དུས་རབས་ཉི་ཤུ་བའི་དེང་རབས་དང་དེང་རབས་ཕྱི་མའི་རྩོམ་རིག་སྒྱུ་རྩལ་ཁྲོད་དུ་དར་བའི་རྩོམ་རིག་བརྩམས་ཆོས་འགའ་རེ་ནི་བ་སོའི་མཆོད་རྟེན་གྱི་སྒྱུ་རྩལ་བཞིན་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་དུ་མངོན། སྔར་མེད་གསར་གཏོད་ཀྱི་ཆེད་དུ་ཁོ་ཚོས་མཛེས་དཔྱོད་སྤྲོ་སེམས་རིན་ཐང་བློས་གཏོང་དང་། སྤྱི་དམངས་ལའང་རྒྱབ་ལྟོས་ཀྱང་བྱེད། ཀྲན་མུ་སེ་ཆའོ་ཡི་སེ(詹姆斯·乔伊斯)ཡི་མཚོན་བྱེད་བརྩམས་ཆོས་ཏེ། མིང་དུ་གྲགས་པའི་དཔེ་ཆ<<ཡའུ་ལི་ཞི་སེ>>(《尤利西斯》“Ulysses”)ལ་བལྟོས་དུས།  དབྱིན་ཡིག་བྱང་ཆ་ཐོན་ཞིང་དེ་སྔ་ནོ་ཝེར་རྩོམ་རིག་བྱ་དགའ་ཐོབ་མྱོང་བའི་ཤིན་ཀེ་(IB.singer)ཡིས་ཀྱང”ཚིག་མཛོད་བཅུ་ཙམ་གཡར་ན་མ་གཏོགས”དངོས་དོན་བལྟ་མ་ཐུབ་ཅེས་གསུངས་མྱོང་། འོན་ཏེ་དཔེ་ཆ་དེའི་ཁྲོད་ཀྱི་དོན་སྙིང་དང་གསང་བ་དངོས་རྟོགས་རྒྱུ་དང་། རྩོམ་པ་པོས་སྒྲིག་བཀོད་བྱས་པའི་སྨུག་པའི་འཁོར་ཡུག་ཁྲོད་ནས་ཐོན་འདོད་བྱེད་མཁན་ནི། དབྱིན་ཡིག་བཀོལ་བའི་ས་ཁུལ་དུ་དགེ་རྒན་ཆེན་མོ་བ་ཉུང་ཤས་མ་གཏོགས་མེད།  དེར་བརྟེན། ཤིན་ཀེ་ཡིས་ཀྱང་འཕྱ་སྨོད་ཀྱི་ཚུལ་དུ<<ཡའུ་ལི་ཞི་སེ>>ནི་ཆོའི་ཡི་སེས”འབུམ་རམས་ཞིབ་འཇུག་པར་སློབ་གནས་དཔྱད་རྩོམ་ཞིག་མཁོ་དོན་གནང་བ་རེད”ཟེར། སྤྱི་ཚོགས་མི་དམངས་ཀྱི་ངོས་ནས་བརྗོད་ན་བལྟ་ཀློག་རང་བཞིན་བོར་བའི་བརྩམས་ཆོས་འདི་འདྲ་ནི། མི་དར་མའི་བཀླག་ཐོའི་ཁོངས་སུ་གཏོགས་པ་ཞིག་ཡིན་པ་ལས།  བྱིས་པའི་རྩོམ་རིག་གི་མངའ་ཁོངས་སུ་གདན་ས་ཞིག་རྙེད་ཐབ་བྱེད་པ་ནི་ལས་ཀ་དཀའ་མོ་ཞིག་རེད། བྱིས་པས་རང་བློ་ཐམས་ཅད་རང་ཉིད་ཀྱི་སྤྲོ་སྣང་ལ་བསྟུན་ཞིང་། དགེ་སྡིག་ནས་དཔེ་དེབ་གདམས་པ་དང་། གང་ལྟར་ཁོ་ཚོས་དགའ་བ་ཞིག་ཡིན་ཚེ། རྩོམ་པ་པོ་སུ་ཡིན་དང་རྩོམ་རིག་ལོ་རྒྱུས་ཁྲོད་དུ་དཔྱད་འཇོག་ཡག་ཉེས་ཇི་ལྟར་བྱས་ཡོད་མིན་ལ་མ་བལྟོས་པར་སྙིང་གི་ནོར་བུ་ལྟ་བུར་བརྩིས་ངེས། ཁོ་ཚོས་མི་དགའ་བའི་བརྩམས་ཆོས་དག་ནི། རྩོམ་པ་པོ་སུ་ཡིན་མིན་དང་། གདེང་འཇོག་ཡག་པོ་ཇི་ལྟར་ཐོབ་མྱོང་རུང་ཐག་རིང་དུ་བོར་ངེས། སྒྱུ་རྩལ་གྱི་དངོས་དོན་དང་མཚོན་བྱེད་རྣམ་པ་ནི་བྱིས་པའི་སེམས་ཁམས་ཀྱི་དགོས་མཁོ་དང་བསམ་གཞིགས་ཐབས་ལམ་དང་མཐུན་རྒྱུ་ནི། བྱིས་པའི་རྩོམ་རིག་ཁྲོད་དུ་ཆེས་བླ་ན་མེད་པའི་རྩ་དོན་ཞིག་རེད། དེར་བརྟེན། གང་ལྟར་ཉམས་དམས་མེད་ཅིང་། དར་ཁྱབ་ཆེ་བའི་བྱིས་རྩོམ་རྩེ་གྲ་དག་ལ། ལོ་རྒྱུས་དང་རྒྱལ་སྤྱིའི་མཉམ་སྤྱོད་རང་བཞིན་མེད་པ་གཅིག་ཀྱང་མེད། །

བྱིས་པའི་རྩོམ་རིག་གི་རྒྱལ་སྤྱིའི་མཉམ་སྤྱོད་རང་བཞིན་ནི་བྱིས་པའི་རྩོམ་རིག་ཀྱི་འགྲོ་བ་ཡོངས་ཀྱི་མཉམ་སྤྱོད་རང་བཞིན་ལ་གོ  བྱིས་པའི་རྩོམ་རིག་ནི་དར་མའི་རྩོམ་རིག་དང་བསྡུར་ན། ཆབ་སྲིད་ལམ་ལུགས་ཀྱི་མཚམས་ཚིག་དང་ཆོས་ལུགས་དད་མོས་ཀྱི་ར་སྐོར་ལས་བརྒལ་ཞིང་། མགྱོགས་མྱུར་དང་ཡོངས་ཁྱབ་ཐོག་ནས་རྒྱལ་ཕྱི་དང་མི་རིགས་གཞན་པའི་ཀློག་པ་པོའི་ཡིད་འགུག་ཐུབ་པའི་ནུས་པ་ཐོན་གྱི་ཡོད། གང་ལྟར་ནུབ་ཕྱོགས་སུ་ཡིན་ནའང་འདྲ། ཤར་ཕྱོགས་ལ་ཡིན་ནའང་འདྲ། བྱིས་པའི་རྩོམ་རིག་ནི་འཕྲེད་ཕྱོགས་སུ་དར་ཁྱབ་སླ་བ་དང་། ཕན་ཚུན་མཐུན་དབང་སླ་བ་ཞིག་རེད། བྱིས་པའི་རྩོམ་རིག་ལ་མངའ་བའི་རྒྱལ་སྤྱིའི་མཉམ་སྤྱོད་དང་འགྲོ་བ་ཡོངས་ཀྱི་མཉམ་སྤྱོད་རང་བཞིན་ནི། ཏག་ཏག་བྱིས་པའི་རྩོམ་རིག་གི་རྩོམ་པ་པོ་ཚོའི་བསོད་བདེ་དང་གཟི་བརྗིད་ཅིག་ཡིན། །

འཛམ་གླིང་ཤར་ཕྱོགས་སུ་གནས་པའི་ཀྲུང་གོ་བས་སྔ་དུས་རང་གི་ཡུལ་དང་མེས་པོར་ནུབ་ཕྱོགས་བཙན་རྒྱལ་གྱི་བཙན་གནོད་བརྙས་བཅོས་ཕོག་པ་ནམ་ཡང་བརྗེད་མི་སྲིད། ང་ཚོས་ཀྱང་ནུབ་ཕྱོགས་རིག་གནས་ཀྱི་བཙན་དབང་སྐད་ཆའི་ཁྲོད་དུ་གནས་པའི་རིག་གནས་བགྲོ་གླེང་དང་མི་འཚམ་མི་དག་པའི་གནད་དོན་ལ་དོ་སྣང་བྱུང་ཡོད་ངེས། ནུབ་ཕྱོགས་རིག་གནས་ཀྱིས་ཤར་ཕྱོགས་རིག་གནསབཅོས་བསྒྱུར་བྱེད་པའི་དོན་དངོས་ནི་གནའ་ནས་དུས་ཡུན་རིང་མོ་སོང་ཞིང་། དེ་རིང་དེ་བས་ཇེ་ཆེར་འགྲོ་བཞིན་ཡོད།   འོན་ཏང་དེས་ང་ཚོས་ནུབ་ཕྱོགས་ཀྱི་ལས་རིགས་གཅིག་པར་སློབ་སྦྱོང་བྱས་ནས་དགེ་མཚན་ལེན་པར་འགོག་རྐྱེན་བཟོ་རྒྱུ་མེད་ལ། དེ་བས་ཡོངས་ཁྱབ་རང་བཞིན་གྱི་ཤེས་བྱར་སློབ་སྦྱོང་བྱ་དགོས། ཕྲན་གྱིས་འདིར་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་ལས་རིགས་གཅིག་པ་བ་ཚོར་ཞུ་རྒྱུར། ཀྲུང་གོའི་བྱིས་པའི་རྩོམ་རིག་པ་ཚོས།  གཅིག་ནས་མི་ཚོས་ཡིད་སྨོན་འཆོར་བའི་རྒྱལ་ནང་གི་ཆེས་ཕུལ་དུ་བྱུང་བའི་རྩོམ་རིག་གི་སྲོལ་རྒྱུན་རྒྱུན་འཛིན་དང་། གཉིས་ནས་ང་ཚོས་རང་ཉིད་ཀྱི་མིག་ཟུང་དང་སེམས་པ་ཡངས་མོར་བཞག་སྟེ།  བློ་ཁོག་ཆེན་པོས་ཕྱོགས་ཡོངས་ནས་འཛམ་གླིང་རྩོམ་རིག་བང་མཛོད་ཀློང་ནསསློབ་སྦྱོང་དང་སྙིགས་དོར་བཅུད་ལེན་ལ་འབད་དགོས། ད་ལྟའི་ཆར་ཀྲུང་གོའི་བྱིས་པའི་རྩོམ་རིག་ནི་ཁོག་ཡངས་ལ་ས་བཅུད་འཛོམས་ཤིང་། འབོལ་ཤིག་ཤིག་གིས་ས་རྒྱུས་བཀངས་ཡོད།  རང་རྒྱལ་རྒྱལ་མཚམས་སུ་མ་གཏོགས་པའི་རྒྱལ་ཁབ་སུ་ཞིག་གི་བྱིས་པའི་རྩོམ་རིག་གི་གསོན་བཟང་དག་ཀྲུང་གོར་གཏོར་དུས།  ཀྲུང་གོའི་ས་གཞིའི་ཐོག་ནས་རྩ་བ་རྒྱས་ཤིང་ཡལ་ག་དང་ལོ་འདབ་ཀྱང་རྒྱས་སྲིད། སྐབས་འདིར་ངས་འཛམ་གླིང་ལས་རིགས་དང་མོས་ཕྱོགས་གཅིག་པ་ཚོས་ཆེས་དང་ལེན་སླ་བའི་དཔེ་ཞིག་འཇོག་འདོད་དེ། ལིན་ཀེ་ལུན་གྱི”རྐང་ཤུབས་རིང་བའི་ཕི་ཕི”ཐོན་དུས་ཁོའི་རྒྱལ་ཁབ་ཁྲོད་དུ་དཔྱད་གླེང་འདྲ་མིན་སྣ་ཚོགས་ཐོན་ཏེ།  འགའ་རེས་ངོ་རྒོལ་དང་། འགའ་རེས་མི་དགའ་བ་སོགས་ཀྱི”ཕི་ཕི་རྩོད་གཞི”དྲག་པོ་བྱུང་། འོན་ཏང་། ཀྲུང་གོའི་བྱིས་རྩོམ་ཞིབ་འཇུག་པ་ང་འདྲ་བ་འགའ་རེས་ལིན་ཀེ་ལུན་གྱི་མཚན་སྙན་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་འཛམ་གླིང་བྱིས་པའི་རྩོམ་རིག་ལ་བརྗོད། དུས་རབས་ཕྱེད་ཙམ་ལ་ཉེ་བའི་བྱིས་པའི་རྩོམ་རིག་ལ”ལིན་ཀེ་ལུན་གྱི་བྱིས་པའི་རྩོམ་རིག་དུས་རབས”ཞེས་འབོད། དེ་བས་ཀྱང་། གལ་ཏེ་དུས་རབས༡༩པ་ནི་བྱིས་པའི་རྩོམ་རིག་གི་ཨན་ཐུ་ཧྲེང་དུས་རབས་སུ་བརྗོད་ན། དུས་རབས་ཉི་ཤུ་ནི་ལིན་ཀེ་ལུན་གྱི་བྱིས་པའི་རྩོམ་རིག་དུས་རབས་སུ་འབོད་པ་སྨོས་མི་དགོས། ངས་བསམ་ན་ལིན་ཀེ་ལུན་ལ་གཟི་བརྗིད་འདི་འདྲ་ཐོབ་པའི་རྒྱུ་རྐྱེན་ཡང་། འཛམ་གླིང་བྱིས་པའི་རྩོམ་རིག་གི་རྩོམ་རིག་ལྟ་དགོངས་ནི་ལིན་ཀེ་ལུན་སོགས་པའི་རྩོམ་རིག་སློབ་དཔོན་གྱི་གསར་རྩོམ་གྱིས་ཤུགས་རྐྱེན་དང་འགྱུར་ལྡོག་ཐེབས་མྱོང་བ་ཞིག་ཡིན་པས་སོ། ཀྲུང་གོའི་བྱིས་པའི་རྩོམ་པ་པོ་དག་གིས་ཕི་ཕི་ལུས་ཐོག་ཏུ་སྦྱར་བའི་ཆང་ལྷའི་སྙིང་སྟོབས་རྟོགས་ངེས་རེད། ང་ཚོས་ཕི་ཕིའི་ལུས་ཐོག་གི་སྤྲོ་སེམས་གཅིག་པུ་ལེན་རྒྱུ་མིན་པར་ཤུགས་དྲགས་ཀྱི་སྟོང་བསམ་བཀོལ་ནས་རང་གི་བསམ་པའི་བཀོད་ཤུགས་ལ་བཅིངས་གྲོལ་གཏོང་བ་དང་། ཀྲུང་གོའི་བྱིས་པའི་རང་གཤིས་སྔ་རྒྱུན་བཞིན་ལོག་ཏུ་བཅུག་རྒྱུ་དེའང་དམིགས་བྱར་འཛིན་དགོས། འདི་འདྲ་བའི་ཀྲུང་གོའི་བྱིས་པའི་རྩོམ་རིག་གི་གནས་བབ་ནི་ནུབ་ཕྱོགས་རིགས་གཅིག་མཁས་དབང་གི་བསམ་ཡུལ་ལས་འདས་སྲིད། དེར་བརྟེན། ནུབ་ཕྱོགས་པས་ཏག་ཏག་འདི་འདྲའི་དཔེ་མཚོན་བརྒྱུད་ནས་སྒོ་དབྱེའི་ཀྲུང་གོའི་བྱིས་པའི་རྩོམ་རིག་གི་ཞིང་སར་རྒྱུས་ལོན་བྱེད་ཐུབ། །

ཀྲུང་གོའི་བྱིས་པའི་རྩོམ་རིག་ལས་མཁན་ཚོས་གཤམ་གྱི་ཐབས་ལམ་བརྒྱུད་ནས་བྱིས་རྩོམ་གྱི་གཟུགས་ཉིད་རང་བཞིན་གྱི་ཁྱད་ཆོས་ངོས་འཛིན་བྱེད།  །

དང་པོ། བྱིས་པའི་རྩོམ་རིག་ནི་དར་མས་སྐད་ཆ་ལག་ཐབས་སུ་བྱས་ཐོག  སྒྱུ་རྩལ་བཀོད་འབྲི་དང་བརྩེ་སེམས་བརྒྱུད་སྤྲོད་བྱས་ཏེ།  མི་རབས་རྗེས་མར་མངོན་ཚུལ་གྱི་མཛེས་རིག་གི་གཟིགས་སྐྱོང་ཞིག་ཡིན།   དེས་རྩོམ་རིག་གི་དམིགས་བསལ་ཐབས་ལམ་བརྒྱུད་ནས་ལོ་ངོ་སྟོང་ཕྲག་རིང་དུ་མིས་གསོག་འཇོག་བྱས་པའི་ཤེས་རིག་དང་ཉམས་མྱོང་།  ལོ་ངོ་སྟོང་ཕྲག་རིང་དུ་མིས་བཞུན་བརྡར་བྱས་པའི་ལས་བརྩོན།  གཤིས་བཟང་།  དྲང་བདེན།  དཔའ་ངར།  འཚོ་བར་དགའ་ཞེན།  མེས་རྒྱལ་ལ་དགའ་ཞེན།  མི་ཆོས་སྙིང་སྟོབས།   བློ་རྩའི་སེམས་ཤུགས།  འགན་འཁྲི།  དགོད་བྲོའི་ཚོར་བ་སོགས་ཀྱི་ཆེས་ཕུལ་དུ་བྱུང་བའི་མིའི་རིགས་ཀྱི་ཀུན་སྤྱོད་དག་མི་རབས་རྗེས་མར་བརྒྱུད་སྤྲོད་བྱེད་པ་དེའོ།  །

གཉིས་པ།  བྱིས་པའི་སེམས་ཁམས་དང་མཐུན་པའི་འཛམ་གླིང་དང་བསམ་བློའི་ཁྱད་ཆོས་མངའ་བའི་མི་སྣ།   བརྩམས་སྒྲུང་།  མཚོན་བྱེད་རྣམ་པ་སོགས་བཀོལ་ནས་བྱིས་པ་དང་བསམ་བློའི་སྐད་བརྡ་བྱེད་པ་དང་།  དེས་ཀློག་པ་པོའི་རྩོམ་རིག་རེ་སྒུག་མངོན་འགྱུར་བྱེད།  དཔེར་ན་མི་སྣ་དང་།    བརྩམས་སྒྲུང་རྩེད་མཚར་ཅན།  དར་མ་དང་སྲོག་ཆགས་བྱིས་པ་ཅན་ལྟ་བུའོ།  །

གསུམ་པ།  བྱིས་པའི་རྩོམ་རིག་གི་གཙོ་དོན་དང་རྗེས་འབྲས་ཀྱི་སྒོ་དབྱེའི་རང་བཞིན། གཏན་འཁེལ་མེད་པའི་རང་བཞིན།  ཚབ་མཚོན་རང་བཞིན་ནི་ཁ་ཕྱོགས་ཤིག་ཏུ་འགྱུར་ཡོད།  །

བཞི་པ།  སྒྱུ་རྩལ་གྱི་ཁུངས་མེད་རང་བཞིན་དང་།  འཚོ་བའི་དོན་དངོས་རང་བཞིན་གྱི་འོས་འཚམ་ཀྱི་གཅུས་རིལ་རང་བཞིན།  །

ལྔ་པ།  དམངས་ཁྲོད་རྩོམ་རིག་གི་གཞི་རྒྱུ་གང་མང་བཀོལ་སྤྱོད་དང་བཅུད་ལེན་བྱས་ནས་རང་ཉིད་ཀྱི་གསར་རྩོམ་ཐབས་ལམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།  །

དྲུག་པ།  བརྩམས་སྒྲུང་གི་རྒྱབ་ལྗོངས་དང་འཁོར་ཡུག་ལྐོག་འགྱུར་ཅན་དང་།   ཨུ་ཐོ་པང་དུ་ཐག་གཅོད་པ།  །

བདུན་པ།  སྤྲོ་གར།  མྱུལ་ཞིབ།  ཚན་རིག་བསམ་འཕྲུལ་རིགས་ཀྱི་རྩོམ་རིག་ལག་ལེན་ཉམས་མྱོང་་སོགས་བྱིས་པའི་རྩོམ་རིག་གསར་རྩོམ་ཁྲོད་དུ་བཀོལ་བ། །

འདི་འདྲ་བའི་བྱིས་པའི་རྩོམ་རིག་གི་གཟུགས་ཉིད་ཁྱད་ཆོས་ཀྱིས་བྱིས་པའི་རྩོམ་རིག་གི་གསར་རྩོམ་ཆོས་ཉིད་འབུར་དུ་གསལ་བས།  དེ་དག་ལ་ཀྲུང་གོའི་བྱིས་པའི་རྩོམ་རིག་རྩོམ་པ་པོའི་གདེང་འཇོག་ཆེན་པོ་ཐོབ་ཡོད།  དེ་བས་ཀྱང་དེ་དག་དཔྱད་གཞི་དང་རྩི་འཇོག་བྱེད་ཡུལ་དུ་འགྱུར་བས།  ཁུར་དུ་ལྕི་བའི་སྒྱུ་རྩལ་གྱི་འབྲས་བུའང་ཐོབ་ཡོད།  དེར་བརྟེན།  ཀྲུང་གོའི་བྱིས་པའི་རྩོམ་རིག་གི་རྒྱལ་སྤྱིའི་མཉམ་སྤྱོད་ཕན་ནུས་ཤུགས་ཆེར་སོང་ཞིང་།  ཀྲུང་གོའི་བྱིས་པའི་རྩོམ་རིག་ཉིད་འཛམ་གླིང་བྱིས་པའི་རྩོམ་རིག་དང་གོམ་སྟབས་གཅིག་འགྱུར་བྱུང་ཡོད།  །

མཆན།  འགྱུར་དེ་ནི་ཀྲུང་གོའི་བྱིས་པའི་རྩོམ་རིག་ལོ་རྒྱུས་ཆེད་མཁས་པ་ཝེ་ཝི(韦苇)ལགས་ཀྱིས་སྤྱི་ལོ༡༩༧༧ལོའི་བྱིས་པའི་རྩོམ་རིག་བགྲོ་གླེང་ཚོགས་འདུའི་ཐོག་ཏུ་གནང་བའི་གཏམ་བཤད་ཡིན།