—————— ཚེ་མཆོག་གླིང་། གཞོང་པ་ལྷ་ཆུ། སྐྱོར་མོ་ལུང་།

        ནམ་རྒྱུན་དབུས་འགྱུར་ལྷ་ལྡན་གྲོང་དུ་སླེབས་ཐེངས་རེར། རྒྱང་ཐག་རིང་བའི་ས་ནས་ཕོ་བྲང་པོ་ཏ་ལའི་གཟི་ཉམས་ནི་སྔར་བཞིན་ཨར་འདམ་གྱི་ཁང་རྩེག་མང་པོའི་དཀྱིལ་ནས་གསལ་ལྷང་ངེར་མཐོང་ཞིང་། བས་མཐའི་ཡུལ་གྱར་བ་ཞིག་གིས་རང་ཁྱིམ་མཐོང་བ་ནང་བཞིན་སྨྲ་བརྗོད་ལས་འདས་པའི་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་ཀྱང་ཅིག་ཅར་སྐྱེས་ཡོང་། སླེབས་ཐེངས་སྔོན་མ་དང་མི་གཅིག་པ་ནི་མེ་འཁོར་ས་ཚུགས་མཐའ་སྐོར་དུ་ཁང་རྩེག་ཇེ་མང་དང་ཇེ་མཐོར་ཕྱིན་ཡོད་ལ། སྒོ་བྱང་སྟེང་དུ་བོད་ཡིག་མེད་པའི་ཟ་ཁང་དང་ཚོང་ཁང་མང་དུ་སོང་བ། གཡས་གཡོན་ཀུན་ཏུ་སུ་ཁྲོན་གྱི་ཁྲོན་ཚལ་ཟ་ཁང་སོགས་ཀྱིས་བཀང་འདུག་པས། སྐྱིད་ཤོད་ལུང་པར་ཆགས་པའི་སྔོན་གྱི་གནའ་བོའི་གྲོང་ཁྱེར་དེའི་རྣམ་པར་རང་དབང་མེད་པར་ཕྱིར་དྲན་ཞིག་མི་བྱེད་ཀ་མེད་བྱུང་། ལུང་པ་འདིར་གླང་ཆེན་ས་ལ་ཉལ་བ་ལྟ་བའི་དམར་པོ་རི་དང་། སེང་གེ་གནམ་དུ་མཆོངས་པ་ལྟ་བུའི་ལྕགས་པོ་རི། སྟག་མོ་ཚང་དུ་འཛུལ་བ་ལྟ་བའི་བར་མ་རི་སོགས་ཡོད་ཀྱང་། དམར་པོ་རིའི་སྟེང་གི་ཕོ་བྲང་དཀར་དམར་གཉིས་ནི་མཁར་གཞན་དང་མི་མཚུངས་པར་ཇི་ལྟར་ཉེ་བར་བཅར་ན་དེ་བཞིན་རྔམ་ཞིང་བརྗིད་ལ། དེ་ལྟར་སྤོབས་པ་དང་ང་རྒྱལ་ཞིག་ཀྱང་བསྩལ་ཡོང་བས། ལྷ་སྐུ་དང་ཆོས་དཔེ་བརྩིགས་སའི་ལྷ་ཁང་མཐོ་ཞིང་བརྗིད་པ་ཙམ་མ་ཡིན་པར། མི་རིགས་ཤིག་གི་བྱུང་འཕེལ་རྒུད་གསུམ་དང་། དཔའ་སྙིང་འཛངས་གསུམ། མཁྲེགས་གྱོང་རེངས་གསུམ་མཚོན་པའི་དན་རྟགས་དང་དྲན་སྐུལ་ཞིག་ཏུ་སེམས་ཡོང་།

        བཙན་པོ་ཁྲི་སྲོང་བཙན་གྱི་དུས་སུ་སྲིད་ཀྱི་ལྟེ་བ་བརྒྱ་མ་ནས་དབུ་རུ་སྐྱིད་ཤོད་ཀྱི་གནས་འདིར་སྤོས་པ་ཡང་ཡུལ་འདིའི་སྣོད་བཅུད་ཀྱི་དགེ་མཚན་མང་པོ་ཞིག་ལ་རག་ལུས་པ་བསྙོན་དུ་མེད་དེ། ལུང་པ་འདིའི་གནམ་གཤིས་ནི་ས་གཞན་དང་མི་འདྲ་བར་དབྱར་དུས་བསིལ་ཞིང་དགོན་དུས་དྲོ་བའི་ཁྱད་ཆོས་འཛོམས་ཡོད། ལྷག་པར་དབྱར་དུས་སུ་ཉིན་མོ་དྲོ་ཞིང་འཇམ་པའི་ཉི་འོད་ཀྱི་དཔལ་ལ་རོལ་ཐུབ་ཅིང་། མཚན་མོར་གྲོང་གི་སྲང་ལམ་རེ་རེ་བཞིན་ཆར་ཆུས་གཙང་མར་བཀྲུ་སྲིད་པས། གནས་འདིའི་ཞོགས་པ་རེ་རེ་བཞིན་གསར་བ་གསར་རྐྱང་དང་གཙང་མ་གཙང་རྐྱང་གི་གྲོང་གསར་བ་ཞིག་ཏུ་སྣང་སྲིད།   ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་བོད་བཙན་པོའི་དུས་ཀྱི་གནའ་བོའི་གྲོང་ཁྱེར་འདི་རུ་དགའ་སྐྱོ་སྨྲེང་གསུམ་གྱི་གཏམ་རྒྱུད་མང་དུ་མཆིས་པས། གྲོང་འདིའི་ཀྱག་ཀྱོག་གི་སྲང་ལམ་རེ་རེ་དང་། ཁང་མིག་རེ་རེ་ནས་བོད་ཀྱི་གླུ་གར་དང་ཟས་རིགས་སོགས་ཅི་དགར་ལོངས་སུ་སྤྱད་པའི་ཚོར་བ་ནི་གཏམ་རྒྱུད་དེ་དག་རང་རྒྱུད་ལ་ཉམས་སུ་བླངས་བའི་གོ་རིམ་ཞིག་ཅི་ལ་མིན་སྙམ་བྱུང་།

        ཁོ་བོ་དང་དབུས་གྲོགས་གཉིས་ལྷ་ས་འབྱོར་མ་ཐག་ཨ་མདོ་བ་དབུས་ལ་སླེབས་པའི་འགྲོ་ལུགས་ཡོངས་རྫོགས་བསྒྲུབས་རྗེས་བོད་པའི་མགྲོན་ཁང་ཞིག་ཏུ་གནས་མལ་བཅས། ཞོགས་པར་མལ་ལས་ལངས་རྗེས་སྒེའུ་ཁུང་ཕྱི་རོལ་དུ་ཆར་བ་ཟམ་ཟིམ་འབབ་བཞིན་མཆིས་ཤིང་། ཞོགས་ཇ་སྟབས་བདེ་ཞིག་ལ་རོལ་རྗེས་གྲུབ་ཚེ་མཆོག་གླིང་དུ་འགྲོ་བར་བརྩམས། ལྷ་ས་གྲོང་ཁྱེར་ནས་སྤྱི་འཁོར་༢༦པར་བསྡད་ན་གནས་དེར་སླེབས་ཐུབ།

       ཚེ་མཆོག་གླིང་ངམ་མིང་ཆ་ཚང་ལ་ཚེ་མཆོག་གླིང་བཀྲ་ཤིས་བསམ་གཏན་གླིང་དུ་འབོད།  ལྷ་སའི་གླིང་ཁག་བཞི་སྟེ། བསྟན་རྒྱས་གླིང་། ཚེ་སྨོན་གླིང། ཀུན་འདུས་གླིང་། གྲིབ་ཚེ་མཆོག་གླིང་བཅས་ཀྱི་གྲས་ཡིན། ད་ལྟའི་ལྷ་ས་གྲོང་ཁྱེར་གྱི་སྐྱིད་ཆུའི་ལྷོ་ངོས་སམ་ཀུ་རུའི་ཟམ་པ་ནས་ལྷོ་ངོས་སྤྱི་ལེ་གསུམ་གྱི་མཚམས་སུ་ཆགས་པའི་གྲིབ་གྲོང་ཚོར་གནས། རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི་ལོ་སྟེ་སྤྱི་ལོ་༡༧༩༠ལོར་རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོས་ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་དགུང་ལོ་བདུན་ཅུ་དོན་བདུན་སྐབས་སུ་བཞུགས་གནས་ལ་བསྐྲུན། དེ་ཡང་༡༧༨༧ལོར་མང་ཡུལ་སྐྱིད་གྲོང་དང་། གཉའ་ནང་། རོང་ཤར་བཅས་གོར་དམག་གིས་བཙན་བཟུང་བྱས་སྟབས་སྐྱིད་གྲོང་བསམ་གཏན་གླིང་གི་དགེ་འདུན་མང་པོ་དབུས་ལ་ཡུལ་གྱར་དུ་ཕེབས་པ་ཡོངས་འཛིན་མཆོག་ནས་སྐྱོང་དགོས་པས། རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དབྱངས་རྒྱ་མཚོའི་ཐུགས་བཀོད་ལྟར། གཞུང་ནས་གྲོན་དངུལ་སྲང་ཉིས་ཁྲི་ལྷག་ཙམ་དང་། ཡོངས་འཛིན་རང་ནས་དངུལ་སྲང་ཆིག་སྟོང་ལྔ་བརྒྱ་ཙམ་བཏང་སྟེ། དད་ལྡན་ཁག་གི་མཐུན་རྐྱེན་ཞུས་ཐོག  སྤྱི་ལོ་༡༧༩༠ལོའི་ཟླ་༡པོའི་ཚེས་༥ཉིན་དགོན་གནས་གསར་དུ་བཞེངས་པའི་དབུ་བཙུགས་པ་དང་དུས་ཡུན་ཟླ་བ་ལྔ་ཙམ་ལས་མ་འགོར་བར་ཡོངས་སུ་འགྲུབ། ཡོངས་འཛིན་མཆོག་ནི་ཆུ་སྦྲུལ་སྤྱི་ལོ་༡༧༡༣ལོར་མང་ཡུལ་སྐྱིད་གྲོང་དུ་སྐུ་འཁྲུངས། དགུང་ལོ་ཉི་ཤུ་རྩ་ལྔའི་སྟེང་དིང་རིར་ཕེབས་ཏེ་ཕ་དམ་པ་སངས་རྒྱས་ཀྱི་གྲུབ་གནས་མཁའ་འགྲོའི་གསང་ཕུག་ཏུ་མི་ལོ་བཅུ་གཉིས་རིང་ལ་སྒྲུབ་པ་རྩེ་གཅིག་ཏུ་གཞོལ། དགུང་ལོ་དྲུག་ཅུ་རེ་གཉིས་ལ་ཕེབས་དུས་ཏྰ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་མཛད། དགུང་ལོ་བརྒྱད་ཅུ་གྱ་གཅིག་ཆུ་གླང་སྤྱི་ལོ་༡༧༩༣ལོར་དགོངས་པ་རྫོགས།

རིག་གསར་སྐབས་གཙུག་ལག་ཁང་དང་ནང་གི་སྐུ་གསུང་ཐུགས་རྟེན་ལ་གཏོར་བརླག་ཚབ་ཆེན་ཐེབས་པ་དང་། ༡༩༩༢ལོར་ས་གནས་མང་ཚོགས་ཀྱིས་འགན་བླངས་ཏེ་མཉམ་རུབ་ཀྱིས་འདུ་ཁང་དང་རུང་ཁང་། གྲྭ་ཤག་བཅས་བསྐྱར་བཞེངས་གནང་བ་ལོ་དེའི་ཟླ་དྲུག་པར་ཡོངས་སུ་འགྲུབ། ར་སྐོར་ནང་དུ་དགུང་ལོ་བརྒྱད་ཅུར་མ་སོན་ཙམ་གྱི་མི་སྐྱ་ཞིག་ལས་གྲྭ་པ་མཐོང་རྒྱུ་མ་བྱུང་ལ། ཁོང་གི་རྣ་བའང་དེ་འདྲ་གསལ་བོ་མིན་པས། ང་ཚོས་ཕན་ཚུན་ལ་གོ་བརྡ་ཡག་པོ་ཞིག་འཕྲོད་ཐུབ་མ་སོང་། གང་ལྟར་ར་སྐོར་ཆུང་ཆུང་འདིའི་ནང་དུ་སླེབས་པ་ན་ལྷིང་ཞིང་འཇགས་པའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་འབྱུང་བ་དང་། ར་སྐོར་ཕྱི་རོལ་ལ་བུད་ཚེ་གྲོང་ཚོའི་མཐའ་གཡས་གཡོན་ཀུན་ཏུ་ཐོག་ཁང་རབ་དང་རིམ་པ་བསྐྲུན་བཞིན་མཆིས་པས་འཇིག་རྟེན་གཞན་ཞིག་ཏུ་སླེབས་སམ་སྙམ་ཡོང་། སྔོན་གྱི་ཚེ་གྲིབ་གྲོང་ཚོ་ནས་སྐྱིད་ཆའི་ཕ་རོལ་ལ་རྒྱང་ལྟ་བྱས་ཚེ་གནའ་གྲོང་ལྷ་ས་ནི་ལག་མཐིལ་དུ་བླངས་པ་ལྟར་གསལ་ལྷང་ངེར་མཐོང་ཐུབ་མོད། ད་ལྟ་ཁང་བརྩེགས་མང་པོའི་གསེབ་ནས་གྲོང་དཀྱིལ་གྱི་ཕོ་བྲང་པོ་ཏ་ལའི་བརྗིད་ཉམས་དེ་ཡང་གསལ་བོ་ཞིག་མཐོང་དཀའ་བར་འདུག མཐའ་སྐོར་གྱི་ཁང་ཁྱིམ་རྙིང་པ་མང་པོ་བཤིག་དང་འཇིག་གིན་མཆིས་ལ། ད་དུང་ལོ་ཁ་ཤས་འགོར་ན་སྔོན་གྱི་གྲོང་ཚོའི་རྣམ་པ་དེ་ཕྱིར་དྲན་ཀློང་གི་མཛེས་ལྗོངས་ཙམ་ལས་མི་ལྷག་ཕྱིར། ཕངས་སེམས་ཤིག་དང་ལྷན་དུ་སྐྱེས་ཆེན་ཁོང་གི་བཞུགས་གནས་དང་ཁ་གྱེས་པ་ཡིན།.      ལྷ་ས་གྲོང་ཁྱེར་ནས་སྤྱི་འཁོར་ཨང་༡༧ལ་བསྡད་ན་གཞོང་པ་ལྷ་ཆུ་གནས་སའི་གྲོང་ཚོ་དེར་སླེབས་ཐུབ། གཞོང་པ་ལྷ་ཆུ་ནི་སྟོང་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་སེ་མ་གྲོང་ཚོའི་ཁོངས་སུ་གནས་ཤིང་། དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་འདྲེན་སྐབས། གནས་འདིར་འཐུང་ཆུ་མེད་པས། སློབ་དཔོན་རིན་པོ་ཆེས་སྟོད་ལུང་དོང་པའི་གདོང་ལ་ཕྱག་འཁར་བཙུགས་ཏེ་ལྷ་བཟང་ཆུ་བྱུང་གཞོང་པ་གཟེད་ཅིག་གསུངས་ཤིང༌། ཕྱག་འཁར་གྱི་ཤུལ་ནས་ཆུ་མིག་ཅིག་བྱུང་བས་མིང་ཡང་གཞོང་པ་ལྷ་ཆུ་ཞེས་གཞོང་པ་ཀ་བདུན་དུ་གྲགས་པའི་སྒྲུབ་ཆུ་ཡ་མཚན་པ་ཞིག་བརྡོལ། ཕྱག་མཁར་དེ་ད་ལྟ་ཡང་བསམ་ཡས་དགོན་དུ་མཇལ་རྒྱུ་འདུག  སྒྲུབ་ཆུ་འདིར་བསིལ་བ། ཡང་བ། ཞིམ་པ། འཇམ་པ། དྭངས་པ། དྲི་མ་མེད་པ། འཐུང་ན་མགྲིན་པ་བདེ་བ། ལྟོ་བར་མི་གནོད་པ་བཅས་ཡན་ལག་བརྒྱད་ལྡན་ཆུ་ཡི་ཡོན་ཏན་འཛོམས་པར་གྲགས་ཤིང་། གནས་འདིར་ཕྱོགས་ཡོང་དང་མཐའ་སྐོར་གྱི་གྲོང་མི་སོགས་འཐུང་ཆུ་ལེན་དུ་ཡོང་མཁན་མང་པོ་འདུག་ལ། དེ་བཞིན་པགས་ནད་དང་རྟ་བོང་སོགས་ཀྱི་སྒལ་རྨ་བཅོས་པར་ཕན་ནུས་ཆེན་པར་ཡོད་པར་བཤད།ད་ལྟའི་ཆར་གཞོང་པ་ལྷ་ཆུ་ཞེས་པའི་གཏེར་ཆུ་སྤུས་དག་པོ་ཞིག་ཀྱང་ལྷ་ས་གྲོང་ཁྱེར་གྱི་ཚོང་ཁང་ཆེ་མ་ཆུང་གསུམ་དུ་མཐོང་རྒྱུ་འདུག  ད་དུང་ཆུ་མིག་འདི་ཉིད་སྨན་གྱི་སྡེབ་ཁར་སྤྱད་དེ་བཟོས་པའི་བོད་སྨན་རྩ་ཆེན་པོ་སོགས་ཡོད་པར་གྲགས། ལྷ་ཁང་དུ་མཁན་སློབ་ཆོས་གསུམ་དང་། གུ་རུ་མཚན་བརྒྱད་ཀྱི་སྐུ་བརྙན་ཡོད་ཅིང་། དེ་ལས་སློབ་དཔོན་སྐུ་ནི་གཙོ་སྐུའི་ཚུལ་དུ་བཞེངས་འདུག དེར་དགེ་འདུན་པའི་ཞལ་གྲངས་ལྔ་ལྷག་ཡོད་པར་བཤད་ཀྱང་གཉིས་ལས་མཐོང་མ་བྱུང་། རིག་གསར་སྐབས་སྨྱོན་པའི་ལག་ཏུ་རལ་གྲི་ཤོར་བ་བཞིན་ལྷ་ཁང་རྩ་གཏོར་བྱས་པ་མ་ཟད། ཆུ་མིག་ལ་རྫས་མེ་གཡུག་པ་སོགས་ཀྱི་སྐྱོ་གར་མང་དུ་བྱུང་ཞིང་། དུས་ཡུན་རིང་བོར་བདག་མེད་སྐྱབས་མེད་དུ་ལུས། སྤྱི་ལོ་༡༩༨༩ལོ་ཡས་མས་སུ་ཉམས་གསོ་བྱེད་འགོ་ཚུགས་ཏེ་ད་ལྟ་མིག་གི་སྤྱོད་ཡུལ་དུ་གྱུར་བའི་ལྷ་ཁང་དང་མ་ཎི་ཆུ་འཁོར་འདི་དག་རིམ་གྱིས་འགྲུབ། གྲོགས་དང་ངེད་གཉིས་ཀྱིས་རང་རང་ས་ནས་ལྷ་ཁང་ནང་དུ་མཇལ་ཞིང་། གནས་ཆུ་ཡིས་གདོང་དང་མིག་སོགས་ཡིད་ཚིམ་པ་ཞིག་བཀྲུས་རྗེས་མུ་མཐུད་དུ་ལམ་ལ་ཆས།
        གཞོང་པ་ལྷ་ཆུ་ནས་གོམ་པ་བརྒྱབ་ནས་སྐར་མ་བཅུ་ཙམ་ལ་སོང་ན་སྐྱོར་མོ་ལུང་དགོན་དུ་སླེབས་ཐུབ།  དགོན་པ་འདི་ཉིད་སྦྱར་རགས་ཤང་སྦྱར་རགས་གྲོང་དཀྱིལ་ཡོད་ཅིང་།  མཚན་གཞན་ལ་སྐྱོ་ལུང་ངམ་སྐྱེ་བ་ལུང་ཞེས་ཀྱང་འབོད། མཚན་རྒྱས་པར་སྐྱོར་མོ་ལུང་དགའ་ལྡན་ཆོས་འབྱོར་གླིང་ཞེས་ཞུ།  མཚན་ཐོགས་ཚུལ་ལ་གནས་འདིར་མཆོད་རྟེན་གྱི་རྭ་བས་བསྐོར་བས་ན་སྐྱོར་མོ་ལུང་ཞེས་མིང་དུ་ཐོག་པ་དང་། གཞན་བཤེས་ཚུལ་ཁྲིམས་ཀྱི་ལྷ་སའི་དགོན་ཐོ་ཞེས་པར། ཐོག་མར་སྦལ་ཏི་ཆེན་པོ་ཉིད་བེང་སྨད་ར་མོ་ཆེར་བཞུགས་ཤིང་། སྟོན་དཔྱིད་ཀྱི་དུས་སྤང་ཁ་ཆོས་སྡིངས་སུ་གྲགས་པའི་དབེན་གནས་སུ་བསམ་གཏན་འཕེལ་བར་བཞུགས་སྐབས་བླ་མ་ཡི་དམ་གྱི་ཐུགས་རྒྱུད་བསྐུལ་བར་བརྟེན་རིམ་གྲོ་པ་ལ་འབྲུ་བྲེའོ་གང་གནང་ནས། སྐྱེ་མདོན་མས་གང་བའི་ས་མ་གིར་འཐོར་ཞིག མ་འགྱངས་པར་དགེ་འདུན་གྱི་སྡེས་ཁྱབ་པར་འགྱུར་ཅེས་ལུང་བསྟན་པ་ན།  རིམ་གྲོ་བས་ལམ་དུ་འབྲུ་དེ་ལས་ཅུང་ཟད་གོད་ཅིང་གཞན་མ་གཏོར་བ་ལས། ཆོས་སྡེ་ཆགས་པ་དབྱིམས་ཟུར་ཅུང་ཉམས་མིང་དུ་སྐྱོ་བ་ལུང་ཞེས་གྲགས། ཞེས་པ་ནང་བཞིན་མིང་ལ་སྐྱོ་བ་ལུང་ཐོག་ཚུལ་བཀོད་འདུག  གང་ལྟར་ད་ལྟའི་ཆར་སྒོ་ཆེན་མདུན་དུ་སྐྱོར་མོ་ལུང་དགོན་ཞེས་བྲིས་འདུག ངེད་གཉིས་གནས་དེར་སླེབས་དུས་ཏག་ཏག་ཉིན་གུང་ལ་ཁེལ་འདུག་པས། དགོན་པའི་ཉེ་ལོག་གི་མིང་ལ་ཨ་ཁུ་འབྲོག་པའི་ཟ་ཁང་ཞེས་པའི་ཟ་ཁང་ཞིག་ནས་གུང་ཟས་སྟབས་བདེ་ཞིག་ཟོས་རྗེས་ནང་མཇལ་ལ་ཆས།དགོན་པ་འདི་ནི་བོད་དུ་བཀའ་གདམས་ཀྱི་བསྟན་པ་དར་འགོ་ཚུགས་ནས་ཡུན་རིང་མ་སོང་བར་སྦལ་ཏི་དགྲ་བཅོམ་པ་ཆེན་པོ་བརྩོན་འགྲུས་དབང་ཕྱུག་གིས་དགུང་ལོ་ཞེ་གཅིག་པ་རབ་བྱུང་གསུམ་པའི་ས་མོ་གླང་གི་ལོ་སྟེ་སྤྱི་ལོ་༡༡༦༩ལོར་ཕྱག་བཏབ་པའི་བཀའ་གདམས་བརྒྱུད་འཛིན་གྱི་དགོན་པ་ཞིག་རེད། དེ་ཡང་སྦལ་ཏི་དགྲ་བཅོམ་བརྩོན་འགྲུས་དབང་ཕྱུག་ཉིད་ནི་སྦལ་ཏི་གྲགས་པ་རྒྱལ་མཚན་གྱི་སྲས་སུ་་བོད་རབ་བྱུང་གསུམ་པའི་ས་མོ་གླང་སྟེ་སྤྱི་ལོ་༡༡༢༩ལོར་སྐུ་འཁྲུངས། སྐྱོར་མོ་ལུང་གི་གདན་ས་ལོ་བཞི་བཅུ་ཞེ་བདུན་མཛད་ཅིང་། དགེ་འདུན་ཁྲི་ཕྲག་བརྒལ་བ་བྱུང་ནས་བཀའ་གདམས་བསྟན་པའི་འཕྲིན་ལས་རབ་ཏུ་དར། དགུང་གྲངས་གྱ་བདུན་བོད་རབ་བྱུང་བཞི་པའི་མེ་འབྲུག་སྤྱི་ལོ་༡༢༥༦ལོར་སྐུ་གཤེགས། སྐུ་གདུངས་ནི་སྟོད་ལུང་གནས་ཆུང་ཤང་བེང་སྨད་ར་མ་ཆེའི་ལྷ་ཁང་དུ་བཞུགས་པར་གྲགས། སྤྱི་ལོ་༡༡༦༩ལ་ཕྱག་བཏབ་པ་ནས་ད་ལྟའི་བར་མི་ལོ་བརྒྱད་བརྒྱ་ཞེ་དགུའི་ལོ་རྒྱུས་སོང་བས། གནས་འདི་ནི་བསྟན་པ་ཕྱི་དར་གྱི་དུས་སུ་ཕྱག་བཏབ་པའི་དབུས་ཀྱི་བཀའ་གདམས་དགོན་ཆེན་དྲུག་སྟེ་དགའ་གདོང་། སྐྱོར་མོ་ལུང་། ཟུལ་ཕུ་བཅས་དགའ་སྐྱོ་ཟུལ་གསུམ་དང་། བདེ་བ་ཅན། གསང་ཕུ། གུང་ཐང་བཅས་བདེ་གསང་གུང་གསུམ་བཅས་ཀྱི་གྲས་དང་། གཞན་ཡང་རྗེ་ཙོང་ཁ་པ་ཆེན་མོ་གནས་འདིར་བྱོན་ནས་སྐྱོར་མོ་ལུང་དགོན་གྱི་གདན་རབས་བཅུ་གཅིག་པ་མཁན་ཆེན་བཀའ་བཞི་པ་བློ་གྲོས་བཟང་པོའི་དྲུང་དུ་འདུལ་མཛོད་རྫོགས་པར་གསན་ཏེ་ཡུན་རིང་བཞུགས་མྱོང་།
གདན་རབས་བཅུ་བཞི་པ་ཆོས་རྒྱལ་བ་རྗེ་ཙོང་ཁ་པའི་དངོས་སློབ་ཏུ་གྱུར་ཅིང་དུས་དེ་ནས་བཟུང་རི་བོ་དགེ་ལྡན་པའི་གྲུབ་མཐའ་ཕྱག་ལེན་མཛད། རིམ་བཞིན་རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་དང་དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་གྲགས་སོགས་དགོན་འདིར་ཕེབས་ཤིང་ཞལ་འཛིན་མཛད། དགོན་འདིར་སྔོན་གྱི་ཚེ་གྲྭ་ཚང་ཁག་གསུམ་ཡོད་པ་སྟེ། དབང་ཡེ་ཤེས་སེང་གེས་ཕྱག་བཏབ་པའི་ཁྱམས་པ་གྲ་ཚང་དང་། སྐྱོར་མོ་ལུང་གི་གདན་རབས་གསུམ་པ་ཞིག་པོ་ཚུལ་ཁྲིམས་འོད་ཀྱིས་ཕྱག་བཏབ་པའི་ཕུ་ཁང་གྲྭ་ཚང་། སྦལ་ཏི་དགྲ་བཅོམ་པ་བརྩོན་འགྲུས་དབང་ཕྱུག་གིས་ཕྱག་བཏབ་པའི་མཚན་ཉིད་གྲྭ་ཚང་བཅས་རེད། རིག་གསར་སྐབས་མཚན་ཉིད་དང་ཕུ་ཁང་སོགས་ལ་གནོད་སྐྱོན་ཚབ་ཆེན་ཐེབས་ཏེ་རྩ་འཐོར་དུ་ཕྱིན། འཁྱམས་པ་གྲྭ་ཚང་སྐབས་དེའི་འབྲུ་རིགས་དང་ཚྭ་བླུགས་ས་བྱས་པས་གཏོར་སྐྱོན་ཆེན་པོ་ཐེབས་མི་འདུག་ཀྱང་། ལོ་རྒྱུས་ཀྱི་རྒྱུན་རིང་བའི་སྡེབས་བྲིས་རྩ་ཆེན་དག་གི་ཞལ་ངོས་ལ་རིག་གསར་གྱི་སྨྱོ་ཆུ་འཐུངས་པའི་སྨྱོན་པ་ཁ་ཤས་ཀྱིས་ཁྲམ་རྟགས་བརྒྱབ་འདུག་པས་ཧ་ཅང་ཕངས་པའི་གནས་སུ་མཐོང་།སྤྱི་ལོ་༡༩༨༥ལོར་དགོན་པ་ཉམས་གསོ་བྱས་ཏེ་འཁྱམས་པ་གྲྭ་ཚང་ལེགས་པར་འགྲུབ་ལ། ༢༠༡༣ལོར་ཚོགས་ཆེན་ཀྱང་ཉམས་གསོ་ཞུས་ཤིང་འཆད་ཉན་སླར་གསོ་བྱུང་། ཁྱད་པར་དུ་དགོན་འདིར་བཞུགས་པའི་སྔོན་གྱི་ནང་རྟེན་ཀ་ཆེན་ལྔ་ཡོད་པ་སྔར་བཞིན་འདུ་ཁང་གི་ནང་དུ་རང་སོར་བཞག་པས་མཇལ་རྒྱུ་འདུག་ལ། དེ་དག་ནི་རྗེ་རིན་པོ་ཆེའི་ཏིང་འཛིན་ཀ་བ་དང་།
དད་ལྡན་བླ་ཟུར་འཀམ་དཔལ་ཡི་ཤེས་ཀྱིས་བཙུགས་པའི་ཀ་བ།ཇོ་བོ་རྫིང་རི་བས་བཙུགས་པའི་ཀ་བ་ཐེག་ཆེན་བསྟན་པ།སྟོན་པ་ཇོ་གདན་འཇངས་པས་བཙུགས་པའི་ཀ་བ་ཐེག་ཆེན་འོད་འབར།སྟོན་པ་ཇོ་གདན་འཇངས་པས་བཙུགས་པའི་ཀ་བ་བཀྲ་ཤིས་འོད་འབར།དེ་དག་ལས་ཏིང་འཛིན་ཀ་བ་ནི། རྗེ་རིན་པོ་ཆེ་དགུང་ལོ་ཉི་ཤུ་བར་ཀ་བ་དེའི་རྩར་ཏིང་ངེ་འཛིན་དུ་བཞུགས་སྐབས་ཚོགས་གྲོལ་ཀྱང་མ་ཚོར་བས། དགེ་བསྐོས་ཀྱིས་རྗེའི་ན་བཟའ་ནས་འཐེན་པས་རྗེས་སྐུ་སྐྱོར་བ་དང་མཉམ་དུ་སྐུ་རྒྱབ་ཏུ་བརྟེན་པའི་ཀ་བ་བཀྱགས་ནས་སྒྲ་བྱུང་བས། དགེ་བསྐོས་སྐྲག་ཏེ་ཕྱག་དང་བཤགས་པ་བྱས་པར་སྐད། དེ་དག་སོ་སོར་ཅུང་ཞིབ་མོ་ཞིག་མཇལ་རྗེས་ཕྱི་སྐོར་ཐེངས་ཤིག་བྱས་ཏེ་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་གི་ཀློང་ནས་ལྷ་སའི་གྲོང་དུ་ལོག

                          ༢༠༡༨ལོའི་ཟླ་༧པའི་ཚེས་༡༣ཉིན།