ཝུའུ་ཐེན་ཁྲུ་ཡི<<མི་ཉག་གི་ཡིག་ཚགས>>ཅེས་པ་ལས་བདམས།

དེ་ཡང་སྤྱི་ལོ་དུས་རབས་དགུ་བ་ནས་དུས་རབས་བཅུ་གཉིས་པའི་བར་གྱི་བགྲང་བྱ་སུམ་བརྒྱ་ལྷག་གི་ཡུན་ལ་བྱང་ཕྱོགས་ཀྱི་མོ་པེ་ས་ཁུལ་དུ་གྲངས་འབོར་མང་བའི་སོག་པོའི་སྐད་ཁོངས་ཀྱི་ཚོ་བས་ཁྱབ་ཡོད། དེའི་ཁྲོད་ནས་སོག་པོའི་ཚོ་བ་ནི་ཨར་ཀུ་ན་ཆུ་བོའི་སྟོད་རྒྱུད་དུ་འཚོ་སྡོད་བྱེད་ཅིང་རྗེས་སུ་ཁུ་ལོ་ལིན་ཆུ་བོའི་རྒྱུད་དུ་སྤོས་ནས་ཐོན་ལ། སླར་ཡང་ཁུ་ལོ་ལིན་ཆུ་བོ་དང་བ་ནན་ཆུ་བོའི་བར་དུ་སྤོས་བ་རེད། དེའི་གཞུག་ནས་བྱུང་བའི་ཕུལ་དུ་བྱུང་བའི་འགོ་བ་ཐེམ་ཇིང་ནི་སོག་པོ་ཚོ་བའི་པེར་ཀྲུ་ཅིན་ཚོ་ཁག་གི་ཡིན། སྐབས་དེར་མོ་པེ་དང་འབྲེལ་བའི་ས་ཁུལ་གྱི་གནས་ཚུལ་ནི་འདི་ལྟ་སྟེ། སོག་པོའི་ཤར་ན་ཐ་ཐ་ཨར་ཚོ་བ་དང་ཐ་ཐ་ཨར་གྱི་ཤར་ན་དེང་གི་ཧུའུ་ལིན་མཚེའུ་ཡོད་ཅིང་དེའི་ཉེ་འགྲམ་ན་ཧུང་ཅེ་ཚུ་ཚོ་ཁག་ཡོད། དེའི་ལྷོ་ནུབ་ཀྱི་ལྕགས་རི་རིང་བོ་དང་ཐག་ཉེ་སར་ཝང་ཀུའུ་ཚོ་བ་ཡོད་ཅིང་ཐ་ཐ་ཨར་དཀར་པོའི་ཁོངས་གཏོགས་ཡིན། དེས་ཅིན་རྒྱལ་ཁབ་ཀྱི་སླད་དུ་ལྕགས་རི་རིང་བོ་འགོག་སྲུང་བྱས་ནས་བསྡད་ཡོད། འོན་ཀྱང་རྗེས་སུ་དེ་ཐེམ་ཇིང་གིས་ཅིན་རྒྱལ་ཁབ་ལ་དཔུང་འཇུག་སྣེ་ཤན་པར་གྱུར། སོག་པོའི་བྱང་སྟེ་དེང་གི་སེ་ལིང་ཀུ་གཙང་པོ་དང་ཨུར་ཧུན་ཆུ་རྒྱུན་ན་མེར་ཅེ་ཚོ་ཁག་གནས་ཡོད། ལྷོ་ན་ཁུ་ལེ་ཚོ་ཁག་དང་པེ་ཅ་ཨར་མཚེའུ་ཡི་བྱང་ན་ཝོ་ཡེ་ཚུ་ཚོ་ཁག་ཡོད། གོང་གསལ་ཐམས་ཅད་ནི་སོག་པོ་ཚོ་བ་དང་འདྲ་བར་སོག་པོའི་མི་རིགས་སུ་གཏོགས། ད་དུང་མེར་ཅེ་ཡི་ལྷོ་དང་ཁུ་ལེ་ཡི་ནུབ། བྱང་ཨར་ཐེ་རི་བོ་ནས་ལྷོ་བྱང་ཐང་དུ་ཐུག་པའི་བར་ན་ནྰ་མན་རིགས་ཡོད་ཅིང་དཀར་པོའི་ཁོངས་སུ་གཏོགས། ཤེས་རིག་ཆུ་ཚད་ལྟོས་བཅས་ཀྱིས་མཐོ་ཞིང་སྟོབས་ཤུགས་ཀྱང་ཆེ། ནྰ་མན་གྱི་བྱང་སྟེ། ཡེ་ནུ་སེ་གཙང་པོའི་ངོགས་སུ་ཅེ་ལེ་སུ་ཅེ་ཡོད། དེའི་བྱང་ན་ཞན་པེ་ཡོད། ཅེ་ལེ་སུ་ཅེ་ཡི་ལྷོ་ན་ཡུ་གར་ཡོད། ཡུ་གར་གྱི་ནུབ་ན་ལུའུ་བྱང་མ་ཡོད། དེའི་བྱང་ན་ཧ་ལ་ཙི་མོ་རྒྱལ་ཁབ་ཡོད།

ཐེམ་ཇིང་གིས་དཔའ་ངར་ཆེ་བའི་སོག་པོའི་ཚོ་བ་བཀོད་འདོམས་བྱས་ནས་རྒྱུན་ཆད་མེད་པའི་གཡུལ་འགྱེད་དམག་འཁྲུག་ཁྲོད་དུ། ཐོག་མར་ཁ་འཐོར་དུ་གནས་པའི་སོག་པོའི་ཚོ་ཁག་སོ་སོ་གཅིག་གྱུར་བྱས་ཤིང་ཁོས་དང་པོ་ཐེ་ཡུ་ཁྲུ་བུའུ་ཚོ་བ་ཆམ་ལ་ཕབ་པ་དང་དེ་ནས་ཁུ་ལེ་ཚོ་དཔོན་ཝང་ཧན་དང་མཉམ་འབྲེལ་གྱིས་ལོ་འགའི་ཡུན་ལ་སྔ་གཞུག་ཏུ་ཀྲ་ཀྲུ་ཚུ་དང་མེར་ཅེ། ཧུང་ཅེ་ཚུ། ཐ་ཐ་ཨར་ཚོ་བ་སྐོར་མངའ་འོག་ཏུ་བསྡུས། དེ་ནས་ཝང་ཧན་དང་ཁ་མ་འཆམ་པར་ཁ་གཏད་དུ་ལངས། སྤྱི་ལོ༡༢༠༣ལོར་ཁུ་ལེ་ཚོ་ཁག་དང་གཡུལ་འགྱེད་བྱས་ཤིང་རྒྱལ་ཁ་ཆེན་པོ་ཐོབ། ཝང་ཧང་བྲོས་བྱོལ་དུ་ཤི་བ་ཁུ་ལེ་མིང་གི་ལྷག་མ་ཙམ་དུ་གྱུར། མངའ་ཁོངས་བསྐྱེད་ནས་ནུབ་ནྰ་མན་དུ་ཐུག དེ་ཕྱིར་ལོ་ནྰ་མན་ལ་ཕར་རྒོལ་བྱས་ནས་ཐ་ཡྰང་རྒྱལ་པོ་ཕམ་པར་བྱས། དེའི་ས་ཁོངས་མངའ་འོག་ལ་བསྡུས། དེ་ལྟར་སོག་པོའི་ཚོ་བ་སོ་སོ་ཐེམ་ཇིང་གིས་ཡོངས་སུ་གཅིག་གྱུར་བྱས། ཤར་ཧེ་ལུང་ཅང་གཙང་པོའི་ཤར་རྒྱུད་དང་ནུབ་ཨར་ཐེ་རི་བོའི་བར་གྱི་འབྱམས་ཀླས་པའི་རྩྭ་ཐང་ཡོངས་ཁོའི་མངའ་འོག་ཏུ་བསྡུས། ཁོས་མུ་མཐུད་དུ་ཉིན་བཞིན་རྒྱ་སྐྱེད་པའི་རུ་དཔུང་ལ་བཀོད་འདོམས་བྱས་ནས་ཕྱི་ཕྱོགས་ལ་དྲག་ཤུགས་ཀྱིས་དབང་སྡུད་བྱས།

སོག་པོ་དུས་ཡུན་རིང་པོར་ཉུའུ་ཀྲིན་དབང་སྒྱུར་གྲལ་རིམ་གྱི་ཡ་ང་བའི་གཉའ་གནོན་ལ་ཞེ་འཁོན་སྐྱེས་ཡོད་པས་ཐེམ་ཇིང་གིས་འཁོན་ལན་དང་རྒྱུ་ནོར་འཕྲོག་བཅོམ་གྱི་ཆེད་དུ་སྔར་ནས་ཅིན་རྩ་མེད་གཏོང་བའི་སེམས་ཐག་བཅད། འོན་ཀྱང་ཅིན་ལ་དཔུང་འཇུག་བྱས་ཚེ་ཅིན་གྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་ཡོད་པའི་མི་ཉག་གིས་བཀག་སྐྱིལ་ཐེབས་པར་དོགས་ནས་ཐོག་མར་མི་ཉག་དམིགས་འབེན་དུ་བདམས་པ་དང་ཚོད་ལྟ་རང་བཞིན་གྱི་དཔུང་འཇུག་ཐེངས་འགའ་བྱས།

སོག་པོས་མི་ཉག་ལ་ཧུ་སི་ཞེས་འབོད་པ་དང་སྒྲ་འགྱུར་ནས་ཧུ་སིན་ཞེས་ཀྱང་བྱ། དེའི་རྗེས་ནས་ཐང་ཝུ་ཐེ་ཞེས་འབོད་སྲོལ་ཡང་བྱུང་། སྤྱི་ལོ༡༢༠༥ལོར་ཐེམ་ཇིང་གིས་དངོས་སུ་དམག་གིས་སྣ་དྲངས་ནས་ལྷོ་ཡི་མི་ཉག་ཆམ་ལ་ཕབ་ཏུ་ཆས། ཐོག་མར་ལི་ཅི་ལི་སེ་ཕབ་པ་དང་ལོའུ་སི་མཁར་བརྒྱུད་དུས་ས་གནས་དེའི་རྒྱུ་ནོར་དང་རྔ་མོང་ཡོད་ཚད་འཕྲོག་བཅོམ་བྱས། ཞ་ཧིན་ཙུང་གིས་བཀའ་ཕབ་ནས་ས་གནས་སོ་སོའི་གཏོར་བརླག་ཐེབས་པའི་མཁར་གྲོང་ལ་ཞིག་གསོ་བྱས་པ་དང་མངའ་ཁོངས་ནས་བཙོན་གྲོལ་རྒྱ་ཆེན་བྱས། དེས་མ་ཚད་རྒྱལ་ས་ཞིན་ཆིན་གྱི་མིང་ཡང་བསྒྱུར་ནས་ཀྲུང་ཞིན་ཞེས་བཏགས།

སྤྱི་ལོ༡༢༠༦ལོར་ཐེམ་ཇིང་གིས་ཝུའུ་ནན་གཙང་པོའི་འགྲམ་ནས་སོག་པོའི་རུས་རྒྱུད་ཀྱི་སྐུ་དྲག་གྲོས་ཚོགས་བརྒྱུད་ནས་སྤྱི་འདེམས་ཀྱི་རྒྱལ་པོར་གྱུར། མིང་ལ་ཇིང་གར་རྒྱལ་པོ་ཞེས་གྲགས། དེའི་ཕྱི་ལོའི་སྟོན་ཁར་ཇིང་གར་རྒྱལ་པོས་མི་ཉག་གིས་རྟེན་འབུལ་མི་བྱེད་པར་ཁ་གཡར་ནས་དམག་འཁྲུག་ཐེངས་གཉིས་པ་བསླངས་ནས་མཐའ་སྲུང་ས་གནས་འགངས་ཆེན་ཝུའུ་ལོ་ཧེ་མཁར་བླངས། ཁོས་མི་ཉག་གི་དམག་ཤུགས་ཆེ་བ་མཐོང་བ་དང་ལྷག་ཏུ་ལྔ་ཙམ་གྱི་ཡུན་ལ་དཔུང་འདུས་བྱས་པས་དམག་རྒྱགས་དཀོན་པར་གྱུར་སྟེ། དེའི་ཕྱི་ལོར་དམག་དཔུང་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་།

སྤྱི་ལོ༡༢༠༩ལོར། ཇིང་གར་རྒྱལ་པོས་ཐེངས་གསུམ་པར་མི་ཉག་ལ་ཕར་རྒོལ་བྱས། སོག་དམག་གིས་ཆུ་ནག་མཁར་ནས་མགོ་བརྩམས་ཏེ་ཝུའུ་ལོ་ཧེ་འགག་སྒོ་ལ་འཇབ་རྒོལ་བྱས། ཞ་ཤང་ཙུང་གིས་རང་གི་བུ་ཁྲེན་ཀྲིན་དམག་སྤྱི་ཆེན་པོ་བསྐོས་ནས་དམག་དཔུང་མངགས་ནས་འགོག་རྒོལ་དྲག་པོ་བྱས། སོག་དམག་མི་ཉག་ཏུ་སླེབས་རྗེས་རྒོལ་སྟངས་ཧ་ཅང་དྲག་པས་མི་ཉག་དམག་དཔུང་གི་གནས་བབས་ཇེ་སྡུག་གྱུར་ཏེ་དམག་སྤྱི་གཞོན་པ་ཀོའུ་ཡུ་བྱ་བ་གཡུལ་ས་ནས་གསོན་བཟུང་བྱས་ཏེ་མགོ་འདོགས་མ་བྱས་པས་གྲོངས། སོག་དམག་གིས་མཁར་ཝུའུ་ལོ་ཧེ་བླངས་རྗེས་ཛ་དྲག་གི་སྲང་ལམ་འཐབ་འཁྲུག་ཁྲོད་ནས་རྒྱལ་སྲས་ཀྱི་སློབ་དཔོན་ཞི་པེ་ཨུ་དེ་བྱ་བ་གསོན་བཟུང་བྱས། སོག་དམག་གིས་རྒྱལ་ཁ་བླངས་བར་རྟེན་ནས་མུ་མཐུད་དུ་ལྷོ་ཕྱོགས་སུ་དམག་དཔུང་གི་སྣ་དྲངས་ཏེ་ཀྲུང་ཞིན་མཁར་གྱི་ཕྱི་སྐོར་བཙན་ས་སྟེ་ཁུ་ཡེ་མན་བྱ་བར་བཅར། སོག་དམག་གི་གཡུལ་འགྱེད་ཐོག་མ་ལ་རྒྱལ་ཁ་མ་ལོན་མོད་ཟླ་གཉིས་རིང་ལ་སྲ་བཟུང་ནས་མི་ཉག་དམག་དཔུང་གི་ལྷོད་གཡེང་གི་སྐབས་དང་བསྟུན་མི་ཉག་གི་དམག་སྤྱི་གསར་བ་ཝེ་མུན་ལིན་ཀོང་བྱ་བ་གཡུལ་ས་ནས་གཡོ་སྒྱུའི་ཐབས་ཀྱིས་གསོན་བཟུང་བྱས། སོག་དམག་གིས་ད་གཟོད་འགག་སྒོ་བརྟོལ་ནས་ཐད་ཀར་ཀྲུང་ཞིན་མཁར་དུ་སླེབས། སོག་དམག་གིས་རྨ་ཆུ་དྲངས་ནས་མི་ཉག་གི་དམག་དཔུང་དང་མི་སེར་མང་པོ་བསད། ཞ་ཧིན་ཙུང་གིས་ཕོ་ཉ་མངགས་ནས་ཅིན་ལ་སོང་སྟེ་རོགས་བྱེད་དུ་མངགས། འོན་ཀྱང་ཅིན་བདག་གིས་ཁ་ཡ་མ་བྱས། མཁར་གྲོང་ཆུ་ཡིས་སྣུབ་སྟེ་ཞིག་རལ་དུ་གྱུར་ཞིང་ཕྱི་ཡི་ཆུ་རགས་ཞིག་སྟེ་ཆུ་ཡན་གང་སར་ཁྱབ་པས་སོག་དམག་ཀྱང་རྐང་ཚུགས་མ་ཐུབ་པར་མཐའ་སྐོར་སྒྲོལ་དགོས་བྱུང་། སོག་དམག་ཕྱིར་འཐེན་བྱེད་སྐབས་ཞི་པེ་ཨུ་དེ་བྱ་བ་བཙོན་ལས་བཏང་སྟེ་བཀའ་སྒྲོག་ཏུ་མངགས་པས་ཞ་ཧིན་ཙུང་གིས་རང་གི་སྲས་མོ་ཕུལ་ནས་མགོ་འདོགས་ཞུས་པས་ད་གཟོད་དམག་འཁྲུག་གནས་སྐབས་ཤིག་ལ་མཇུག་རྫོགས་པར་གྱུར།

ཇིང་གིར་རྒྱལ་པོས་མི་ཉག་ནས་དམག་འཁྲུག་གི་འབྲས་བུ་གཡུར་དུ་ཟ་བ་བླངས་རྗེས་མདུང་རྩེ་ཅིན་རྒྱལ་ཁབ་ལ་གཏད་མགོ་བརྩམས་ནས་ཚུར་རྒོལ་དྲག་པོ་བྱས། ལོ་འགའི་ཡུན་ལ་ཅིན་གྱིས་མངའ་ཁོངས་འབོར་ཆེན་ཤོར་ཞིང་དམག་དཔུང་གི་སྟོབས་ཤུགས་ཀྱང་ཇེ་ཞན་དུ་གྱུར་ཏེ་གནས་བབས་ཉིན་བཞིན་ཇེ་སྡུག་ཏུ་གྱུར། སྐབས་དེར་མི་ཉག་ཀྱང་ཅིན་དང་ལྷན་དུ་དམག་དོན་གྱི་རྙོག་དྲར་ཚུད་པས་སྤྱི་ཚོགས་ཐོན་སྐྱེད་ལ་གཏོར་བཤིག་བཏང་སྟེ་ཕྱོགས་གཉིས་ཀྱི་སྟོབས་ཤུགས་སྔར་བས་ཉམས་དམས་སུ་གྱུར། སྤྱི་ལོ༡༢༡༧ལོར་ཇིང་གིར་རྒྱལ་པོས་ཐེངས་བཞི་བར་མི་ཉག་ལ་དཔུང་འཇུག་བྱས་ནས་ཀྲུང་ཞིན་མཁར་བསྐོར། ཙིན་ཞིན་བྱ་བ་ཞི་ཅིན་ཏུ་བཤོལ་བ་དང་ཕོ་ཉ་མགོ་འདོགས་པར་མངགས། སོག་དམག་ད་གཟོད་ཕྱིར་འཐེན་བྱས། སྤྱི་ལོ༡༢༢༣ལོར་མི་ཉག་གི་མངའ་བདག་ཙིན་ཞིན་བྱ་བ་ཇིང་གིར་གྱིས་ནམ་རྒྱུན་ཕོ་ཉ་མངགས་ནས་སྐྱོན་བརྗོད་བྱེད་པར་མ་བཟོད་ནས་སྲིད་དབང་རང་གི་སྲས་གཉིས་པ་བདེ་དབང་བྱ་བར་སྤྲད། སྐབས་དེར་མི་ཉག་གི་དབང་སྒྱུར་བས་ད་གཟོད་སོག་པོའི་སྟོབས་ཤུགས་དང་འཇིགས་རུང་ཚོར། བདེ་དབང་བྱ་བས་ཙིན་ཞིན་གྱིས་ལག་བསྟར་བྱས་པའི་སོག་པོར་བརྟེན་ནས་ཅིན་ལ་རྒོལ་བའི་རྒྱལ་ཇུས་སྒྱུར་བཅོས་བྱེད་པར་ཐག་བཅད་པ་དང་ཇིང་གིར་རྒྱལ་པོ་ནུབ་ཡུལ་ལ་རྒྱང་སྐྱོད་ཟིན་པའི་གོ་སྐབས་བཟུང་ནས་མོ་པེ་ཚོ་བ་ཁག་མཉམ་འབྲེལ་བྱས་ནས་སོག་པོ་འགོག་པའི་མནའ་མཐུན་འཛུགས་རྩིས་བྱས། དེ་ལྟར་བྱས་ན་མི་ཉག་གི་འགོག་སྲུང་ལ་ཕན་ཐོགས་པར་སེམས། སྤྱི་ལོ༡༢༢༤ལོར། ཧྭ་བྱང་སྤྱི་ཁྱབ་ཀྱི་དམག་དཔུང་ཁག་ལ་བཀོད་འདོམས་བྱེད་པའི་རྒྱལ་པོ་བྷེ་ལུའུ་ཡིས་མི་ཉག་གིས་རེ་ངན་བཅངས་བ་ཚོར་རྗེས་དམག་དཔུང་དྲངས་ནས་མི་ཉག་གི་ཤར་ནས་ཚུར་རྒོལ་བྱས་ཡུན་ཇུ་ཤོར། མི་ཉག་གི་དམག་ཁྲི་ལྷག་གཡུལ་འཁྲུག་ཏུ་ཤི་བ་སྒོ་ཕྱུགས་ནོར་ལུག་ཁྲི་བཅུ་ལྷག་འཕྲོག་བཅོམ་བྱས། མཁར་སྲུང་དམག་སྤྱི་ཐ་ཧེ་འཛིན་བཟུང་བྱས། ཇིང་གིར་རྒྱལ་པོ་ནུབ་ཡུལ་ནས་རྒྱལ་ཁ་བླངས་ནས་ཕྱིར་སླེབས་པ་དང་དུས་མཚུངས་ཤ་ཅུ་ལ་ཚུར་རྒོལ་བྱས། ཟླ་གཅིག་གི་ལྷག་གི་ཡུན་ལ་དམག་དཔུང་མངགས་ནས་མཚན་མོར་དོང་ནས་མཁར་ནང་ལ་འཛུལ་བ་མཁར་སྲུང་དཔོན་ཅི་ལྰ་སི་ཡུ་བྱ་བ་མེ་སྦར་བས་སོག་དམག་འབོར་ཆེན་ཤི། འོན་ཀྱང་མཁར་ནང་ནས་ལོ་ཕྱེད་ཙམ་ལ་འགོག་སྲུང་བྱས་པས་དམག་དཔུང་དང་མི་སེར་ཀུན་ཐང་ཆད་པར་གྱུར་བ་དང་རྟ་ནོར་ལུག་དང་རྔ་མོང་རྣམས་ཀྱང་འཛད་པར་གྱུར། གྱོང་གུད་ཆེས་ཆེར་ཚབས་ཆེན་གྱུར།

སྤྱི་ལོ༡༢༢༥ལོར། ཇིང་གིར་རྒྱལ་པོ་མོ་པེ་ཧི་ལེན་དུ་ལོག་ནས་སྲས་བཞི་ལ་བགོ་སྐལ་དུ་སྤྲད་པའི་ས་ཆེའི་གནད་དོན་ལ་བཀོད་སྒྲིག་འོས་འཚམས་གནང་། མི་ཉག་གིས་ད་དུང་མགོ་སྒུར་མེད་པས་གཡུལ་གྱི་སྦྱོར་བ་ཆེན་པོ་བཤམས་པར་ཧུར་བརྩོན་གྱིས་གྲ་སྒྲིག་བྱས། ཕྱི་ལོའི་དཔྱིད་ཀར། ཇིང་གིར་རྒྱལ་པོས་བཀའ་བསྒྲགས་ནས་མི་ཉག་གིས་དམག་དཔུང་མངགས་ནས་རམ་འདེགས་མི་བྱེད་པ་དང་གཅིག བུ་གཏའ་མར་འཇོག་པ་དང་ལེན་མི་བྱེད་པ་གཉིས་ལ་ཁ་གཡར་ནས་ཤར་དང་ནུབ་ནས་བཙིར་རྒོལ་བྱེད་པའི་རྒོལ་སྟངས་ཏེ། དམག་དཔུང་ཁག་གཅིག་ནུབ་ཡུལ་ཅ་ཏོ་ཝའུ་རྒྱལ་ཁབ་ནས་ཤར་དུ་སྐྱོད་དེ་ཤ་ཅུ་ལེན་དུ་ཆས། སོག་དམག་གི་དམག་དཔོན་ཧུའུ་ཏུ་ཐེམ་བྱ་བ་བཀའ་སྒྲོག་ཏུ་ཆས་པ་དང་མི་ཉག་སྲུང་དམག་གིས་མགོ་འདོགས་ཁུལ་བྱས་ཏེ་འཇབ་སྒུག་བྱས། ཧུའུ་ཏུ་ཐེམ་ཕྱིན་པས་ཏོག་ཙམ་མ་གཏོགས་གསོན་བཟུང་ཐེབས། འོན་ཀྱང་མཉམ་དུ་སྐྱོད་པའི་སྟོང་དཔོན་ཏེ་སྔོན་ལི་ཆན་རུ་ཁག་གིས་སྲུང་སྐྱོབ་བྱས་པར་བརྟེན་ནས་ཐར་བ་བྱུང་། ཕྱིར་ལོག་རྗེས་དམག་དྲངས་པས་ད་གཟོད་ཤ་ཅུ་བླངས། སོག་དམག་གིས་སུའུ་ཅུ་ལ་རྒོལ་བ་དང་མི་ཉག་གི་སྲུང་དམག་གིས་གཏན་ནས་མགོ་འདོགས་མ་བྱས། <<ཡོན་གྱི་ལོ་རྒྱུས་ལས་ལི་ཆན་རུ་ཁག་གི་ལོ་རྒྱུས>>བྱ་བར་སྐབས་དེའི་གཡུལ་གྱི་གནས་ཚུལ་འདི་ལྟར་བཀོད་ཡོད་དེ། དམག་དྲངས་ནས་སུའུ་ཅུ་བསྐོར། སྲུང་དམག་གི་དམག་དཔོན་ནི་ལི་ཆན་གྱི་སྤུན་ཡིན་པས་མཁར་ལ་རྒོལ་ཚེ་དེའི་ཁྱིམ་མིར་འཚེ་བར་དོགས་ནས་མགོ་འདོགས་པར་ཞུ་བ་བྱས། ཇིང་གིར་གྱིས་མཁར་ཡུན་རིང་ལ་མ་ཕབ་པར་ཁྲོ་ནས་མཁར་ནང་ཚང་མ་གསོད་དགོས་པའི་བཀའ་ཕབ། ལི་ཆན་གྱིས་ཉེ་རིང་རྒྱུད་པ་མི་གསོད་པའི་རེ་འདུན་ཞུས། དེ་ལྟར་གསོན་པའི་ཁྱིམ་ཚང་དྲུག་ཡོད་ཅིང་སོ་སོའི་ས་ལོག་ཏུ་བཅུག་ཅེས་བཀོད་ཡོད་པ་མོད། འོན་ཙང<<ཡོན་ཆེན་པོའི་སུའུ་ཅུ་ལུའུ་ཡེ་ཁུ་ཏ་ལུའུ་ཧྭ་ཁྲུ་རྒྱུད་འཛིན་རྡོ་རིང>>དུ་ཐོ་འགོད་བྱས་པ་ལྟར་ན་སུའུ་ཅུ་ཡི་ཏང་ཆང་གི་རིགས་ཆེན་པོ་ཅུའུ་ལི་ཧྲ་ཡིས་མཁར་གྲོང་ཕུལ་ནས་མགོ་འདོགས་ཞུས་ཞེས་བྲིས་ཡོད། ཉེ་ཆར་བློ་མཐུན་པེ་པིན་དང་ཧྲི་ཅེན་པོ་གཉིས་ཀྱིས་སུའུ་ཅུ་རྡོ་རིང་ལ་དཔྱད་འགྲེལ་གནང་སྟེ་ཡོན་གྱི་ལོ་རྒྱུས་དང་རྡོ་རིང་དུ་བཀོད་པ་དོན་གཅིག་ཡིན་པར་འདོད་པ་སྟེ། སྤྱིར་བཏང་སོག་དམག་གིས་མི་ཉག་རྩ་མེད་གཏོང་སྐབས་མཁྲེགས་གཏོར་དང་མགོ་འདོགས་ཀྱི་ཐབས་ཤེས་ཟུང་འབྲེལ་གྱིས་སྤྱོད་ཀྱིན་ཡོད་པས་སོ།། སོག་དམག་གིས་དེ་ནས་ཡང་ཀ་ཅུ་བསྐོར། སྲུང་དམག་གི་དམག་དཔོན་ཆི་ཡེ་ཆེ་ལུ་བྱ་བ་ཡིན། སོག་དམག་གིས་ཕོ་ཉ་མངགས་ནས་མགོ་འདོགས་བྱེད་པར་བསྐུལ། མི་ཉག་གི་དམག་དཔོན་གཞོན་པ་ཨ་ཁྲོ་སོགས་མི་སོ་དྲུག་གིས་ཕོ་ཉ་དང་ཆི་ཡེ་ཆེ་ལུ་ཁྱིམ་ཚང་གང་བོ་བསད། དམག་དཔུང་དང་མི་སེར་མཉམ་སྡེབ་ཀྱིས་འགོག་སྲུང་བྱས། མཁར་གཏོར་ནས་ཨ་ཁྲོ་སོགས་ཚང་མ་གྲོངས།

སྐབས་དེར། མི་ཁྲི་བཅུ་ཡིས་གྲུབ་པའི་རུ་དཔུང་གཞན་ཞིག་ཇིང་གིར་རྒྱལ་པོས་དངོས་སུ་སྣ་དྲངས་ཏེ་མོ་པེ་རྩྭ་ཐང་ནས་ལྷོ་སྐྱོད་བྱས། ཟླ་གསུམ་པར་ཆུ་ནག་སོགས་མཁར་གྲོང་བླངས་བ་དང་རྒྱལ་ཁ་ལོན་པར་བསྟུན་ཧི་ལན་རི་བོར་བསྐྱོད། མི་ཉག་གི་དམག་དཔོན་ཆེན་པོ་ཨ་ཤ་སྒམ་པོ་གཡུལ་ལས་ཕམ་སྟེ་གསོན་བཟུང་ཐེབས། ཇིང་གིར་རྒྱལ་པོས་དམག་སྒར་རྒྱབ་ནས་ཚ་བ་གཡོལ་བ་དང་ཆབས་ཅིག་ནུབ་ལམ་གྱི་དམག་དཔུང་དང་མཉམ་འཛོམས་བྱེད་པར་བསྒུགས། དུས་དེར་ཧུ་སི་ས་ཁུལ་གྱི་ཅུ་སོ་སོར་ཐན་པ་བྱུང་སྟེ་མི་དམངས་ལ་ཟས་དཀོན་པར་གྱུར། ཟླ་བདུན་པར་ཇིང་གིར་རྒྱལ་པོས་དམག་དཔུང་དྲངས་ནས་ཞི་ལིང་གྲོང་ལ་གཏད་ནས་ཐོན། སྲུང་དམག་དམག་དཔོན་ཝུའུ་ཀྲ་ཙི་ཡིས་ཁྲེལ་མེད་ཀྱིས་མཐའ་གཅིག་ཏུ་མགོ་འདོགས་ཞུས་པས་སོའུ་ལོ་དང་ཧེ་ལོ་སོགས་རྫོང་མཁར་ཤོར། བདེ་དབང་བྱ་བ་མི་ཉག་གིས་མཁར་གྲོང་ལ་འགོག་སྲུང་མི་ཐུབ་པ་དང་དགྲ་དམག་བཅར་བར་འཇིགས་སྐྲག་དང་བློ་མི་བདེ་བར་གྱུར་ནས་སྐབས་དེར་ཤི། ལོ་བཞི་བཅུ་ཞེ་དྲུག་ཡིན། ཚ་བོ་ནན་ཕེན་ཝང་ཞན་ཁྲིར་བཀོད།  མི་ཉག་གི་སྲིད་དབང་འཐོར་ཞིག་འགྲོ་བའི་མཚམས་ལ་བཅར་བ་དང་རྒྱལ་ཡོངས་ཀྱི་དམངས་དམག་ཀུན་སོག་འགོག་རྒྱལ་སྲུང་གི་ཉེན་ཁའི་གནས་སུ་ལྷུང་།

ཇིང་གིར་གྱིས་མུ་མཐུད་དུ་དཔུང་འཇུག་དྲག་པོ་བྱས་ཏེ། སོག་དམག་གིས་ཧྲ་ཐོ་བརྒྱུད་རྨ་ཆུ་ཅོ་ཏུའུ་རུ་སླེབས་ནས་དབྱིན་ལི་སོགས་རྗོང་ཁག་བླངས། ཟླ་བཅུ་གཅིག་པར་ཇིང་གིར་གྱིས་སྐུ་དངོས་ནས་དམག་དཔུང་དྲངས་ནས་ལིང་ཅུ་སྐོར་རྡུང་བྱས། ཝང་ཞན་གྱིས་ཝེ་མུན་ལིན་ཀོང་བྱ་བའི་དམག་དཔོན་རྒན་པར་དམག་ཁྲི་བཅུ་བརྫངས་ནས་དཔུང་རོགས་སུ་བཏང་། སོག་དམག་དར་ཆགས་པའི་རྨ་ཆུ་བརྒྱུད་གདོང་བསུ་བར་ཡོང་བའི་མི་ཉག་གི་དམག་དཔུང་དང་འཐབ་འཛིང་དྲག་པོ་བསྐྱེད། ཕོ་སི་ལ་ཧྲི་ཏུ་ཡི<<ལོ་རྒྱུས་ཕྱོགས་བསྡུས>>ན་ཐེངས་འདིའི་གཡུལ་འགྱེད་སྐོར་ཐོ་འགོད་བྱས་ཡོད་དེ། འཐབ་འཁྲུག་གི་ཛ་དྲག་ནི་སོག་པོས་གཡུལ་འགྱེད་ཁྲོད་ནས་མཐོང་དཀོན་པ་ཡིན། མི་ཉག་གི་དམག་དཔུང་གིས་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་ཤིང་ཉམས་དམུས་ཚབས་ཆེན་ཐེབས། ལིང་ཅུ་དགྲ་ལག་ཏུ་ཤོར། མི་ཉག་ཡུ་ཅུ་ནེ་ལོ་ཡིས་ཀྱང་སྐབས་དེར་མགོ་འདོགས་ཞུས། སོག་དམག་ཡན་ཅུ་ནས་མུ་མཐུད་དུ་མདུན་ལ་དཔུང་སྐྱོད་བྱས་ནས་ཀྲུང་ཞིན་མཁར་གྲོང་བསྐོར། སྤྱི་ལོ༡༢༢༧ལོའི་ལོ་མགོར། ཇིང་གིར་རྒྱལ་པོས་དམག་དཔུང་ཁག་གཅིག་བཞག་ནས་མུ་མཐུད་དུ་མཁར་ལེན་གཡུལ་འགྱེལ་བྱས་པ་དང་རང་གིས་སྐུ་དངོས་ནས་དཔུང་གི་སྣ་དྲངས་ལྷོ་རུ་བསྐྱོད་དེ་རྨ་ཆུ་བརྒྱུད་ཅི་ཧྲི་ཅུ་བྱ་བ་ཕབ་ནས་ཅིན་གྱི་མངའ་ཁོངས་སུ་འཛུལ། སོག་དམག་གིས་སྨྱོ་ཧམ་ཆེན་པོས་དཔུང་འཇུག་བྱས་ནས་སྔ་གཞུག་ཏུ་ལིན་ཐོ་མཁར་དང་ཐོ། ཧི། ཟི་ལིང་སོགས་ཅུ་བླངས། སོག་དམག་ཐོན་པའི་གནས་གང་སར་གཏོར་བརླག་ཚབས་ཐེབས་པ་དང་མི་སེར་བྲོས་བཤོལ་བྱས་པས་སྣང་ཚུལ་ཉམས་དམས་སུ་གནས། ལོ་དེའི་ཟླ་དྲུག་པར། ཇིང་གིར་རྒྱལ་པོ་ལུའུ་ཕེན་རི་བོར་ཚ་བ་གཡོལ་དུ་ཆས། ཀྲུང་ཞིན་མཁར་བསྐོར་ནས་ལོ་ཕྱེད་འགོར་བ་དང་རྒྱགས་ཟད་པ་དང་རོགས་མེད་ཀྱི་གནས་སུ་ལྷུང་ནས་དམག་དཔུང་མི་སེར་ཀུན་ནད་ཀྱིས་བཟུང་ནས་མུ་མཐུད་དུ་རྒྱུན་སྐྱོང་བའི་ནུས་པ་ཉམས་པར་གྱུར། མི་ཉག་གི་རྒྱལ་པོ་ཝང་ཞན་གྱི་ཕོ་ཉ་མངགས་ནས་མགོ་འདོགས་པར་མངགས་པ་དང་རྟེན་འབུལ་དངོས་རྫས་དང་མི་སེར་སྤོ་བ་སོགས་ལ་ཟླ་གཅིག་གི་དུས་ཚོད་སྦྱིན་དགོས་པ་དང་དེ་ལྟ་ཡིན་ཚེ་མཇལ་ཁ་ཞུ་རུ་ཡོང་ཞེས་ཞུས། ཇིང་གིར་རྒྱལ་པོས་ཆོག་མཆན་གནང་། སྐབས་དེར་ཇིང་གིར་རྒྱལ་པོའི་ནད་གཞི་ཇེ་ཐུ་གྱུར། ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་ཆིན་ཧྲི་རྫོང་གི་བྱེས་བཞུགས་ཕོ་བྲང་ནས་སྐུ་གཤེགས། མི་ཉག་གི་རྒྱལ་པོ་སོག་པོའི་དམག་སྒར་ལ་མཇལ་ཁ་ཞུ་རུ་ཕྱིན་དང་དེ་ནས་གྲོངས། སོག་དམག་གིས་ཀྲུང་ཞིན་མཁར་བཙན་བཟུང་བྱས། མི་ཉག་གི་སོག་པོ་རྒོལ་བའི་དམག་དང་མི་སེར་ལ་ཡ་ང་བའི་དམར་གསོད་དང་འཕྲོག་བཅོམ་བྱས། དེ་ལྟར་མི་ཉག་བཙན་རྒྱལ་ཞེས་མིང་གི་ལྷག་མ་ཙམ་དུ་གྱུར།

འོན་ཀྱང་འདིར་ང་ཚོས་བརྟག་དཔྱད་བྱེད་རིན་ཡོད་པའི་གནད་དོན་ཞིག་ཡོད། དེ་ནི་བོད་ན་གྲགས་པའི་སིའུ་རྒྱལ་པོའི་སྐོར་གྱི་ངག་རྒྱུན་ཡིན། མི་ཉག་གི་རྒྱལ་ཁབ་སྣུབ་རྗེས་ཤུལ་དུ་ལྷག་པའི་མི་ཁག་གཅིག་གིས་ལྷོ་ནུབ་ས་ཁུལ་དུ་ཡོང་ནས་དུས་ཡུན་རིང་བོར་མཐའ་མཚམས་ཀྱི་སྲིད་དབང་ཆུང་ངུ་ཞིག་བཙུགས་པ་དང་ལོ་རྒྱུམ་དུམ་བུ་དེ་ལོ་ཟླའི་འཁོར་འགྲོས་དང་བསྟུན་ནས་བརྗེད་ངེས་སུ་གྱུར། ང་ཚོས་འདི་ནས་ཞར་བྱུང་དུ་དྲངས་བ་ཡང་ལོ་རྒྱུས་སྨྲ་བ་ཚོས་དེ་མཐུན་གྱི་དོ་སྣང་བྱས་ཏེ་ནམ་ཞིག་ཡིད་རྟོན་རུང་བའི་སྡོམ་ཚིག་འགོད་ཐུབ་པའི་སླད་ཡིན། སོག་པོའི་སྐྱ་དམག་གིས་མི་ཉག་ལ་བཙན་འཛུལ་བྱས་ནས་ཡོད་ཚད་ལ་རྡོག་བརྫིས་གཏོང་སྐབས་མི་ཉག་གི་སྡོད་དམངས་ཁག་རེ་འགའ་ཕྱི་ཕྱོགས་སུ་བྲོས་བྱོལ་དུ་ཕྱིན། ཤར་ཕྱོགས་སུ་བྲོས་པའི་ཁག་གཅིག་ནི་ཞིང་ལས་འདེབས་འཛུགས་གཉེར་བ་དང་རྒྱ་འགྱུར་ཚད་ཅུང་ཆེ་བའི་མི་མང་ཤོས་ཏེ། དེ་དག་རྗེས་སུ་ཐང་དང་ཏིན། ཧྲིན། ཡུ་སོགས་ས་ཁུལ་དུ་གནས་སྡོད་བྱས། ཁག་གཞན་ཞིག་ནི་གཙོ་བོ་ཕྱུགས་ལས་གཉེར་བའི་ཏང་ཆང་གཙོ་བྱས་པའི་བོད་རིགས་ཡིན། དེ་དག་ཁོ་ཚོ་ལྷོ་རུ་གཏད་ནས་རྒྱང་སྐྱོད་བྱས་ཤིང་ལེ་བར་སྟོང་ཕྲག་བརྒལ་ནས་ད་ལྟའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མི་ཉག་ཅེས་པའི་ས་ནས་གཞིས་ཆགས་པ་དང་སྲིད་དབང་ཆུང་ངུ་ཞིག་བཙུགས། ད་ཆ་ཡང་ས་དེའི་མི་རྣམས་ཀྱིས་སྲིད་དབང་ཆུང་ངུ་དེའི་འགོ་གཙོར་སིའུ་རྒྱལ་པོ་ཞེས་འབོད་པ་དང་དོན་དངོས་སུ་མི་ཉག་རྒྱལ་པོ་ཞེས་པའི་མཚན་ཡིན། ང་ཚོའི་ཚོད་དཔག་ལྟར་ན་དམག་འཁྲུག་གི་མེ་ལྕེ་ཁྲོད་ནས་ཐར་བའི་མི་ཉག་གི་འབངས་མི་དག་གི་བྲོས་བཤོལ་ལམ་ཐིག་ནི་འདི་ལྟ་སྟེ། ཐོག་མར་ལྷོ་ནས་ཐོ་ཧོ་གཙང་པོ་བརྒལ་བ་དང་དེ་ནས་ཟུང་ཆུ་རྩྭ་ཐང་བརྒྱུད། ཆུ་ཆེན་ལུང་བ་དེད་ནས་ལྷོ་རུ་སོང་། མཇུག་མཐར་རོང་བྲག་དང་མགར་ཐར་བརྒྱུད་དེ་ད་ལྟའི་མི་ཉག་ཏུ་ཐོན་པར་འདོད་པ་སྟེ། རྒྱུ་མཚན་ནི་ལམ་ཐིག་འདིའི་འགྲམ་རྒྱུད་ན་རྩྭ་ཆུ་འཛོམས་པས་མི་རྟ་འབོར་ཆེན་འགྲོ་བར་གནད་དོན་མེད་པས་ཡིན། སྤྱི་ལོ༡༢༥༣ལོར་སེ་ཆེན་རྒྱལ་པོ་ཏ་ལི་རྒྱལ་ཁབ་ལ་དཔུང་འཇུག་བྱེད་སྐབས་ཀྱང་ཐོ་ཧོ་གཙང་པོ་བརྒལ་ནས་ཁག་གསུམ་དུ་བགོས་ནས་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་གི་རྩྭ་ཐང་བརྒྱུད་ནས་ལྷོ་རུ་དཔུང་སྐྱོད་བྱས་ནས་མཇུག་མཐར་ཡུན་ནན་ཞིང་ཆེན་དུ་དཔུང་འཛོམས་པ་ཡིན། དེ་ལྟར་བརྒྱུད་པའི་བོད་ཀྱི་མངའ་ཁོངས་སུ་མི་ཉག་གི་ཡུལ་གྱར་བའི་རྐང་རྗེས་ཡོད་སྲིད། དོན་དངོས་འདིས་མི་རྟ་འབོར་ཆེན་ས་ཁུལ་འདིར་བརྒྱུད་པ་ནི་འོས་ཤིང་སྲིད་པ་ར་སྤྲོད་བྱེད་ཐུབ་ཡོད། དེས་ན་ད་ལྟའི་བར་དུ་ལུས་པའི་སིའུ་རྒྱལ་པོའི་སྐབས་ཀྱི་རྗེས་ཤུལ་དང་སྔར་སྲོལ་ནི་ང་ཚོས་དམིགས་སུ་བཟུང་ནས་ཞིབ་འཇུག་བྱ་བའི་རིན་ལྡན་པ་ཡིན། སིའུ་རྒྱལ་པོའི་བུ་རབས་ཚ་རྒྱུད་རྣམས་ཀྱིས་མཐའ་མཚམས་ཀྱི་སྲིད་དབང་འདིར་བརྟེན་ནས་ཁ་རོག་གེར་ཡོན་རྒྱལ་རབས་དང་ལྷན་ཅིག་དུས་རབས་གཅིག་ཙམ་ལ་འཚོ་སྡོད་བྱས་ནས། མིང་ཐེ་ཙུང་གིས་དབང་སྒྱུར་བྱེད་པའི་སྐབས་སུ་ངག་དབང་རྒྱལ་མཚན་དེ་སྔོན་མིང་ཡུ་ཀྲིན་འདུལ་བའི་གཡུལ་འགྱེད་ཁྲོད་ནས་བྱས་རྗེས་བཞག་ཡོད་པས། སྤྱི་ལོ༡༤༠༨ལོར་མགོ་ཐང་ནིན་ཡོན་གྱི་དམངས་དམག་ཞོན་ཝེ་སི་ཡི་འཇའ་ས་བསྩལ། དེ་ནས༡༧༠༠ལོར་རྒྱུད་ཆད་རག་བར་ཏུ་རབས་ཀུན་ལ་ལྕགས་ལ་རྒྱལ་པོ་ཞེས་གསོལ། གནའ་བོའི་སྲིད་དབང་ཆུང་ངུ་འདི་བྱུང་བ་ནི་ལུའུ་རྒྱལ་རབས་འཇིག་རྗེས་ཡེ་ལེ་ཏ་ཧྲི་བྱ་བ་རྒྱང་རིང་གི་ཨེ་ཤ་ཡའི་ལྟེ་བར་སོང་ནས་ལུའུ་ནུབ་མའི་རྒྱལ་ཁབ་བཙུགས་པ་དང་འདྲ། མི་ཉག་གི་སིའུ་རྒྱལ་ཁབ་སྔ་གཞུག་ཏུ་བགྲང་བྱ་བཞི་བརྒྱ་བདུན་ཅུ་ལྷག་བརྒྱུད་པས་དུས་ཡུན་ལུའུ་ནུབ་མའི་ལྡབ་དྲུག་ཡིན། གལ་སྲིད་མི་ཉག་བཙན་རྒྱལ་དང་དེའི་མེས་པོས་བསྐྱངས་བའི་ཞ་ཅུ་སོགས་ལྷན་དུ་བརྩིས་པ་ཡིན་ཚེ། དུས་རབས་བརྒྱད་ཀྱིས་ལྷག་པའི་ལོ་རྒྱུས་ཡོད་ཅིང་དེ་ཡུལ་གྲུ་འདིའི་ལོ་རྒྱུས་སྟེང་དཀོན་པོ་ཡིན། དེས་ན་གནད་དོན་འདི་ཡང་ང་ཚོས་ཞིབ་འཇུག་དང་འཚོལ་ཞིབ་བྱེད་འོས་པ་ཡིན།