གནའ་སྔ་མོ་ཁྱོ་ཤུག་ཅིག་ཡོད་དེ། ཁོ་གཉིས་ཀྱིས་ཕྲུ་གུ་ཞིག་དགོས་འདོད་བྱེད་ཀྱིན་ཡོད་མོད་ད་བར་དུ་ཕྲུ་གུ་གཅིག་ཀྱང་བྱུང་མེད།  མཐའ་མར་བུད་མེད་དེས་ནམ་མཁའི་དཀོན་མཆོག་གིས་རང་ཉིད་ལ་ཕྲུ་གུ་ཞིག་སྦྱིན་རྒྱུའི་སྨོན་ལམ་བཏབ་རྒྱུ་ལས་ཐབས་གཞན་མ་རྙེད། ཁོ་གཉིས་ཀྱི་ཁྱིམ་རྒྱབ་ཏུ་སྒེའུ་ཁུང་ཞིག་ཡོད་པ་དེ་ནས་མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་ལྡུམ་རྭ་ཞིག་མཐོང་ཐུབ།   ལྡུམ་རྭའི་ནང་ལ་མེ་ཏོག་འདྲ་མིན་ཁྱད་མཚར་སྣ་ཚོགས་འདུས་ཡོད།   འོན་ཏང་ལྡུམ་རྭ་དེ་ནི་ལྕགས་རི་མཐོན་པོ་ཞིག་གིས་བསྐོར་ནས་ཡོད་ཅིང་ལྡུམ་རྭའི་བདག་མོ་ནི་པྲ་མོ་ཞིག་ཡིན་རྐྱེན་ཁོ་མོ་ནང་དུ་འཛུལ་བར་ཧ་ཅང་སྐྲག   པྲ་མོ་དེའི་མཐུ་ནུས་ཆེ་བས་མཐའ་འཁོར་གྱི་མི་ཚང་མ་སྐྲག་བར་གྱུར་ཡོད།   ཉིན་ཞིག་བུད་མེད་དེས་སྒེའུ་ཁུང་བརྒྱུད་ནས་མེ་ཏོག་ལྡུམ་རྭར་བལྟ་དུས།  ཁོ་མོས་ཚལ་ཞིང་ནང་ཚོད་མ་མཛེས་པོ་ཞིག་སྐྱེས་ཡོད་པ་མཐོང་།   ཚོད་མ་འདི་དག་ནི་སྔོ་ཐིང་ངེར།  ཆུ་ཙིག་གེར་ཡོད་པས་ཁོ་མའི་བཟས་ཀྱི་དང་ག་དབང་མེད་འདྲེན།  དང་གའི་འདོད་པ་འདི་ནི་ཉིན་རེ་བཞིན་ཇེ་མཐོར་སོང་ཞིང་།  དེ་ལྟར་བསམ་ཆོག་མོད་རང་ཉིད་ཀྱིས་ཐབས་ཅི་ཞིག་བཀོལ་ཡང་བཟའ་ཐུབ་ཀྱི་མེད་པ་ཤེས་དུས་ད་གཟོད་ཁོ་མོའི་ངོ་མདོག་སྐྱ་བོར་གྱུར་ཞིང་སྡུག་བསྔལ་གྱི་པང་དུ་འགྱེལ།  དེའི་རྐྱེན་གྱིས་ཁོ་མོའི་ཟླ་བོར་ཞེད་སྣང་ཆེན་པོ་སྐྱེས་ཏེ“སྙིང་ཉེ་མ།  ཁྱེད་མི་བདེའམ ”ཞེས་འདྲིས།   ཁོ་མོ་ན་རེ“ཨྰ་་་་གལ་ཏེ་ངས་ཁྱིམ་རྒྱབ་ལྡུམ་རྭའི་ནང་གི་ཚོད་མ་དེ་བཟའ་མ་ཐུབ་ན་ང་འཆི་ངེས་རེད”ཅེས་ལན་བཏབ། །

ཁྱོ་ག་དེས་མོ་ལ་ཧ་ཅང་བརྩི་པོ་ཡོད་རྐྱེན། གཅིག་པུར་ཁེར་ལབ་ཀྱི་ཚུལ་དུ“ཆུང་མ་འཆི་ལམ་དུ་བརྫངས་པ་ལས། ཁོ་མོར་ཚོད་མ་འགའ་ཐབས་ཤེས་བྱས་ན་མི་ལེགས་སམ།  གང་ལྟར་གནས་ཚུལ་ཅི་ཞིག་ལྷག་པར་སྣང་བ་མི་གཏོང”བསམ།  སྲོད་དུས་སུ་ཁོ་བོས་ལྕགས་རི་དེ་མཆོངས་ནས་པྲ་མོའི་ལྡུམ་རྭར་འཛུལ་ཏེ་ཚོད་མ་རྡོག་གཅིག་ཆུང་མར་འཁུར་འོང་།  ཆུང་མས་ལམ་སེང་ཚོད་མ་དེ་གྲང་ཚལ་དུ་བཅོས་ནས་ཏབ་ཏོབ་པོར་བཟས།  ཚོད་མ་འདིའི་བྲོ་བ་ཇི་འདྲའི་ཡག་པ་ལ་ཨང་།  ཉིན་གཉིས་པར་ཁོ་མོ་སྔར་ལས་ཀྱང་ཚོད་མ་བཟའ་འདོད་ཀྱི་འདུན་པ་ཤུགས་ཆེར་སོང་།   ཆུང་མའི་འདོད་པ་སྐོང་ཕྱིར་ཁྱོ་བོས་ཡང་བསྐྱར་པྲ་མོའི་ལྡུམ་རྭར་འཛུལ་རྒྱུའི་ཐག་བཅད། །

དེར་བརྟེན་ཁྱོ་བོས་སྔར་བཞིན་སྲོད་དུས་སུ་ལྐོག་ལྐོག་སུད་སུད་ཀྱིས་པྲ་མོའི་ལྡུམ་རྭར་འཛུལ།  འོན་ཏེ་ཁོ་སར་འབབ་མ་ཐག་མིག་མདུན་དུ་པྲ་མོ་ལངས་ཡོད་པ་མཐོང་བས་ཁོ་ཤིན་ཏུ་སྐྲག་པར་གྱུར།  “ཁྱེད་བློ་ཁོག་ཆེ་བ་ལ་ཨང་།  ངའི་ལྡུམ་རྭར་འཛུལ་ཕོད་ཅིང་ཚོད་མ་བརྐུ་ནུས་པ་དཔེ་སྲིད་ཨང”ཞེས་པྲ་མོས་ངོ་མདོག་ནག་པོའི་ངང་ནས་བཤད།  ཁོ་ན་རེ“སྐུ་མཁྱེན།  ང་ལ་སྙིང་རྗེ་གནོང་ཞུའོ།  ང་ཡང་འུ་ཐུག་ཐབས་ཟད་ཀྱིས་འདི་ལྟར་མི་བྱེད་དཀའ་མེད་བྱུང་། །

ངའི་ཆུང་མས་སྒེའུ་ཁུང་ནས་ཁྱེད་ཀྱི་ལྡུམ་རྭའི་ཚོད་མ་མཐོང་བས།  བཟའ་འདོད་དྲག་པོ་སྐྱེས་རྐྱེན། ཧལ་ཏེ་མ་ཟོས་ཚེ་འཆི་བའི་ཉེན་ཁ་ཡོང་སྲིད”ཅེས་ལན་བཏབ།  པྲ་མོའི་ནང་སེམས་ཀྱི་ཁོང་ཁྲོ་འཇགས་པར་འགྱུར་ཏེ“གལ་ཏེ་དོན་དག་འདི་ཁྱེད་ཀྱིས་བཤད་པ་བཞིན་ཡིན་ན།  ངས་ཁྱེད་ལ་ཚོད་མ་མང་ཙམ་འཁྱེར་དུ་འཇུག་ཆོག་མོད། ཁྱེད་ཀྱིས་ངས་བཏོན་པའི་ཆ་རྐྱེན་གཅིག་ཁས་ལེན་བྱེད་དགོས་ཏེ།  རྗེས་སུ་ཁྱེད་ཀྱི་ཆུང་མར་ཕྲུ་གུ་སྐྱེས་ན།  ང་ལ་སྤྲད་དགོས་ཡོད།  ངས་ཕྲུ་གུ་དེར་འཚོ་བ་སྐྱིད་པོ་ཞིག་སྦྱིན་ཆོག་ལ་དེ་བས་རང་གི་ཨ་མ་ངོ་མ་ལྟ་བུའི་བརྩེ་བ་སྦྱིན་ཆོག”ཅེས་བཤད།  ཁྱོ་བོ་ཧ་ཅང་སྐྲག་པའི་རྐྱེན་གྱིས་མོས་བཏོན་པའི་ཆ་རྐྱེན་དེ་སྣང་མེད་དུ་ཁས་ལེན་བྱས།    ངོ་མ་དེའི་གཞུག་གི་ཉིན་ཞིག་ལ་ཆུང་མས་ཕྲུ་གུ་སྐྱེས་མ་ཐག་པྲ་མོ་དེ་སྒོ་ཁར་སླེབས་བྱུང་།  ཕྲུ་གུར“ཚོད་མའི་བུ་མོ”ཞེས་པའི་མིང་ཞིག་བཏགས་ཏེ་ཕྲུ་གུ་འཁྲིད་སོང་། །

“ཚོད་མའི་བུ་མོ”རིམ་བཞིན་ཆེས་མཛེས་པའི་བུ་མོ་ཞིག་ཏུ་འཚར་ལོངས་བྱུང་།   ལོ་བཅུ་གཉིས་ཀྱི་སྐབས་སུ།  པྲ་མོས་བུ་མོ་དེ་མཆོད་རྟེན་མཐོ་པོ་ཞིག་གི་ནང་དུ་བཅུག  མཆོད་རྟེན་འདི་ནི་ནགས་ཚལ་གྱི་ཁྲོད་དུ་ཆགས་ཤིང་།  མགོ་ཐོག་ཏུ་སྒེའུ་ཞིག་མ་གཏོགས་དེ་མིན་གྱི་སྒོ་དང་སྐས་ཀ་སོགས་གཅིག་ཀྱང་མེད།  པྲ་མོ་རྒྱུན་དུ་མཆོད་རྟེན་འདིའི་ནང་འགྲོ་བའི་སྐབས་སུ“ཚོད་མ། ཚོད་མ།  ཁྱེད་ཀྱིས་སྐྲ་ལོ་མར་དཔྱང་ཤོག”ཟེར།

ཚོད་མའི་བུ་མོར་སྐྲ་ལོ་སེར་པོ་མཐུག་པོ་ཞིག་སྐྱེས་ཡོད།   པྲ་མོའི་སྐད་གོ་མ་ཐག་ཁོ་མོས་སྐྲ་ལོའི་ལན་བུ་བཤིག་ཏེ་རྩ་བ་སྒེའུ་ཁུང་ངོས་སུ་བཏགས་ཤིང་།  རྩེ་མོའི་ཀུང་ཁྲི་ཉི་ཤུ་ཙམ་མར་གློད།  པྲ་མོས་སྐྲ་ལོ་འདིར་བརྟེན་ནས་ཡར་འཛེགས་ཀྱིན་ཡོད།  །

ལོ་གཅིག་གཉིས་སོང་རྗེས་ཀྱི་ཉིན་ཞིག་རྒྱལ་སྲས་གཅིག་ཆིབས་རྟ་བཞོན་ཏེ་ནགས་ཚལ་བརྒྱུད་ནས་ཡོང་སྐབས། གློ་བུར་དུ་ཆེས་སྙན་པའི་སྐད་ངག་ཅིག་ཐོས་རྐྱེན་འགྲོ་མཚམས་བཞག་ཏེ་ཁུ་སིམ་པོས་ཉན་ནས་བསྡད།   གླུ་ལེན་མཁན་ནི་ཚོད་མའི་བུ་མོ་ཟེར་བ་ཞིག་ཡིན་པ་ཤེས།  ཁོ་མོས་རྟག་ཏུ་ཁེར་རྐྱང་ནང་དུ་གླུ་ལེན་ནས་དུས་ཚོད་འཁྱོལ་ཐབས་བྱེད་ཀྱི་ཡོད།  རྒྱལ་སྲས་མཆོད་རྟེན་དུ་འཛེགས་ཏེ་ཁོ་མོར་བལྟ་བར་འགྲོ་འདོད་སྐྱེས་ཀྱང་།  མཐའ་འཁོར་ནས་སྒོ་གཅིག་ཀྱང་མ་རྙེད།   མཐའ་མར་རྒྱལ་སྲས་ཕོ་བྲང་དུ་ལོག་མོད་ཀྱང་།  སྐད་ངག་དེས་ཁོ་བའི་སེམས་པའི་རང་དབང་སྔ་ས་ནས་ཉོས་ཟིན་པས།  ཉིན་ལྟར་ཆིབས་རྟ་བཞོན་ཏེ་ནགས་ཚལ་དུ་གླུ་གཞས་ཉན་པར་འགྲོ་གི་ཡོད།  ཉིན་ཞིག་ཁོ་བོ་ལྕང་རྒན་ཞིག་གི་རྒྱབ་ཏུ་ལངས་དུས།  ཏག་ཏག་པྲ་མོ་ཞིག་སླེབས་པ་མཐོང་།   པྲ་མོས་མཆོད་རྟེན་འདིའི་ནང་འགྲོ་བའི་སྐབས་སུ“ཚོད་མ། ཚོད་མ།  ཁྱེད་ཀྱིས་སྐྲ་ལོ་མར་དཔྱང་ཤོག”ཟེར་བ་ཡང་ཐོས།  པྲ་མོས་སྐྲ་ལོ་འདིར་བརྟེན་ནས་ཡར་འཛེགས་པ་ཡང་མཐོང་།  རྒྱལ་སྲས་ཀྱི་བསམ་པར་གལ་ཏེ་སྐྲ་ལོ་དེ་ནི་མི་ཡར་འཛེགས་པའི་སྐས་ཀ་ལྟ་བུ་ཞིག་ཡིན་ཚེ།  ངས་ཀྱང་རླུང་རྟ་བཞིན་ཚོད་ལྟ་བྱས་ཆོག་སྙམ།   ཉིན་གཉིས་པའི་སྲོད་དུས་སུ།  རྒྱལ་སྲས་ཀྱིས་མཆོད་རྟེན་འོག་ནས“ཚོད་མ། ཚོད་མ།  ཁྱེད་ཀྱིས་སྐྲ་ལོ་མར་དཔྱང་ཤོག”ཅེས་བཤད།

རྒྱལ་སྲས་ཀྱི་སྐད་གོ་མ་ཐག་ཁོ་མོས་སྐྲ་ཡི་ལན་བུ་བཤིག་ཏེ་རྩ་བ་སྒེའུ་ཁུང་ངོས་སུ་བཏགས་ཤིང་།  རྩེ་མོའི་ཀུང་ཁྲི་ཉིས་བཤུ་ཙམ་མར་གློད་རྐྱེན།  རྒྱལ་སྲས་ཀྱིས་སྐྲ་ལོ་འདིར་བརྟེན་ནས་ཡར་འཛེགས།   ཚོད་མའི་བུ་མོས་མིག་མདུན་ནས་ཁྱོ་ག་ཞིག་ཡར་འཛེགས་ཡོང་བ་མཐོང་བས་ཧ་ལས་པར་འགྱུར།  ཁོ་མོས་དེ་སྔོན་སྐྱེས་པ་གཅིག་ཀྱང་མཐོང་མ་མྱོང་བས་ཧང་སངས།  འོན་ཏང་རྒྱལ་སྲས་ཀྱིས་ཞི་བའི་ཐབས་ལམ་ནས་ཁོ་མོར་སྐད་ཆ་བཤད་འགོ་ཚུགས།  ཁོ་བོའི་སེམས་པ་ཇི་ལྟར་ཁྱེད་ཀྱི་སྐད་ངག་གིས་གཡོ་འགུལ་ཐེབས་མིན་དང་།  ཁྱེད་ཐུག་འདོད་ཀྱི་འདུན་པ་སྐྱེས་ཚུལ་ཡང་རེ་རེ་བཞིན་བརྗོད།     ཚོད་མའི་བུ་མོའི་སྐྲག་སྣང་རིམ་བཞིན་ཡལ་བར་གྱུར།   དེ་ནས་རྒྱལ་སྲས་ཀྱིས“ཁྱེད་ངའི་ཆུང་མ་བྱེད་འདོད་དམ”ཞེས་འདྲི་དུས།  ཁོ་མོས་མིག་མདུན་གྱི་རྒྱལ་སྲས་ཉིད་ལོ་ན་ཆུང་ཞིང་རྫིག་ཉམས་འདོད་པོར་མཐོང་བས་སེམས་སུ“མིག་མདུན་གྱི་མི་འདིས་པྲ་མོ་ལས་ཀྱང་ང་ལ་བརྩི་བར་བྱེད་ངེས”བསམ་ཏེ་ཁས་ལེན་བྱས་ཤིང་།  ལག་ཟུང་རྒྱལ་སྲས་ཕྱོགས་སུ་བརྐྱངས།   ཁོ་མོས“ང་ཁྱེད་དང་མཉམ་དུ་འགྲོ་འདོད་ཧ་ཅང་ཆེ།  འོན་ཏང་ངས་མར་ས་ལ་ཇི་ལྟར་འབབ་དགོས་པ་མ་ཤེས”ཞེས་བཤད།

ཁྱེད་རང་རྟག་པར་ཡོང་དུས་སུ་ང་ལ་ལྕགས་སྐུད་རྐང་རེ་འཁྱེར་ཡོང་རོགས།  ངས་ལྕགས་སྐུད་དེས་སྐས་ཀ་ཞིག་བཟོས་ཆོག དེ་ལྟར་སྐས་ཀ་བཟོས་ཚར་བའི་སྐབས་སུ་ང་རང་མར་འབབ་ཐུབ་ངེས།  དེ་དུས་ཁྱེད་དང་མཉམ་དུ་རྟ་ཕོར་བཞོན་ནས་ས་འདི་ནས་བྲལ་ཐུབ་ཟེར།  གང་ལ་ཞེ་ན་པྲ་མོ་ནི་རྟག་པར་ཉིན་མོར་ཡོང་བ་ལས་དགོང་མོ་སླེབས་ཀྱི་མེད་པས། ང་གཉིས་ཀྱིས་དགོང་མོར་ཁ་ཆད་བཞིན་བསྒྲུབ་ཆོག  དེའི་བར་དུ་པྲ་མོས་ཅི་ཡང་མི་ཤེས།  ཉིན་ཞིག་ཚོད་མོའི་བུ་མོས“ངའི་སྐྲ་ལོས་ཁྱེད་རང་ཐེན་པ་ལས་རྒྱལ་སྲས་ཐེན་པ་ལྕི་བར་འདུག”ཞེས་ཁ་ནས་ཤོར་རྐྱེན།  པྲ་མོས“ཁྱེད་ཕྲུ་གུ་ཡག་པོ་ཞིག་མ་རེད་ཅེས་བཤད།  ཁྱེད་ཀྱིས་ཅི་བཤད་ཀྱིན་ཡོད་དམ།  ངའི་བསམ་བློར་ཁྱེད་ཕྱི་རོལ་ཡུལ་དུ་གཏན་དུ་འབྲལ་ཡོད་བསམ་བྱུང་།  འོན་ཏང་ཁྱེད་ཀྱིས་ང་ལ་མགོ་བསྐོར་བཏང་བ་བསམ་ཡུལ་ལས་འདས་སོང”ཞེས་བཤད།   པྲ་མོས་ཁོང་ཁྲོའི་ཉམས་ཀྱིས་བུ་མོའི་སྐྲ་ལོ་མཛེས་པོ་དེ་ལག་གཡས་པས་བཟུང་གིན། གཡོན་ནས་ཇེམ་ཙེ་ཞིག་འཁྱེར་ནས་སྐྲ་ལོ་ལྷུག་སེ་བཅད།  སྐྲ་ལོ་ས་སྟེང་དུ་ལྷུང་།  དེའི་རྗེས་སུ་པྲ་མོས་སེམས་པ་བརྣག་པོས་ཚོད་མའི་བུ་མོ་མི་མེད་ལུང་སྟོང་ཞིག་ཏུ་འཚོ་བ་བསྐྱལ་ཏུ་བཅུག །

ཚོད་མའི་བུ་མོ་བསྐྱལ་བའི་ཉིན་དེར་པྲ་མོས་སྐྲ་ལན་བུའི་སྣེ་གཅིག་སྒེའུ་ཁུང་ཐོག་ཏུ་བསྡམས།   རྒྱལ་སྲས་འཁྲིད་དུ་བཅར་དེ་“ཚོད་མ། ཚོད་མ།  ཁྱེད་ཀྱིས་སྐྲ་ལོ་མར་དཔྱང་ཤོག”ཅེས་བཤད། པྲ་མོས་སྐྲ་ལོ་མར་དཔྱངས་བས་རྒྱལ་སྲས་ཐུགས་བློ་བདེ་པོས་མཆོད་རྟེན་ནང་དུ་འཛེགས།  འོན་ཏང་བསམ་ཡུལ་ལས་འདས་པ་ཞིག་ལ་ཚོད་མའི་བུ་མོ་མཐོང་རྒྱུ་མེད་པ་མ་ཟད་མིག་མདུན་དུ་སྡུག་རྩུབ་ཆེ་བའི་པྲ་མོ་ཞིག་ལངས་ཡོད་པ་མཐོང་།    པྲ་མོས་  ཨ་་ཧ་ཧ།  ཁྱོད་རང་སེམས་ནང་གི་མི་བསུ་བར་ཡོང་ངམ།  འོན་ཏང་མཛེས་པའི་བྱེའུ་ཆུང་གི་གསུང་སྐད་སྙན་མོ་ད་ནས་ཆད་པ་རེད།  “ཁོ་མོ་ཞི་མིས་བཟུང་སོང་།   དེ་བས་ཀྱང་ཞི་མི་དེས་ཁྱེད་ཀྱི་མིག་ཟུང་བསྔོག་གི་རེད།  ཁྱེད་ཀྱི་ཚོད་མའི་བུ་མོ་ཚར་བ་རེད།   ད་ནས་བཟུང་ཐུག་གི་མ་རེད”ཅེས་བཤད།   རྒྱལ་སྲས་སེམས་པ་ཧ་ཅང་སྐྱོ་བར་འགྱུར་ཏེ་རེ་ཐག་ཆད་ནས་ཐུར་དུ་མཆོངས།  རྒྱལ་སྲས་ཚེར་ཕུང་དུ་ཟག་ནས་མིག་ཟུང་ཞར་བར་འགྱུར།     ཁོས་དམིགས་ཡུལ་ཅི་ཡང་མེད་པར་ནགས་ཚལ་ནང་དུ་བསྐོར་བཞིན་འདུག  བཟའ་རྒྱུ་ནི་རྩ་འདབ་དང་ཤིང་འབྲས་སྙིགས་ཁུ་རེད།  ཁོ་བོ་ཉིན་ལྟར་སེམས་ནང་གི་མི་མེད་པས་ངུ་དགོས་ཐུག  ཁོས་དེ་ལྟར་སྡུག་བསྔལ་གྱིས་ལོ་མང་ནགས་ཚལ་བསྐོར།   མཐའ་མར་ཚོད་མའི་བུ་མོ་ཡོད་སའི་ལུང་སྟོང་འདི་རུ་སླེབས་ཐུབ་ཙམ་བྱུང་།  ཚོད་མའི་བུ་མོས་ཕྲུ་གུ་མཚན་མ་ཞིག་སྐྱེས་ཡོད་ཅིང་།  བུ་གཅིག་དང་བུ་མོ་གཅིག་ཡོད།  རྒྱལ་སྲས་ཀྱིས་སྐད་ཆ་བཤད་པའི་སྒྲ་གོ་མ་ཐག་སྐད་ངོ་ཆོད་ཅིང་།  དེའི་ཕྱོགས་སུ་བསྐྱོད།   རྒྱལ་སྲས་ཀྱིས་ཉེ་བར་བཅར་བའི་སྐབས་སུ་ཚོད་མའི་བུ་མོས་ལམ་སེང་ངོ་ཤེས་ཏེ།  རྒྱལ་སྲས་ལ་འཐམ་ཞིང་ངུས།   ཁོ་མོའི་མིག་ཆུ་རྡོག་གཉིས་ཀྱི་རྒྱལ་སྲས་ཀྱི་མིག་ཟུང་བརླན་ཞིང་བསྐྱར་དུ་འོད་སྣང་མཐོང་བའི་སྐལ་བ་འཆར།  རྒྱལ་སྲས་ཀྱིས་ཆུང་མ་དང་ཕྲུ་གུ་གཉིས་པོ་ཁྲིད་དེ་རང་ཉིད་ཀྱི་རྒྱལ་སར་ལོག  །