གྱི་མི་ནི་ཚེ་གཅིག་བྲན་དང་།  ཤི་རྗེས་སྔར་བཞིན་བྲན་ལ་འཛིན།  ཁོ་སྐྱེས་མ་ཐག་ནས་ཚོད་འཛིན་གྱི་རྙི་རུ་ཚུད་ཡོད་ཅིང་འཆི་དུས་ཀྱང་རོ་སྒམ་ཐོག་ཏུ་བཙེམས་ཡོད། དེ་ལྟར་ཁོའི་མི་ཚེ་ནི་ཚོད་འཛིན་གྱི་ཡོལ་བས་བཀབ་ཡོད།

     

༤  སྦྱོང་བརྡར་ཚད་ལ་རན་པ་བྱེད་དགོས། གཅེས་ལངས་ཤོར་བའི་བྱིས་པ་ནི་སྡུག་འཕྲད་དུས་ན་ཟླ་གཞན་ལས་ལྡབ་འགྱུར་གྱིས་སྐྱོ།

སྐྱེས་མའམ་ཡུམ་ཆེན་ཞིག་གི་ངོས་ནས་གླེང་ཚེ།  བྱིས་པར་སེམས་ཁུར་ཚད་ལས་འདས་པ་བགྱིས་དུས་བྱིས་པས་རང་བཞིན་དུ་དེ་ལས་ལྡོག་པའི་ལམ་ཞིག་གི་ཐོག་ནས་རང་བྱུང་ཁམས་དང་འགལ་ཏེ་འགྲོ  ཡུམ་འདི་རིགས་ཀྱིས་རྟག་ཏུ་བྱིས་པ་གང་ཉིད་རང་གི་དད་པའི་ཡུལ་དུ་བརྩི་ཡང་སྲིད།

ཡུམ་གྱི་ཐོག་མའི་འདོད་འདུན་ནི་བྱིས་པས་རང་ཉིད་ལུས་ཐོག་གི་ཉམས་ཆུང་ནུས་ཞན་ཚོར་དུ་མི་བཅུག་པའི་ཆེད་དུ་ཡིན་མོད།  དེས་བྱིས་པའི་ལུས་ཐོག་ཏུ་དེ་ལས་ལྡོག་པའི་ཤུགས་རྐྱེན་ཐེབས་ཏེ་བྱིས་པ་སྔར་ལས་ནུས་ཞན་དང་ཉམས་ཆུང་དུ་འགྱུར་སྲིད།   ཁོ་མོས་རང་གི་བྱིས་པ་རང་བྱུང་གི་སྲོལ་གྱིས་མི་གནོད་པའི་ཆེད་དུ་སྡུག་བསྔལ་སྣ་ཚོགས་ཀྱི་མྱོང་བར་གཡོལ་ཐབས་བསླབས་མོད། དོན་དངོས་ཐོག་ཁོ་མོས་མི་ཤེས་པའི་གནད་གཅིག་ནི་ཏག་ཏག་ཁོ་མའི་འགེབ་སྲུང་དང་གཡོལ་ཐབས་ལས་བྱིས་པའི་མ་འོངས་ཀྱི་འཚོ་བར་སྡུག་བསྔལ་འདྲ་མིན་གྱི་སོན་འབྲུ་འདེབས་པའི་ཉེན་ཁ་ཡོད།   ཁོ་མོའི་བློ་ཡུལ་ལས་འདས་པ་ནི་རང་ཉིད་ཀྱི་དམིགས་པ་བཟང་པོ་དེས་བྱིས་པའི་མ་འོངས་ལ་སྡུག་བསྔལ་ཅི་འདྲ་ཞིག་སྦས་ཤིང་།  རང་ཉིད་ཀྱི་བྱ་ཐབས་འདིས་བྱིས་པ་སྔར་བཞིན་ཉམས་ཆུང་ནུས་མེད་དང་ནར་སོན་རྗེས་བཟོད་པར་དཀའ་བའི་སྡུག་བསྔལ་གྱི་ཕྱོགས་སུ་འདྲེན་གྱིན་ཡོད་པ་དེ་རེད།

རང་བྱུང་ཁམས་ལ་ཞིབ་ཏུ་བལྟ་ཞིབ་བྱས་ཏེ་ཁོས་བསྟན་པའི་ལམ་ལ་མུ་མཐུད་ནས་བསྐྱོད་དགོས།  རང་བྱུང་ཁམས་ཀྱིས་རྟག་ཏུ་བྱིས་པར་ཐབས་ཤེས་འདྲ་མིན་སྣ་ཚོགས་ལ་བསྟེན་ནས་སྦྱོང་བརྡར་སྤྲོད་པ་དང་།  བྱིས་པར་སྡུག་བསྔལ་དང་ཕམ་ཁའི་བྲོ་བ་སྦྱིན་ཀྱིན་ཡོད།  ཁྱེད་ཀྱིས་རང་བྱུང་ཁམས་ཀྱི་སྲོལ་དེ་འགྱུར་བ་བཏང་བས་བྱིས་པའི་སེམས་ལ་ཕོག་ཐུག་བྱུང་བ་དང་། ཁྱེད་ཀྱིས་དམིགས་པ་བཟང་པོར་འཛིན་པའི་བྱིས་པའི་ལྟ་རྟོག་བྱེད་ཐབས་ལ་འབྲས་བུ་ཐོབ་མེད་པ་རེད།  གནད་དོན་གྱི་འགག་རྩ་་ནི་གཅེས་ཕྲུག་ལ་ཕྱི་རོལ་ཡུལ་གྱི་སྦྱོང་བརྡར་ཐོབ་པའི་དོན་ནི་ཁྱེད་ཀྱིས་ཉེན་ཁ་ཆེ་བར་འཛིན་པས་ཡིན།

འོན་ཏང་དེ་ལས་ལྡོག་པ་ཞིག་ནི་ཐབས་ཤེས་དེས་ཉེན་ཁ་འགོག་གིན་ཡོད།   འཚོ་བའི་ཉམས་མྱོང་གི་ང་ཚོར་སློབ་བཞིན་པ་ནི་གཅེས་ལངས་ཤོར་བའི་བྱིས་པར་སྡུག་བསྔལ་ཆེན་པོ་འཕྲད་ཉེན་ཆེ།  གང་ལྟར་ང་ཚོས་བྱིས་པའི་ནུས་པའི་ཚད་ཐིག་ལས་མི་འགལ་བའི་ཁྱབ་ཁོངས་ནང་ཚུད་དུ་བྱིས་པས་རང་ཉིད་ཀྱི་ནུས་ཤུགས་བེད་སྤྱོད་བྱེད་དུ་འཇུག་པ་ནི་ཁྱེད་ཀྱི་གཡོལ་ཐབས་དང་བསྡུར་ན་ཉེན་ཁ་ཆུང་བ་ཞིག་རེད།

དེར་བརྟེན།  ཁོ་ཚོས་མ་འོངས་འབྱུང་ཉེན་ཆེ་བའི་སྡུག་བསྔལ་ལ་གདོང་གཏད་བྱ་བའི་ནུས་པ་སྐྱེད་སྲིང་བྱེད་རྒྱུ་གལ་འགངས་ཆེ།  དེ་ལྟར་ཁོ་ཚོའི་ལུས་པོར་སྦྱོང་བརྡར་བྱས་ནས། ཁོ་ཚོས་མ་འོངས་འཚོ་བའི་ཀློང་དུ་ཐོན་པའི་གནམ་གཤིས་ཚ་དྲང་དང་།  ཁོར་ཡུག བཀྲེས་སྐོམ།  ངལ་བ་སོགས་ཐེག་ནུས་པར་བྱེད་རྒྱུ་ནི་དམིགས་ཡུལ་ངོ་མ་དེའོ།

ང་ཚོས་བྱིས་པའི་ལུས་ཐོག་གི་གོམས་གཤིས་གཏན་འཇགས་མ་བྱུང་བའི་སྔ་རོལ་ནས་ཁྱེད་ཀྱི་བསམ་པའི་ནང་གི་གོམས་གཤིས་དག་བརྒྱུད་སྤྲོད་བྱས་ཚེ།  གོམས་བྱང་དུ་སོང་རྗེས་འགྱུར་ལྡོག་ཅི་ཡང་ཉེན་ཅན་གྱི་གནད་དུ་སོང་སྲིད།  བྱིས་པ་ཞིག་གིས་མི་རྒན་པས་མི་ནུས་པའི་འགྱུར་བ་ལ་བཟོད་བསྲན་བྱ་ཐུབ།  གང་ལ་ཞེ་ན་བྱིས་པའི་ལུས་པོའི་གྲུབ་ཆ་ནི་མཉེན་ཞིང་ལྡེམ་པས་ཡིན། ངལ་བ་ཆེན་པོ་བཀོལ་མི་དགོས་པར་བྱིས་པའི་ལུས་ཐོག་གི་འགྱུར་བའི་ཁ་ཕྱོགས་བསྒྱུར་ཐུབ།

འོན་ཏང་མི་རྒན་པའི་ལུས་པོ་ནི་ཁབ་ཁོབ་ཀྱི་རྣམ་པ་ཞིག་ཡིན་དུས་དྲག་ཤུགས་སྤྱད་ན་མ་གཏོགས་ད་ལྟའི་གནས་སྟངས་ལ་འགྱུར་བ་གཏོང་དཀའ།  དེར་བརྟེན་ང་ཚོས་གཅེས་པའི་ཚེ་སྲོག་དང་བདེ་ཐང་ལ་གནོད་པ་མི་ཡོང་བའི་འོག་ཏུ་བྱིས་པའི་གཟུགས་དང་བསམ་བློ་སྟོབས་ཆེན་དུ་གསོ་སྐྱོང་བྱེད་དགོས།  གང་ལྟར་བྱིས་པའི་གསོ་བའི་བརྒྱུད་རིམ་དུ་ཉེན་ཁ་ཏོག་ཙམ་འཕྲད་སྲིད་མོད་དེ་ལ་ཐེ་ཚོམ་གཏན་ནས་བྱེད་མི་རུང་། དེའང་མིའི་མི་ཚེར་ཉེན་ཁ་འདྲ་མིན་སྣ་ཚོགས་ཡོད་སྲིད་པ་བཞིན་ང་ཚོས་དེ་ཚོར་གདོང་གཏད་བྱ་རྒྱུ་ལས་ཐབས་གཞན་པ་ཡོད་དམ།


མཆན།

①མཁས་པ་མི་བཅུས་ཀྲུང་གོའི་སློབ་གསོ་གླེང་བ་ཞེས་པའི་སྤྱི་སྟེགས་ལས་བདམས།

②དུས་རབས་བཅོ་བརྒྱད་པའི་ནང་གི་ཧྥ་རན་སེའི་བསམ་བློ་བ། མཚན་ཉིད་རིག་པ་མཁས་ཅན། སློབ་གསོ་བ་གྲགས་ཅན།  དུས་རབས་བཅོ་བརྒྱད་པའི་ཧྥ་རན་སེའི་གསར་བརྗེ་ཆེན་མོའི་བསམ་བློའི་དེད་དཔོན།  ཆེས་ཕུལ་དུ་བྱུང་བའི་ཆབ་སྲིད་པ། འཆར་ཡན་རིང་ལུགས་རྩོམ་རིག་པའི་སྲོལ་གཏོད་པ་པོ།  བློ་འབྱེད་ལས་འགུལ་ཁྲོད་ཀྱི་རྩེར་སོན་མི་སྣ།  བརྩམས་ཆོས་སུ<<སྤྱི་ཚོགས་གན་ཆིངས>>དང་།  <<མིའི་རིགས་མཉམ་གནས་མིན་པའི་འབྱུང་རྩ་དང་རྨང་གཞི>> <<འགྱོད་པའི་ཟིན་ཐོ>><<ཨའེ་མི་འར>>སོགས་ཡོད།

③ཝ་ལོ།  རོམ་དུས་རབས་སྐབས་ཀྱི་ཆབ་སྲིད་པ་དང་ཤེས་ཡོན་པ་ཞིག