——གནའ་རྩོམ་དང་ལོ་རྒྱུས་བཀླགས་པའི་ལེའུ།

ང་ཚོ་ལས་དང་བསོད་ནམས་ཉིས་འཛོམས་ཤིག་དབང་གིས་ལྔ་རིག་ལྡིང་ཁང་འགྲིམ་པའི་མང་ཐོས་པའམ་དེང་གི་སྐད་ལྟར་བཤད་ན་སློབ་གསོ་མྱོང་མཁན་ཞིག་ཏུ་སྐྱེ་བ་ནི་ཁ་བསོད་བླ་ན་མ་མཆིས་པ་ཞིག་རེད་བསམ། སྐྱིད་འདིའམ་བདེ་བ་འདི་ང་ཚོ་རང་ཉིད་ཀྱིས་རྣམ་ཀུན་གསལ་བོར་མི་ཚོར་བ་མ་ཟད་སློབ་སྦྱོང་ཟེར་བ་འདི་ཇི་འདྲའི་སྡུག་ལ་གཏོད་བྱེད་ཀྱི་ལས་ཀ་ཐབས་ཆག་ཅིག་རེད་སེམས ཀྱིན་ཡོད་མོད། སློབ་གསོ་མྱོང་བའི་སྐལ་བ་མ་ལྡན་པའི་མི་མང་པོ་ཞིག་གིས་རྟག་པར་ང་ཚོ་སློབ་གཉེར་པ་དག་གི་འཚོ་བ་ལ་ཡིད་སྨོན་དང་འགྲམ་ཆུ་གང་མང་ལྡང་གིན་ཡོད། དེ་བས་རང་ཅག་གི་ཁ་དཔེ་ཞིག་ལ“བྱ་སྡོང་བརྐོའི་ལས་སུ་སྐྱེས་བཏང་ན།། མགོ་ན་རུང་སྡོང་བོ་བརྐོ་དགོས་འདུག།”ཅེས་པ་བཞིན་ང་ཚོས་ཀྱང་རང་ཉིད་ཀྱི་འཚོ་བ་འདི་བླ་ན་མ་མཆིས་པའི་སེམས་ཀྱི་ལོངས་སྤྱོད་ཅིག་ཏུ་ངོས་བཟུང་ནས་ལེགས་པོར་རོལ་ནུས་ན་ང་ཚོའི་འཚོ་བའི་ཁྲོད་བདེ་སྐྱིད་དེ་ལས་མང་པོ་ཡོང་བ་གཏན་ཁེལ་རེད།

དཔེ་ཆ་གང་ཞིག་བཀླགས་ཀྱང་དཔེ་དེབ་དེའི་ཡོན་ཏན་ཁོང་དུ་ཆུད་པ་བྱུང་ཚེ་ཡིད་ལ་དགའ་བ་སེམས་ཀྱིས་ནོན་དཀའ་བ་རེ་བྱུང་བ་དཔེ་ཀློག་པ་བྱིངས་ལ་ཡོད་པའི་ཁྱད་ཆོས་ཤིག་རེད། ང་ལ་མཚོན་ན་བོད་ཀྱི་གནའ་རབས་རྩོམ་རིག་གཙོ་བྱས་པའི་ནང་ཆོས་དང་། ལོ་རྒྱུས། དམངས་ཁྲོད་རྩོམ་རིག དེང་གི་འབོལ་རྩོམ་དང་སྒྲུང་གཏམ་སོགས་ལའང་མཚམས་ལན་རེར་རང་གི་ནུས་ཚོད་ཀྱིས་མིག་བཤེར་རེ་བྱེད་པའི་གྲལ་ཡིན། གནའ་རྩོམ་ཀློག་དུས་ཀྱི་བདེ་བ་ཐུན་མོང་མ་ཡིན་པ་དེ་ས་དགེ་བཀའ་རྙིང་རིས སུ་མ་ཆད་པའི་མཁས་དབང་རིམ་བྱོན་དག་གི་རྣམ་ཐར་དང་རྟོགས་བརྗོད། མཐའ་དཔྱོད་དང་འགྲེལ་རྩོམ། བསྟོད་ཚོགས་དང་རྟོགས་མགུར་ལྟ་བུའི་ཁྲོད་བདེ་བླག་ངང་རྙེད་འོང་བ་ཡིན། གནའ་རབས་ཀྱི་རྩོམ་རིག་གི་ཁྱད་ཆོས་སམ་བདག་བློ་ཀུན་ནས་འགུག་བྱེད་ཀྱི་ཆ་གཅིག་ནི་ཡིད་དུ་འོང་བའི་ཚིག་སྦྱོར་གྱི་ཉམས་འདོན་སྟངས། གཏན་ཚིགས་དང་བསམ་གཞིག་ཞིབ་མོའི་གནས་ལུགས་གཏན་ལ་འབེབ་ལུགས། དཔེ་དོན་གཉིས་གེའུ་ཁ་སྦྱོར་ཚུལ་གྱིས་འབྲེལ་ཆགས་པ།  སྒྲ་དང་ཚད་མ། གསོ་དང་ནང་དོན། བརྡ་སྤྲོད་དང་སྙན་ངག་བཅས་གཅིག་ལ་གཅིག་བརྟེན་དུ་གནང་བའི་ཚུལ་གྱིས་གྲུབ་པས་རིགས་ལམ་ཚགས་དམ་ཞིང་ཡི་གེ་རེ་རེའི་གོ་བརྡ་སྤྲོད་ཤུགས་ལ་ནུས་སྟོབས་བླ་ལྷག་མངོན་པ། རྩོམ་པ་པོ་རྣམས་ལ་མཐོང་རྒྱ་དང་ཐོས་རྒྱ་ཆེ་བའི་གྲུབ་རྟགས་སུ་མཛད་པ་ཤོས་ཆེ་བས་གོ་བསྐོན་བློ་འགུག་གི་ཡོན་ཏན་ཡོངས་སུ་འཛོམས། འདི་ནི་གནའ་རབས་རྩོམ་རིག་གི་ཐུན་མོང་མིན་པའི་ཁྱད་ཆོས་ལྟ་བུར་ཁོ་བོས་མཐོང་ཞིང་བོད་རང་གི་སྐད་ཆའི་སྒྱུ་རྩལ་ལ་བྱང་ཆ་ལེགས་པར་ཐོན་དགོས་ན་རྙིང་མ་དང་བཀའ གདམས་གཙོ་བོར་གྱུར་པའི་བརྩམས་ཆོས་རི་རབ་ཀྱི་གཏོས་དང་མཉམ་པ་དག་ལ་ག་ལེར་རང་གི་ནུས་ཚོད་རེ་མཇལ་ཐུབ་ན་ཉམས་མྱོང་ཤིན་ཏུ་མང་པོ་ལོན་རྒྱུ་ཡོད་པར་སྣང་།

གནའ་རྩོམ་ཀློག་པར་དཀའ་ངལ་དང་གེགས་རྒྱ་ཡང་ལྟོས་བཅས་ཀྱིས་མང་བར་མངོན་ཏེ། གཞུང་ཆེན་པོའི་སྤྱི་ཆིངས་ལ་བག་ཆགས་ཅུང་ཙམ་ལེགས་པོ་ཐོན་དགོས་པ། དཔེར་ན། བརྡ་སྤྲོད་རིག་པའི་ཕྱི་མོ་སློབ་དཔོན་ཐོན་མིའི་གསུང་རྩོམ་དྲི་མ་བྲལ་བ་སུམ་རྟགས་ཀྱི་རྩ་བ། སྙན་ངག་གི་གཞུང་ལུགས་མེ་ལོང་མ་བོད་དུ་འགྱུར་བའི་བྱུང་འཕེལ་དང་དེས་བོད་ཀྱི་སྙན་ངག་ལ་ཐེབས་པའི་ཤུགས་རྐྱེན། འདི་ལྟར་རིག་ཚན་བྱེ་བྲག་པ་རེའི་བྱུང་འཕེལ་ལོ་རྒྱུས་དང་དེ་དག་གི་གཞི་རྩའི་ཁྱད་ཆོས་ལ་ངོས་འཛིན་ཅུང་ཙམ་ཡོད་དགོས་པ་གནའ་རྩོམ་ལ་སྤྲོ་བ་འཕྱུར་བའི་གནད་དམ་པ་གཅིག་རེད། དེ་མིན་གནའ་རྩོམ་ཀློག་པའི་འགུག་ཤུགས་ཐུན་མོང་མ་ཡིན་པ་ཞིག་ནི་དུས་རབས་རིམ་བྱུང་ཁྲོད་བྱོན་པའི་མཁས་དབང་མང་པོ་ཞིག་གི་མཛད་རྣམ་ལ་ཆ་རྒྱུས་གང་ལེགས་ཡོང་པ་མ་ཟད། རིག་གནས་འཛུགས་སྐྲུན་གྱི་སྲོག་ཤིང་ལྟ་བུར་གྱུར་པའི་མི་སྣ་རླབས་ཆེན་དེ་དག་གི་སློབ་གཉེར་གནང་ཚུལ་དང་བསྟན་བཅོས་བརྩམས་པའི་ལོ་རྒྱུས་རྒྱབ་ལྗོངས་ལྟ་བུ་ཡང་ལེགས་པོ་ཤེས་ན་ད་གཟོད་གནའ་རྩོམ་ལ་དགའ་བའི་སེམས་འདུན་དྲག་ཏུ་འཕྱུར་ཡོང་བ་གདོན་མི་ཟ། དཔེར་ན་ས་པཎ་དང་རྗེ་ཙོང་པ་ལྟ་བུའི་རྣམ་ཐར། གནའ་རྩོམ་འདི་དེང་རྩོམ་དང་བསྡུར་ན་གོ་དཀའ་བའི་གནད་དོན་རེ་འཕྲད་ཡོང་བ་ནི་ཕལ་ཆེར་དུས་རབས་རིམ་བྱུང་གི་མཁས་པ་དག་གིས་གཞུང་མང་གཟིགས་རྒྱ་ཆེ་བ་དང་གཅིག  བརྩམས་ཆོས་ཀྱི་སྐད་ཆའི་སྒྱུ་རྩལ་ལ་མངོན་བརྗོད་དང་བརྡ་རྙིང་གིས་བརྒྱན་དྲགས་པ་དང་གཉིས། རང་ཅག་གི་སློབ་གཉེར་རྣམ་པ་ལ་སྲོལ་རྒྱུན་དང་མི་འདྲ་བའི་འགྱུར་ལྡོག་གང་མང་ཞིག་བྱུང་བ་དང་བཅས་རྒྱུ་མཚན་ཆེ་བ་རིགས་གསུམ་ལ་རག་ལས་གང་འཚམ་ཡོད་པར་མངོན།

ལོ་རྒྱུས་ལྟ་བུ་ཡིན་ན་རྒྱལ་ཁབ་ཕྱི་ནང་གི་སློབ་གཉེར་པ་སུ་ཞིག་ལ་མཚོན་ན་ངེས་པར་ཀློག་དགོས་པའི་རྒྱུན་ཤེས་རིགས་ཀྱི་དཔེ་ཆ་ཞིག་རེད། ལོ་རྒྱུས་ཆེད་མཁས་པ་དག་གིས་ནི་ལོ་རྒྱུས་ཀྱི་བསྟན་བཅོས་མང་པོ་བཀླགས་དགོས་པ་མ་ཟད། ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ལོ་རྒྱུས་རིག་ལ་ལྟ་བུའང་ངེས་པར་ཤེས་གལ་ཆེ་བ་རེད། འོན་ཀྱང་། ང་ཚོ་སྤྱིར་བཏང་གི་སློབ་གཉེར་བ་དག་ལ་མཚོན་ན་ལོ་རྒྱུས་ཀྱི་སྤྱི་ཁོག་གམ་སྒྲིག་གཞི་ཅུང་གསལ་བོ་ཞིག་ཆགས་རྒྱུ་གལ་ཆེན་པོར་མཐོང་། ལོ་རྒྱུས་བཀླགས་པ་ལ་དགེ་མཚན་དུ་མ་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར། ང་ལ་མཚོན་ན་ལོ་རྒྱུས་བཀླགས་པའི་དོན་སྙིང་ནི་སྔོན་བྱོན་མེས་པོའི་དུས་ཀྱི་འཚོ་བ་ལ་ངོས་འཛིན་གསར་བ་དང་རང་གི་མེས་པོའི་རིག་གནས་ལ་ཡིད་ཆེས་བརྟན་པོ་རེ་རྙེད་པའི་བསམ་འདུན་མངོན་ཏུ་འགྱུར་ཆེད་ཡིན། ཉུང་ཞིང་ཉིང་བཅུད་ལྡན་པ། འདུས་ཆོད་ཆེ་ལ་བློ་སྒོ་འབྱེད་པ་ནི་རྫ་དཔལ་སྤྲུལ་རིན་པོ་ཆེའི་ཆོས་འབྱུང་འབེལ་གཏམ་དང་རྡོ་གྲུབ་ཆེན་ཚང་གི་ལོ་གསར་སྟོན་བཤད་ལྟ་བུ་རེད། ང་ལྟ་བུར་མཚོན་ན་ལོ་རྒྱུས་ཀྱི་ལོ་ཚིགས་ཤིག་གཅིག་གྱུར་ཡིན་མིན་དང་རྒྱལ་པོ་ཞིག་ཇི་ལྟར་བཀྲོངས་མིན། རྒྱལ་བློན་བར་འགལ་བ་ཞིག་ཇི་ལྟར་བྱུང་མིན་སོགས་ནི་ཡིད་རབ་ཏུ་འཕྲོག་སའི་ཆ་མིན་པར། མི་རིགས་ཤིག་གིས་ས་ཆུང་ངུ་ཞིག་བཟུང་བ་ནས་ས་ཆེན་པོ་ཇི་ལྟར་དབང་དུ་བསྡུས་པའི་བར་གྱི་གཟི་བརྗིད་ཀྱི་འཕེལ་རིམ། ལོ་ངོ་སྟོང་ཕྲག་ལྡན་པའི་རྒྱལ་རབས་ཤིག་མཐའ་མར་རྒྱུ་རྐྱེན་ག་འདྲ་ཞིག་ལ་བརྟེན་ནས་གཞན་གྱི་རྐང་འོག་ཏུ་ཚུད་ཚུལ། དེ་འདྲའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཕྱི་དགྲ་འགོག་པའི་དཔའ་བོ་ཅི་ཙམ་འཁྲུངས་པ་དང་ནང་ཁུལ་དཀྲིགས་པའི་ལོ་རྒྱུས་ཀྱི་ཉེས་ཅན་ག་ཙམ་བྱུང་བ་སོགས་ལ་གསལ་ཆ་ཅུང་ཙམ་ཆེ་ན་བསམ།

ནང་སྒོས་མི་རིགས་དང་མི་རིགས་བར། རྒྱལ་ཁབ་དང་རྒྱལ་ཁབ་ཕན་ཚུན་གྱི་ནང་རྒྱུས་ལག་མཐིལ་ལ་སྐྱུ་རུ་ར་བཞག་པ་ལྟར་ཇེ་གསལ་དུ་འགྲོ་བའི་དེང་གི་དུས་འདིར་ལོ་རྒྱུས་ཀྱི་ཚིག་གསུམ་མ་ཤེས་ན་གཞན་གྲལ་ནས་ཁ་གྲག་ས་མི་འགྲོ་བའི་ཚད་ཡིན་པ་ངེས་པར་ཤེས་ན་ལེགས། མི་རིགས་ཀྱི་རྣ་འཇོག་གམ་མི་རིགས་ཀྱི་འདུ་ཤེས་ཟེར་བ་འདི་རང་སའི་ཡུལ་ལུང་འགོལ་བོ་ནས་མི་རིགས་ནང་ཁུལ་ལ་བལྟས་ནས་བསྡད་ན་སྐྱེས་ཡོང་བ་ཞིག་མིན་པར་མི་རིགས་གཞན་ཞིག་དང་མཉམ་དུ་འཚོ་གནས་ཀྱི་ཁེ་ཕན་རྩོད་དུས་མངོན་པར་ཤར་ཡོང་བ་ཡིན། ལོ་རྒྱུས་འདི་ལ་མི་རིགས་རང་གི་མིས་བྲིས་པ་དང་མི་རིགས་གཞན་པས་བྲིས་པ་རིགས་གཉིས་མཆིས་ཤིང་། སོ་སོ་ལ་སོ་སོའི་ཁྱད་ཆོས་ཡོད། མཐའ་གཅིག་ཏུ་འདི་བདེན་དང་དེ་རྫུན་གྱི་སྐད་ཆ་ཤོད་དཀའ་བར་སྣང་། དེ་བས་ངས་ལོ་རྒྱུས་ཀློག་དུས་རང་གཞན་གཉིས་ཀས་བྲིས་པ་དག་ཁྱད་མེད་དུ་ཀློག་བཞིན་ཡོད། ཐང་ཡིག་གསར་རྙིང་དང་གསེར་མདོག་གི་རྩྭ་ཐང་། མར་ཁུ་ཕོ་ལོའི་ཡུལ་སྐོར་རེག་ཟིག་བཅས་ན་རང་རེ་གངས་ཅན་པའི་ལོ་རྒྱུས་སམ་འཚོ་བ་རོལ་སྟངས་སྐོར་ཉུང་ཙམ་རེ་བྲིས་འདུག་ཅིང་། དེ་དག་ཞིབ་ཏུ་ཀློག་དུས་མཚམས་རེར་སྤྲོ་བ་འཕེལ་ཞིང་ལན་རེར་སྙིང་འཕར་བའི་དུས་ཀྱང་མང་ཙམ་ཡོད། གང་ལྟར། ཅུང་ཙམ་ཁོམ་དུས་ལོ་རྒྱུས་བསྟན་བཅོས་ཚད་ལྡན་དེབ་ཐེར་སྔོན་པོ་ལྟ་བུ་དང་། མི་སྣའི་རྣམ་ཐར་རྭ་ལོའི་རྣམ་ཐར། གཞན་གྱིས་བྲིས་པ་ཕོ་ལོའི་རེག་ཟིག་ལྟ་བུར་མང་ཙམ་ལྟོས་དང་སེམས་ཀྱི་ལོངས་སྤྱོད་ཟེར་བ་དེ་ཀ་རང་རེད།