གཞལ་ཡས་ཁང་ཆེན་མོ«དེབ་ཐེར་སྔོན་པོ»

བོད་ཀྱི་ཆོས་འབྱུང་ལོ་རྒྱུས་གྲགས་ཅན«དེབ་ཐེར་སྔོན་པོ» ཞེས་པ་འདི་ནི། ཟུར་བཞི་ལོགས་བརྒྱད་ཐོག་སོ་བརྒྱ་དང་ལྡན་པའི་གཞལ་ཡས་ཁང་ཆེན་པོ་ཞིག་ཡིན་ལ། དེ་ཡང་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་རང་ཉིད་དགུང་ལོ་གྱ་བཞིར་ཕེབས་པའི་སྐབས་ཏེ། དགའ་ལྡན་ཁྲི་རབས་བདུན་པ་དྭགས་པོ་བློ་གྲོས་བརྟན་པའི་དུས་སུ་ལེགས་པར་བཞེངས་གྲུབ་པའི་རིས་སུ་མེད་པའི་ཐོས་པ་དང་། ཞུམ་པ་མེད་པའི་སྤྲོ་སེམས་ལས་གྲུབ་པའི་སྒོ་མོ་སྟོང་དང་རབ་གསལ་ཁྲི་ཡི་བདག་ཉིད་ཅན། རྒྱལ་བསྟན་སྔ་དར་དང་ཕྱི་དར་གཉིས་ཀྱི་བསྟན་པ་བསྟན་འཛིན་དང་བཅས་པ། ལོ་ཙཱ་འཆད་ཉན་དང་བཅས་པ། དགོན་ལྷ་ཁང་དང་བཅས་པ། གདུང་རབས་རིམ་བྱོན་དང་བཅས་པ། མན་ངག་ཕྱག་བཞེས་དང་བཅས་པ། ཕྲ་ཞིང་ཞིབ་པ། རྒྱས་ཤིང་སྤྲོས་པའི་སྒོ་ནས། གླེགས་བམ་ཆེན་པོ་གཉིས་དང་། དུམ་ཚན་ཆེ་བ་བཅོ་ལྔ། སྐབས་མི་འདྲ་བ་བརྒྱ་དང་བཅོ་བརྒྱད་ཀྱིས་གྲུབ་པར་བྱས་ཡོད།

འདིའི་ནང་དུ་ས་མཚམས་ལ་བསླངས་བའི་ལྕགས་ཀྱི་རྡོ་རིང་ལྟ་བུ་དུས་ནམ་ཡང་བརྗེད་མི་ཐུབ་པའི་འཇིག་རྟེན་གྱི་མིག་དམ་པ་གསུམ་ཡོད་དེ། དང་པོ་ནི་བོད་ཡུལ་མུན་པའི་གླིང་དུ་རྒྱལ་བསྟན་སྣང་བའི་སྒོ་ཆེན་འབྱེད་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་དང་། གཉིས་པ་གསང་སྔགས་གསར་མའི་ཤིང་རྟ་པ་རྣམས་ཀྱི་ཨ་མར་གྱུར་པ་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། གསུམ་པ་ནི་དབུ་ཚད་བྱམས་ཆོས་དང་བཅས་པའི་འཆད་ཉན་གྱི་དར་བོ་ཆེ་སྒྲེང་མཁན་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་བཅས་ཡིན།

གསེར་དངུལ་གྱི་འབུལ་བ་མེད་པའི་དཀའ་སྡུག་གི་འོག་ནས་ཕྱག་རྫོགས་ཀྱི་གདམས་པ་ཐོབ་པའི་གྲུབ་ཐོབ་ཆེན་པོ་གསུམ་ཡང་ཡོད། དེ་ཡང་དགོན་པ་བ་འཛེང་དབང་ཕྱུག་རྒྱལ་མཚན་ཞེས་བྱ་བ་ཇོ་བོའི་ཐུགས་ཀྱི་སྲས་ཆེན་པོ་སྒོམ་སྟོབས་ཀྱིས་རང་རྒྱུད་ལེགས་པར་འབྱོང་བའི་བཀའ་གདམས་པ་དེ་དང་། རྗེ་བཙུན་མི་ལ་རས་པ་ཞེས་བྱ་བ་སྙིང་བསྲན་ཆེན་པོས་རྩ་འཁོར་ལོ་བཞི་ཡི་བདུད་པ་བཀྲོལ་ཏེ་སྣང་སྲིད་དཔེ་ཆར་ཤར་བའི་ཕྱགས་ཆེན་པ་དེ། རྒྱལ་བ་ཀློང་ཆེན་རབ་འབྱམས་པ་ཞེས་བྱ་བ་རྩོལ་མེད་གཞག་ཐབས་ཀྱི་མན་ངག་ལ་བརྟེན་ནས་འོད་གསལ་གྱི་ཉི་མ་ནང་ནས་ཤར་བའི་རྫོགས་ཆེན་པ་དེ་དང་གསུམ་མོ།། (འདི་དག་གི་སྐབས་སུ་ཆོས་ལ་ཡོན་ཆེན་པོ་འབུལ་རྒྱུ་མེད་ཚེ་དབང་ལུང་མན་ངག་གང་ཡང་ཐོབ་ཀྱི་མེད་པའི་ཚོད་ཙམ་ཡིན་འདུག)

ད་དུང་གཟུངས་སྤོབས་བློ་གྲོས་ཀྱི་གཏེར་སྒོ་རྒྱ་ཆེར་བྱེ་བའི་སྐྱེས་ཆེན་དམ་པ་གསུམ་ཡོད་དེ། དང་པོ་ནི་སྒྲུབ་རྒྱུད་བསྟན་པའི་ཆུ་མགོ་ཆེན་པོ་མངའ་བདག་ལྷོ་བྲག་མར་པ། གཉིས་པ་ལམ་འབྲས་བུ་དང་བཅས་པའི་བཤད་སྒྲུབ་བསྟན་པའི་བདག་པོར་གྱུར་པ་ས་ཆེན་ཀུན་དགའ་སྙིང་པོ། གསུམ་པ་བསྟན་པའི་སྒྲོན་མེ་དམ་པ་བཀའ་གདམས་གསར་མ་བའི་ཡབ་ཆེན་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་བཅས་སོ།།

ཀློག་སྤྲོ་ཧ་ཅང་ཆེ་བའི་དཔེ་ཆ་འདིས་སྐབས་ཚན་སྔ་མ་སྔ་མས་ཕྱི་མ་ཕྱི་མ་དག་འདྲེན་པར་བྱེད་ཅིང་བསྐྱུར་མི་བཟོད་དེ། ལེའུ་སྔོན་མ་ལ་བལྟས་པས་ལེ་ཚན་རྗེས་མར་མི་བལྟ་བར་འཇོག་མི་ཐུབ་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཞིག་ཀྱང་རེད།

ནམ་ཉི་མ་འདི་དག་གི་རིང་ལ་བདག་ཉིད་ཆེན་པོ་འགོས་ལོ་གཞོན་ནུ་དཔལ་ལས་བདག་ལ་གསུང་གླེང་ཞིབ་རྒྱས་ཤིག་ཐོབ་པའི་སྐལ་བཟང་རག་སོང་བའི་ཚོར་སྣང་བྱུང་བ་དང་། རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་རྣམ་ཐར་ཁག་ལ་ངེས་པར་དུ་མཇལ་དགོས་འདུག་ཨང་སྙམ་པའི་ཟ་ཕྲུག་ཅིག་བསླངས་བྱུང་བ་དང་ཡང་འདྲ།

 

«སྐྱེས་རབས་སོ་བཞི་པ»མཇལ་བ།

དེ་ཡང་དགེ་བའི་བཤེས་གཉེན་ཆེན་མོ་པོ་ཏོ་བས་རྒྱལ་བའི་བཀའ་བསྟན་བོད་དུ་འགྱུར་བ་ཐམས་ཅད་ལས་དམིགས་བསལ་གྱི་གླེགས་བམ་དྲུག་བདམས་ཏེ་དེའི་སྟེང་ནས་འཆད་ཉན་ལེགས་པར་མཛད་ཅིང་། ཕྱིས་སུ་བཀའ་གདམས་པའི་བཤེས་གཉེན་རྣམས་ཀྱིས་དེའི་སྲོལ་བཟུང་བ་ལ《བཀའ་གདམས་གཞུང་དྲུག》ཅེས་ཡོངས་སུ་གྲགས་པར་གྱུར། དེ་དག་ནང་གི་དད་པའི་གཞུང《སྐྱེས་རབས་སོ་བཞི་པ》ཟེར་བ་འདི་ནི། “སྙན་ངག་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁན།།” ཞེས་དཔལ་ཆོས་གྲགས་ཀྱིས་བསྔགས་པར་མཛད་པའི་གནས་དམ་པར་གྱུར་པ་རྒྱ་གར་གྱི་སྙན་ངག་པ་གྲགས་ཅན་སློབ་དཔོན་དཔའ་བོས་མཛད་པ་ཡིན་ཞིང་། ཚིགས་བཅད་ལྷུག་སྤེལ་མའི་སྒོ་ནས་བྱང་ཆུབ་སེམས་པའི་བླ་ན་མེད་པའི་གཏོང་ཕོད་མཚོན་ཡོད་པ་ཞིག་རེད། འདི་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་ལོ་ཙཱ་བ་འཇམ་དཔལ་གོ་ཆས་བསྒྱུར་བར་མཛད་ཅིང་། ཤོ་ལོ་ཀ་སུམ་སྟོང་དྲུག་བརྒྱ་དང་བམ་པོ་བཅུ་གཉིས། ལེའུ་སུམ་ཅུ་སོ་བཞི་ཡོད། སྐྱེས་རབས་འདི་ནི་རྩོམ་འཕྲོ་ཅན་ཞིག་ཡིན་པར་གྲགས་པ་ལྟར་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེས་ཁ་སྐོང་གི་ཚུལ་དུ་སྐྱེས་རབས་དྲུག་ཅུ་རེ་བདུན་མཛད་དེ《སངས་རྒྱས་ཀྱི་སྐྱེས་རབས་བརྒྱ་པ》ཟེར་བ་ཞིག་ཀྱང་མཇལ་དུ་ཡོད་པར་མཛད་ཡོད།

«སྐྱེས་རབས་སོ་བཞི་པ»འི་ནང་ནས་བསྟན་པའི་སེམས་དཔའ་ཆེན་པོ་རྣམས་ནི“ཐོས་པ་དང་། དུལ་བ་དང་། ཆོ་རིགས་བཙུན་པ། ཁོང་བཟོ་བ། འཇིག་རྟེན་གྱི་ཐ་སྙད་དུ་བྱ་བ་ལ་འགལ་བ་མེད་པ། གཙུག་ལག་མང་པོ་ལ་གོམས་པ། ཚིག་ལ་མཁས་པར་གྲགས་པ། སྙིང་རྗེ་དང་ལྡན་ཞིང་སྦྱིན་གཏོང་ཆེ་བ། བློ་ཁོག་ཆེ་ལ་རང་དོན་སྤངས་བ། གཞན་དོན་གྱི་སྦྱོར་བ་ལ་སྤྲོ་བས་འཇུག་པ”ཤ་སྟག་ཡིན་པས་ན། འདོད་པའི་ཡོན་ཏན་ལ་སྲེད་ཅིང་རྨོངས་པའི་བློ་མ་དུལ་བའི་སྐྱེ་བོ་རྣམས་ཀྱིས་མཇལ་ན། དད་པའི་དབང་པོ་ཐོབ་ཅིང་སེམས་རབ་ཏུ་དང་བར་འགྱུར་བ་དང་། དད་གསུམ་གྱི་པད་མོ་རྒྱས་པའི་ཆོས་པ་རྣམས་ཀྱིས་མཇལ་ན་བརྩོན་པའི་རྟ་མཆོག་ལ་ཤ་ཤེད་རྒྱས་ཤིང་གོམ་ཁ་ཡང་བར་འགྱུར་བའི་དགོས་ཆེད་ཡོད་པའོ།། དེ་བས་དཔེ་ཆ་འདི་ནི་འཕགས་བོད་མཁས་གྲུབ་སྟོང་གི་གཅེས་ནོར་ཡིན་ལ། མཉམ་མེད་ཇོ་བོ་རྗེ་ཡི་རྒྱུན་ཁྱེར་ཐུགས་དམ་ཡང་ཡིན། དད་བརྩོན་དྲན་པའི་དབང་པོ་ཐོབ་པའི་སྒོ་མོ་ཡིན་ལ། ཏིང་འཛིན་ཤེས་རབ་ཀྱི་མིག་ཟུང་སྐྱོང་བའི་ཆུ་ཤེལ་ཡིན་ནོ།།

གཞན་ཡང“སྐྱེས་བུ་དམ་པ་རྣམས་ནི་བདག་རང་ཉིད་བསྲན་ཐུབ་པས། བརྟན་ཞིང་བརླིང་བ་ཡིན་པའི་ཕྱིར་སྡུག་བསྔལ་མི་བཟད་པས་གདུངས་ཀྱང་ལམ་ངན་པར་འཇུག་པ་ལྟ་ཞོག །ལྷ་པར་དུ་སྙིང་སྟོབས་ཆེ་བ། དཔའ་བ། གདེང་དང་ལྡན་པ”ཡིན་པར་བསྟན་ཡོད་པས། དཔའ་ཞིང་རྟུལ་ཕོད་པའི་མི་ཚེ་ཡི་བདེན་པ་རྟོགས་ཤིང་། མི་འཇིགས་པའི་གདེང་དང་ལྡན་པའི་སྙན་ངག་གི་བརྗོད་སྙིང་རིང་མོ་ཞིག་ལ་ལོངས་སུ་སྤྱོད་ཐུབ་པའོ།།
འདི་ནས་དེང་རབས་ཀྱི་དཔལ་ཡོན་ལ་ལོག་པར་སྤྱད་པས། མཐུན་རྐྱེན་ཐམས་ཅད་མི་ཚེའི་གཤེད་མ་རུ་སོང་བའི་སེར་གཟུགས་ཤིག་གིས། དཔེ་རྙིང་དེབ་རྒན་ཞིག་ཅུང་ཟད་བློ་ཞིབ་མོའི་སྒོ་ནས་མཇུག་ཕུད་ཟེར་བ་ནི་ཅི་འདྲའི་སྙིང་དོན་དང་ལྡན་པ་ཞིག་རེད་ཨང་བསམ་ནས་བྲིས་པ་ཡིན། མཇུག་མཐར་དེབ་འདིའི་རྩོམ་པ་པོ་དང་ལོ་ཙཱ་བར་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་འདོད་བྱུང་།

 

 

 བན་མ་བོན། འགལ་མ་འབྲེལ།

གླེང་སློང་།

བོད་ཀྱི་སྤྱི་ཚོགས་ཁོར་ཡུག་ཏུ་བན་བོན་བརྩད་ནས་མི་ལོ་སྟོང་ཕྲག་ཙམ་སོང་ཟིན་ཞིང་། མཐོ་བཙན་པོའི་ཕོ་བྲང་ནས་དམའ་སྤྲང་པོའི་སློང་ཕོར་གྱི་བར་དུ་ཕན་གནོད་གཉིས་ཀྱི་འཁོར་ལོ་རེས་མོས་སུ་འཁོར་བཞིན་དུས་རབས་ཉེར་གཅིག་པ་ཤར་བྱུང་། དུས་ད་ལྟ་ཡང་འདི་ནས་བན་བོན་རྩོད་པའི་སྒྲ་ཐོས་རྒྱུ་འདུག་ལ་བརྩད་པའི་རྗེས་འབྲས་བསྔོག་རྒྱུ་ལོས་ཡོད། རྩོད་ར་འདིའི་ནང་དུ་འགྲོ་མིའི་ཟུངས་ཁྲག་བཞུར་མྱོང་བ་དང་། བཙན་རྒྱལ་གྱི་དར་ཆ་ལྷུང་མྱོང་། པན་གྲུབ་ཀྱི་སྐུ་སྲོག་ཀྱང་ཤོར་མྱོང་། འཐེན་ཁྱེར་རེས་གཅོད་ཀྱི་རླུང་འཚུབ་གཡུགས་ན་ཕྲག་དོག་འགྲན་སེམས་ཀྱི་མེ་ཆེན་འབར། དགག་སྒྲུབ་དོགས་སློང་གི་སྒྲོན་མེ་སྦར་ན་ཤེས་རབ་བདེན་མཐོང་གི་འོད་སྣང་འཕྲོ། ངས་བསམ་ན། ད་ནི་ང་ཚོ་ལ་འོད་སྣང་དེ་འཕྲོ་བའི་དུས་ལ་བབས་ཡོད།

དང་པོ།

ད་ལྟར་བཞུགས་པའི་གཡུང་དྲུང་བོན་གྱི་བཀའ་བརྟེན«སྒོ་བཞི་མཛོད་ལྔ»ཡིས་བསྡུད་པའི་གསུང་རབ་འདི་དག་གི་ནང་དུ་ནི། སྟོན་པ་ཤཱཀྱ་ཐུབ་པའི་ཆོས་སྐད་ཀྱིས་ཡོངས་སུ་ཁྱབ་འདུག་པ་སྟེ། དཔེར་ན། བདེན་བཞི་མི་རྟག་བཅུ་དྲུག །རྟེན་འབྲེལ་ཡན་ལག་བཅུ་གཉིས། བྱང་ཕྱོགས་སུམ་ཅུ་སོ་བདུན་སོགས་ཉན་རང་བྱང་སེམས་ཀྱི་ཆོས་བརྡ་དག་དང་། དེ་བཞིན་དུ་སེམས་ཀློང་མན་ངག་གི་ཆོས་ཚན། ཁྲེགས་ཆོད་ཐོད་བརྒལ་གྱི་ཉམས་ལེན་སོགས་པད་འབྱུང་དང་བི་མ་ལས་བསྣམས་ཕེབས་པའི་རྫོགས་ཆེན་ཆོས་སྐོར་གྱི་མིང་བརྡ་ཡིས་བཟུང་འདུག །དེར་མ་ཟད་དཀོན་མཆོག་གསུམ་ཡང«རྒྱུད་བླ་མ»ལས་བསྟན་པ་ལྟར་ཇི་མ་ཇི་བཞིན་འཆད་ཀྱིན་གདའ། «ཀླུ་འབུམ་དཀར་ནག་ཁྲ་གསུམ»ཙམ་ལྷ་ཀླུ་ཡི་མཆོད་སྦྱིན་དཔེ་ཆ་འགའ་ཞིག་ཕུད། མང་ཆེ་བ་ནི་རྒྱ་གར་གྱི་ཡུལ་སྲོལ་དང་རང་བྱུང་སྲོག་ཆགས་ཀྱིས་མཚོན་པར་བྱས་ཡོད་ཅིང་། ཤེས་བྱ་གཞི་ཡི་རྣམ་གཞག་འཇོག་སྐབས་ཀྱི་དབྱེ་བསྡུ་བྱེད་སྟངས་དང་རྣམ་གྲངས་བགར་ལུགས་མཐའ་དག་རྒྱ་གར་གྱི་ཆོས་པ་དང་པཎྜི་ཏ་རྣམས་ལ་ལད་ཟློས་བྱས་ཡོད་པས། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་རེ་རེ་ནས་གཏན་ལ་འབེབ་པ་སྨོས་མ་དགོས། ཐ་ན་དཔེ་ཆ་ལ་ལར“ཆོས”ཀྱི་ཚབ་ཏུ“བོན”སྨྲས་ཡོད་པ་ཙམ་ལས་གཞན་ཁྱད་པར་གང་ཡང་མེད་པ་ཡང་ཡོད་པ་རེད། མ་ཟད་ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཀྱང་ད་ལྟའི་བོན་འདི་ནི་ཆོས་ཀྱི་འདྲ་བཟོ་ཡིན་པར་ལན་མང་དུ་གསུངས་འདུག །

འདི་ལྟར་བལྟས་ཡོང་ན་ད་ལྟའི་བོན་ལུགས་ཟེར་བ་འདི་ནི་ནང་བསྟན་དང་འདྲ་བཟོ་བྱས་པའི“བསྒྱུར་བོན”ཟེར་བ་དེ་ཡིན་ངེས་ཤིང་། དེ་ལྟ་མིན་ཚེ། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་འཛིན་ཅིང་ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་བོན་ལུགས་ཤིགས་བཙན་པོ་ཁྲི་སྲོང་གི་སྔོན་ནས་ཡོད་པ་ཡིན་ན། ཆོས་རྒྱལ་ཆེན་པོས་རྒྱུ་ནོར་དང་དཀའ་ཚེགས་དེ་ཙམ་སྤྱད་ནས་རྒྱ་གར་གྱི་པན་གྲུབ་མང་པོ་གདན་དྲངས་པ་ཡང་དོན་མེད་དུ་འགྱུར་རོ།།

གཉིས་པ།

བོད་ཀྱི་ལོ་རྒྱུས་ཡིག་ཚང་ལྟར་ནའང“དམ་ཆོས་རིན་ཆེན་དྲི་མེད་བསྟན”པའི་ཆ་རྐྱེན་དུ“གདོན་གཟུགས་བོན་གྱི་བསྟན་པ་བསྣུབས”པར་འཁོད་ཡོད་ལ། བོན་རང་གི་ཡིག་ཚང«སྲིད་པ་རྒྱུད་ཀྱི་ཁ་བྱང»དུ་ཡང་མཁན་པོ་བོ་དྷི་ས་ཏྭ་དང་སྐུ་གཤེན་དྲན་པ་ནམ་མཁའ་གཉིས་ཤགས་བྱས་པའི་ལོ་རྒྱུས་ཡོད་ཅིང་། དེར་བལྟས་ན་ཡང་བན་བོན་གཉིས་ནི་ལྟ་སྤྱོད་དང་། རྫུ་འཕྲུལ། མངོན་ཤེས་སོགས་འགལ་བ་ལྟག་སྤྲོད་ཡིན་པར་མཐོང་ཡོང་། ཁྱད་པར་དུ་སྐྲ་བྲེག་པ་སོགས་སྤྱོད་ལམ་གྱི་ཐད་ནས་ཀྱང“ཁྱོད་བན་དྷེས་ཕ་ཚན་སྐྲ་བྲེག་ནས།། ཕ་བཙས་འགོ་ལ་ཆན་གྲི་འདེབས།། མ་བཙས་གོས་ཀྱི་ཁ་ཏོག་བསྒྱུར།།” སོགས་ཀྱིས་སྐྱོན་བརྗོད་བྱེད་པར་གཞིག་ན། དེ་དུས་ཀྱི་བོན་པོ་ངོ་མ་དེ་ནི་དེ་རིང་གི་བོན་པོའི་ཆ་ལུགས་འདི་འདྲ་ཞིག་མིན་པར་ཤེས་པ་མ་ཟད། ཆ་ལུགས་ནི། “ངེད་བོན་པོ་ཕ་ཚན་སྐྲ་བཞག་ནས།། ཞིག་སྐྲ་ལྷབ་ལྷུབ་འཁྱིལ་བ་འདི།། ཁམས་གསུམ་དབང་དུ་བསྡུས་པའི་རྟགས།། དབུ་ལ་སྟག་ཞུ་གཡག་ཞུ་ལ།། བྱ་རུ་རྒོད་ཕོད་བརྒྱན་པ་ནི།། སྣང་སྲིད་ཁ་ལོ་བསྒྱུར་བའི་རྟགས།། གོས་ཆས་སྟག་གཟིག་ཐུལ་བ་དང་།། གཅན་ཟན་དབྱི་སྤྱང་གོན་པ་འདི།། སྤ་བརྗིད་ཕུན་སུམ་ཚོགས་པ་ཡིན།།”ཞེས་སོགས་བཤད་པས་དཔག་ཐུབ།

འདི་དག་གི་ཐད་བོན་པོ་རང་ཉིད་ལ་ཡང་ཐུགས་མི་བདེ་བའི་དོན་ཞིག་ཡོད་པས། ཐོས་པ་ཆེ་བའི་བོན་ལུགས་པ་མཁར་རྨེའུ་བསམ་གཏན་རྒྱ་མཚོ་ལགས་ཀྱིས་ཀྱང་། རྟོ་ལེ་འབྲོང་གི་མེས་པོར་སྒྲུབ་པ་ལྟ་བུའི་བསྟན་བཅོད་འགའ་རེ་ཡང་མཛད་གནང་འདུག་པའོ།།

གསུམ་པ།

དཔལ་ལྡན་ཟླ་གྲགས་ཀྱིས“སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི།། ཕྱི་རོལ་གྱུར་ལ་ཐར་པའི་སྐབས་མེད་དོ།།” ཞེས་གསུངས་ཤིང་ཐར་པ་དོན་གཉེར་གྱི་ལམ་ཡང་དག་པ་ཡིན་ན་མཐའ་བྲལ་དབུ་མའི་ལྟ་བས་ཟིན་དགོས་པར་བསྟན་ཡོད། དེ་བས་བོད་ཀྱི་ནང་བསྟན་གྱི་མཁས་པ་ཡོངས་ཀྱིས་མཐར་འཛིན་གྱི་ལྟ་བ་ལ་དོགས་ཟོན་ནན་པོ་གནང་གིན་ཡོད་པ་མ་ཟད་ཞར་དང་ཞོར་ལ་བོན་ལུགས་ཀྱི་ལྟ་གྲུབ་ལ་སྐྱོན་བརྗོད་མཛད་པའང་ཉུང་ཉུང་མིན།
མཁས་པའི་དབང་པོ་འཇུ་མི་ཕམ་པས“བདག་ཏུ་ལྟ་བའི་རི་སུལ་བརྟེན་པ་བོན་དང་མུ་སྟེགས་རི་དྭགས་ཚོགས”ཞེས་སོགས་ཀྱིས་བོན་པོ་ནི་བདག་ལྟ་ཅན་གྱི་ལུགས་སུ་བཞག་ཅིང་། དེ་ཙམ་དུ་མ་ཟད་རྗེ་བཙུན་མི་ལ་རས་པས་ཀྱང“ཁྱེད་ལྟ་ལོག་ཅན་གྱི་བོན་པོ་རྣམས།། དམ་ཆོད་བྱེད་ན་ཀུན་ལ་ཕན།།”ཞེས་སོགས་ཀྱི་སྒོ་ནས་ལྟ་བ་ལ་གནད་དོན་ཡོད་པར་གླུ་ལེན་ཡོང་།

ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི«གྲུབ་མཐའ་ལེགས་བཤད་ཤེལ་གྱི་མེ་ལོང»དུ་འདི་ལྟར། གདགས་ཁྲི་བཙན་པོའི་དུས་སུ་རུས་གཤེན་ཡིན་པའི་བྱིས་པ་ཞིག་འདྲེས་ཁྲིད་དེ་ཕྱིས་ལྷ་འདྲེའི་ཕན་གནོད་མང་དུ་བཤད་པས”བརྡོལ་བོན”དང་། གྲི་གུམ་བཙན་པོའི་དུས་སུ་མུ་སྟེགས་དབང་ཕྱུག་པའི་གྲུབ་མཐའ་ཞིག་བོད་དུ་འཁྱར་བ་ལ”འཁྱར་བོན།” གླང་དར་གྱིས་བསྟན་པ་བསྣུབས་པའི་རྗེས་སུ་གཤེན་རྒུར་ཀླུ་དགའ་ཞེས་བྱ་བས་སངས་རྒྱས་ཀྱི་བཀའ་མང་པོ་བོན་དུ་བསྒྱུར་བ་སོགས་ལ”བསྒྱུར་བོན”ཟེར་བར་གསུངས་ཡོད་པས་ཐུགས་ཤིན་ཏུ་བདེན་པར་སྣང་ངོ་།།

འོ་ན་བོན་ལ་ཐར་པ་མེད་པ་ཡིན་ནམ་སོགས་ཟེར་ན། གོང་གི་ལུང་ཚིག་དེ་དག་ལ་དཔྱད་ན་འདོད་ལན་ཞུ་དགོས་པ་འདྲ་བ་ཞིག་སྣང་མོད། བོན་འདི་ལ་ཡང་ཁྱད་པར་མང་དུ་འབྱེད་དགོས་པར་བསམ་མོ།། ད་ལྟའི་མིག་སྔར་གྱི་བོན་པོ་རྣམས་ཆོས་སྐད་བན་དེ་དང་གཅིག་པ་ཡིན་པ་དང་། གཞི་ལམ་གྱི་འཇོག་ཚུལ་བན་དེ་དང་ཧ་ཅང་འདྲ་པོ་ཡོད་པས། སྡོམ་གསུམ་དང་། དབང་ལུང་གི་བརྒྱུད་པ། མན་ངག་གི་ཕྱག་བཞེས་སོགས་ཀྱི་མགོ་ཁུངས་ལ་དཔྱད་པ་བྱས་ཏེ་ཤེས་དགོས་ཤིང་། བན་བོན་སུ་ཡིན་ཡང་གསར་པོར་རྟོགས་དགོས་པར་སྙམ་མོ།།

མདའ་དར་སྟེང་དུ་མེ་ལོང་ལམ་སེ་ལམ།།
གཡུང་དྲུང་གཡོན་དུ་འཁྱིལ་བའི་བཀྲ་ཤིས་ཤོག།
ལྷུང་བཟེད་ནང་དུ་འོ་ཞོ་ཀྱི་ལི་ལི།།
ཆོས་འཁོར་གཡས་སུ་འཁོར་བའི་བཀྲ་ཤིས་ཤོག།