བོད་ཀྱི་ཡུལ་འདིར་དམག་དོན་གྱི་སྒྲིག་གཞི་སྐོར་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་ཆེས་ཕུན་སུམ་ཚོགས་པ་ཞིག་བྱུང་ཡང་། བོད་ཁམས་སིལ་བུར་འཐོར་རྗེས་མི་ལོ་བཞི་བརྒྱ་ཙམ་གྱི་དུས་ཡུན་ནང་དུ་དེ་དག་གི་རྣམ་པ་ཙམ་ཡང་མེད་པར་གྱུར་ཡོད་པ་ནི་སྨོས་མ་དགོས། འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ལ་དབང་སྒྱུར་བྱས་པ་ནས་བཟུང་སྲིད་སྐྱོང་སོ་སོས་སྐབས་སུ་རང་གི་དགོས་མཁོ་དང་བསྟུན་པའི་དམག་གི་སྒྲིག་གཞི་རེ་བཙུགས་ཡོད་པ་གསལ་ཡང་ཞིབ་ཕྲའི་དཔྱད་གཞི་མ་མཐོང་། སྐྱབས་མགོན་ལྔ་བ་ཆེན་པོས་བོད་ཀྱི་སྲིད་དབང་བཟུང་སྟེ་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་པ་ནས་དམག་དོན་གྱི་སྐོར་ལ་ཐུགས་ཁུར་དང་དག་འདོན་ཆེན་པོར་གནང་ཡོད་ཅིང་དེ་ནས་རིམ་བཞིན་དམག་གི་སྒྲིག་གཞི་དེ་འཐུས་སྒོ་ཇེ་ཚང་དུ་ཕྱིན་ཡོད་པའི་སྐོར་ཞིབ་ཕྲ་པ་སངས་ནོར་བུས་བརྩམས་པའི་བོད་དམག་དོན་སྐོར་གྱི་གནད་དོན་འགའ་ལ་ཅུང་ཟད་དཔྱད་པ་ཞེས་པ། སྤྱི་ལོ་༡༩༩༢ལོའི་ཀྲུང་གོའི་བོད་ཀྱི་ཤེས་རིག་དེབ་དང་པོའི་ནང་འཁོད་པ་དེའི་ནང་དོན་དང་། རེའུ་མིག་ལྟར་འདིར་མདོར་བསྡུས་ཤིག་འགོད་དོ། དེ་ཡང་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་སུ། གཟིམ་ཆུང་ཞེས་གོ་ཧྲག་སྲུང་དམག་གཅིག་བྱུང་མྱོང་བ་དེ་ནི་བོད་ཀྱི་ས་སྐྱོང་གི་ཉེན་སྲུང་དམག་མི་ཡིན། རྗེས་སུ་ལྷ་སའི་སྨོན་ལམ་ཆེན་པོ་ཚོགས་པའི་སྐབས་སུ་གནའ་རབས་འཐབ་མོ་པའི་གྱོན་ཆས་ལུས་ལ་གྱོན་ནས་གཟབ་སྦྲེང་རུ་ཁག་གི་བྱེད་སྒོར་ཞུགས། གཟིམ་ཆུང་པ་ལ་དམག་མི་སྟོང་ཕྲག་ལྷག་ཙམ་ཡོད། གནའ་ཆས་གྱོན་པའི་སྐྱ་དམག་གི་རྣམ་པ་འདི་༡༩༥༩ལོའི་བར་དུ་གནས་ཡོད། ཅེས་འཁོད་པ་སོགས་དགའ་ལྡན་ཕོ་བྲང་གི་སྐབས་སུ་བྱུང་བའི་དམག་གི་སྒྲིག་གཞི་ལ་ཡར་རྒྱས་དང་བཟོ་བཅོས་བྱུང་ཚུལ། དམག་རུ་འཛིགས་པའི་དམིགས་ཡུལ། དམག་མིའི་རྣམ་པ་དང་ལས་འགན། འཚོ་བའི་ལམ་ལུགས་སོགས་ཞིབ་ཕྲ་དཔྱད་རྩོམ་དེ་ཉིད་ལས་ཤེས་པར་བྱ། འདིར་དགའ་ལྡན་ཕོ་བྲང་གི་དུས་མཇུག་ལ་བྱུང་བའི་བོད་དམག་གི་ཨང་རྟགས་དང་། མི་གྲངས། མདའ་དཔོན། སྲུང་ཡུལ་བཅས་རེའུ་མིག་དེར་འཁོད་པ་ལྟར་བཀོད་དོ།

ཀ་དང་དམག་སྒར།

ཀ་དང་དམག་སྒར་ནི་མདའ་ཤོག་དང་པོ་སྟེ་ཉིན་སྲུང་དམག་དཔུང་ཡིན་ལ། རྟ་དམག་མི་གྲངས་ཆིག་སྟོང་ཡོད་པ་དེའི་མདའ་དཔོན་ཕོ་ལྷ་སྲས་རྡོ་རྗེ་དབང་འདུས། སྲུང་ཡུལ་གཙོ་བོ་ལྷས་ནོར་བུ་གླིང་ཁ། དྲག་ཆས་ལག་ཆ་ལ་མེ་སྒྱོགས་དང་ཨི་སིན་གྷན་བཞི། སྤི་རིན་གྷན་ཞེ་དྲུག་ཨི་སིན་ཀྲེན་གྷན་ཉིས་བརྒྱ། དབྱིན་ཇིའི་ཁ་ཐུང་དྲུག་བརྒྱ། ལག་བོགས་ཆུང་བ་འགའ་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་སྐོར། མདའ་ཤོག་དང་པོ་ནི་ཆིན་རྒྱ་རབས་ཀྱི་གོང་མ་ཞོན་ཐོང་ཁྲིར་བཞུགས་སྐབས་བཙུགས་ཤིང་། དེའི་དྲག་ཆས་དང་གྱོན་ཆས་ལེགས་ལ། ཏཱ་ལའི་བླ་མའི་སྐུ་སྲུང་དམག་མི་ཡིན་པར་མ་ཟད། བོད་དམག་གི་གཙོ་ཁག་ཅིག་ཡིན། མདའ་དཔོན་སོ་སོའི་རྒན་པ་ཚོ་དེའི་མདའ་དཔོན་ལ་བཞག་ཅིང༡༩༥༦ལོར་བཅིངས་འགྲོལ་དམག་ལ་བསྒྱུར་ནས་མདའ་དཔོན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ལ་ཧྲང་ཞའོ་དམག་དཔོན་གྱི་ཐོབ་ཐང་བསྩལ། ༡༩༥༦ལོར་ཟིང་འཁྲུག་ལ་ཞུགས་པས་ཚར་དུ་གཅད་བྱར་འཁེལ་པས་བྲོས་བྱོལ་ཕྱིན།

ཁ་དང་དམག་སྒར།

ཁ་དང་དམག་སྒར་ནི་མདའ་ཤོག་གཉིས་པ་སྟེ་གྲ་ཕྱི་དམག་དཔུང་ཡིན། རྐང་དམག་མི་གྲངས་ཆིག་སྟོང་ཡོད་པ་དེའི་མདའ་དཔོན་བཀྲ་དཔལ་བཀྲ་ཤིས་ཕུན་ཚོགས་དང་། འོས་རློམ་པ་རྡོ་རྗེ་རྣམ་རྒྱལ་གཉིས་ཡིན། སྲུང་ཡུལ་གཙོ་བོ་ལྷ་ས། དྲག་ཆས་ལག་ཆ་ལ་མེ་སྒྱོགས་བརྒྱད་དང་། ཐི་རི་སི་མོ་ཊར་དྲག་མེ་སྒྱོགས་ཆེ་བ་བརྒྱད། ལུའུ་སི་གྷན་བཅུ་གཉིས། མ་ཁི་མུས་མེ་ཨི་སིན་གྷན་བཞི། སྦ་རིན་གྷན་བཞི་བཅུ། ཨི་སི་ཀྲེན་གྷན་བཞི་བཅུ། དབྱེན་ཇིའི་ཁ་ཐུང་ཉིས་བརྒྱ་བཅས་ཡོད། ལོ་རྒྱས་འཕེལ་རིམ་སྐོར།མདའ་ཤོག་གསུམ་པ་ནི་སྤྱི་ལོ་༡༧༩༢ལོར་བཙུགས་ཤིང་། ཆིན་དམག་ལ་དཔེ་བསྟས་ནས་བཙུགས་པས་ལོ་རྒྱུས་སྟང་རྒྱ་སྦྱང་དམག་ཟེར། ཁ་ཆེ་དང་།གོར་ཁ། དབྱེན་ཇིའི་བཙན་འཛུལ་བཅས་ལ་ངོ་རྒོད་བྱེད་པའི་གཡུལ་འགྱེད་དང་། མཐའ་ཁུལ་དམག་དང་། དར་བེ། སེ་ར་དགོན་པ་སོགས་ཀྱི་ནང་འཁྲུག་ལ་ཞུགས་མྱོང་ཞིང་། ས་གནས་སོསོའི་ཙུང་ཏུང་སྲུད་དམག་རུ་ཁག་ཚང་མ་མདའ་ཤོག་འདིས་མངགས་དགོས་ཤིང་། རྟག་ཏུ་རྒྱལ་བའི་དམག་དཔུང་ཞེས་པའི་མཚན་ཡང་ཡོད། མི་གྲངས་ཆིག་སྟོང་ལ་མདའ་དཔོན་གཉིས་སྒྲིག་འཛུགས་བྱས་ཡོད་ལ། ཆབ་འདོ་གཡུལ་འགྱེད་ཁྲོད་ཆ་ཤས་ཤིག་ལ་གཏོར་སྐྱོན་ཐེབས། བསྐྱར་སྒྲིག་བྱས་རྗེས་མདའ་དཔོན་བསམ་ཕོ་བསྟན་འཛིན་དོན་འགྲུབ་དང་། བཀྲ་དཔལ་རྡོ་རྗེ་ཚེ་བརྟན་གཉིས་ལ་ཀྲུང་ཞའོ་དམག་དཔོན་གྱི་ཐོབ་ཐང་བསྩལ། སྤྱི་ལོ་༡༩༥༩ལོར་ཟིང་འཁྲུག་ལ་ཞུགས་རྗེས་ལ་ལ་ཚར་བཅད། ལ་ལ་བྲོས་བྱོལ་ཕྱིན།

ག་དང་དམག་སྒར།

ག་དང་དམག་སྒར་ནི་མདའ་ཤོག་གསུམ་པ་སྟེ་གཞིས་ཀ་རྩེའི་དམག་དཔུང་ཡིན། རྐང་དམག་མི་གྲིངས་ཆིག་སྟོང་ཡོད་པ་དེའི་མདའ་དཔོན་དཀར་བྱུང་པ་ཚེ་རིང་དོན་འགྲུབ་དང་། མུ་བྱ་ཚེ་དབང་ནོར་བུ་གཉིས་ཡིན། སྲུང་ཡུལ་གཙོ་བོ་སྡེ་དགེ། དྲག་ཆས་ལ་མེ་སྒྱོགས་བཅུ་བཞི་དང་། ཨི་སིན་གྷན་བཞི། ཀྲའི་ཕན་མེ་མདའ་སྦག་སྦག་བཞི། ཅ་ན་ཏའི་མེ་མདའ་སྦག་སྦག་བཅུ་དྲུག་ཨི་སི་ཀྲེན་གྷན་སོ་གཉིས། མདའ་རིང་སྟོང་ཕྲག་གཅིག་བཅས་ཡོད། ལོ་རྒྱས་འཕེལ་རིམ་སྐོར། མདའ་ཤོག་འདི་ནི་བོད་དམག་ཁྲོད་ཀྱི་དམག་དཔུང་རྟུལ་ཕོད་ཅན་དུ་རྩི་ལ། མདའ་དཔོན་མུ་བྱ་ཚེ་དབང་ནོར་བུས་ཆབ་མདོའི་གཡུལ་འགྱེད་ཁྲོད་འཐབ་འཛིང་གི་བྱས་རྗེས་བཞག་པས་གཞིས་རྩེའི་ཙུང་ཏུའུ་ལ་འཕར་བ་དང་། གཡུལ་འཁྱེད་དེའི་ཁྲོད་དམག་མི་མང་ཤོས་ཞིག་ཕ་རོལ་པས་བསད། བཅོས་སྒྲིག་བྱས་རྗེས་མདའ་ཤོག་དེའི་མདའ་དཔོན་མི་འགྱུར་རྡོ་རྗེ་ལ་ཀྲུང་ཞའོ་དམག་དཔོན་གྱི་ཐོབ་ཐང་བསྩལ་ཅིང། སྤྱི་ལོ་༡༩༥༩ལོར་ངོ་ལོག་ཟིང་འཁྲུག་ཞོད་འཇུགས་སུ་གཏོང་སྐབས་རང་ཡུལ་དུ་ལོག

ང་དང་དམག་སྒར།

ང་དང་དམག་སྒར་ནི་མདའ་ཤོག་བཞི་པ་སྟེ་རྒྱལ་རྩེའི་དམག་དཔུང་ཡིན། རྐང་དམག་མི་གྲངས་ལྔ་བརྒྱ་ཡོད་པ། དེའི་མདའ་དཔོན་མཚོ་སྒོ་དངོས་གྲུབ་རྡོ་རྗེ་ཡིན། སྲུང་ཡུལ་གཙོ་བོ་ཚོ་པ་སོ་དགུ་དང་སྟེང་ཆེན། དྲག་ཆས་ལག་ཆ་ལ་ཨི་སིན་གྷན་གཅིག་དང་། སྦི་རིན་གྷན་དགུ། ལུའུ་སི་གྷན་གཅིག ཨི་སི་ཀྲེན་གྷན་བཅོ་ལྔ། དབྱིན་ཇིའི་ཁ་ཐུང་ལྔ་བརྒྱ་ཡོད། ལོ་རྒྱུས་འཕེལ་རིམ་སྐོར། ལོ་རྒྱུས་འཕེལ་རིམ་དང་གཡུལ་འགྱེད་དུ་ཞུགས་པའི་ལོ་རྒྱུས་སོགས་མདའ་ཤོག་གཉིས་དང་། གསུམ་པར་མཚུང་ཤིང་། སྤྱི་ལོ་༡༩༥༦ལོར་བཅོས་སྒྲིག་བྱས་རྗེས་དེའི་དམག་དཔོན་མདོ་མཁར་བསོད་ནམས་རྡོ་རྗེ་ལ་ཀྲུང་ཞའོ་དམག་དཔོན་གྱི་ཐོབ་ཐང་བསྩལ། སྤྱི་ལོ་༡༩༥༩ལོར་ངོ་ལོག་ཟིང་འཁྲུག་ལ་ཞུགས་པས། ལ་ལ་བསད་པ་དང་ལ་ལ་བྲོས་བྱོལ་ཕྱིན། དེ་ལ་ལོ་རྒྱུས་སྟེང་རྒྱལ་རྩེའི་དམག་དཔུང་ཟེར།

ཅ་དང་དམག་སྒར།

ཅ་དང་དམག་སྒར་ནི་མདའ་ཤོག་ལྔ་པ་སྟེ་དིང་རི་དམག་དཔུང་ཡིན། རྐང་དམག་མི་གྲངས་ལྔ་བརྒྱ་ཡོད་པ་དེའི་མདའ་དཔོན་བྲག་འཇུན་པ་བསྟན་པ་ཚེ་རིང་ཡིན། སྲུང་ཡུལ་གཙོ་བོ་ནག་ཆུ་ས་ཁུལ། དྲག་ཆས་ཨི་སིན་གྷན་གཉིས། སྦི་རིན་གྷན་བཞི་བཅུ། མདའ་རིང་སྣ་ཚོགས་སུམ་བརྒྱ་ཉི་ཤུ་རྩ་ལྔ་ཡོད། ལོ་རྒྱུས་འཕེལ་རིམ་སྐོར། མདའ་ཤོག་ལྔ་པ་ལ་ལོ་རྒྱུས་སྟེང་དིང་རི་དམག་དཔུང་ཟེར་ཞིང་། དེའི་ལོ་རྒྱུས་འཕེལ་རིམ་དང་གཡུལ་དགྱེད་ལ་ཞུགས་པའི་ལོ་རྒྱུས་སོགས་མདའ་ཤོག་གཉིས་པ་དང་གསུམ་པར་མཚུངས། སྤྱི་ལོ་༡༩༥༧་ལོར་བོད་སྲིད་གཞུང་གི་ནོར་སྲུད་ལ་དཀའ་ངལ་བྱུང་བས་མདའ་ཤོག་འདིའི་དམག་མང་ཤོས་རང་ཡུལ་དུ་ལོག

ཆ་དང་དམག་སྒར།

ཆ་དང་དམག་སྒར་ནི་མདའ་ཤོག་དྲུག་པ་ཡིན། འདི་ནི་མེ་སྒྱོགས་དམག་དཔུང་ཡིན་ལ་དམག་མི་ལྔ་བརྒྱ་ཡོད་པ་དེའི་མདའ་དཔོན་འཇུན་པ་ངག་དབང་པད་མ་ཡིན། སྲུང་ཡུལ་གཙོ་བོ་ཚོ་པ་སོ་དགུ་དང་རི་བོ་ཆེ། དྲག་ཆས་ལ་མེ་སྒྱོགས་དྲུག་དང་། སྦི་རིན་གྷན་བཅུ། ཨི་སི་ཀྲེན་གྷན་བཞི་བཅུ། མདའ་རིང་བཞི་བརྒྱ་བཅས་ཡོད། ལོ་རྒྱུས་འཕེལ་རིམ་སྐོར། མདའ་ཤོག་དྲུག་པ་ནི་སྤྱི་ལོ་༡༩༡༢ལོའི་མཇུག་ཏུ་གཟིམ་ཆུང་བ་ཁ་ཤས་རྐང་འཛིན་གྱིས་སྒྲིག་འཛུགས་བྱས་ལ། མིང་ལ་སྒྱོགས་དམག་དམག་དཔུང་ཟེར་ཡང་དོན་ལ་མེ་སྒྱོགས་ཆུང་ཆུང་དྲུག་ལས་མེད། དེ་སྔ་དར་བེ་དང་། འབའ་སོགས་ཀྱི་གཡུལ་འགྱེད་ཁྲོད་རྩ་ཐོར་དུ་སོང་། སྤྱི་ལོ་༡༩༥༢ལོར་ལྷ་སའི་ཉེན་རྟོག་དམག་དཔུང་ལ་བསྒྱུར་ཅིང་། གྲོང་ཁྱེར་ནང་དུ་ཉེན་རྟོག་ས་ཚིགས་ཉེར་བདུན་བཙུགས། བཅོས་སྒྲིག་བྱས་རྗེས་མདའ་དཔོན་འཇུན་པ་ཚེ་རིང་རྡོ་རྗེ་ཀྲུང་ཞའོ་དམག་དཔོན་གྱི་ཐོབ་ཐང་བསྩལ། ༡༩༥༩ལོར་ངོ་ལོག་ཟིང་འཁྲུག་ལ་ཞུགས་པས་ལ་ལ་ཚར་བཅད་ལ་ལ་བྲོས་བྱོལ་ཕྱིན།

ཇ་དང་དམག་སྒར།

ཇ་དང་དམག་སྒར་ནི་མདའ་ཤོག་བདུན་པ་ཡིན། རྐང་དམག་ལྔ་བརྒྱ་ཡོད་པ་དེའི་མདའ་དཔོན་ཕུ་ལུང་པ་གྲགས་པ་ཚེ་བརྟན་ཡིན། སྲུང་ཡུལ་གཙོ་བོ་རི་བོ་ཆེ།དྲག་ཆས་ལ་མེ་སྒྱོགས་བཞི་དང་། ཨི་སིན་གྷན་གཉིས། སྦི་རིན་གྷན་བཞི་བཅུ། དབྱེན་ཇེའི་ཁ་ཐོང་བཞི་བརྒྱ་བཅས་ཡོད། ལོ་རྒྱུས་འཕེལ་རིམ་སྐོར། མདའ་ཤོག་བདུན་པ་མི་ལྔ་བརྒྱས་གྲུབ་ཅིང་། སྤྱི་ལོ་༡༩༡༢ལོའི་ལོ་མཇུག་ཏུ་སྒྲིག་འཛུགས་བྱས། ཆབ་མདོའི་གཡུལ་འགྱེད་ཁྲོད་དམག་མི་ཁ་ཤས་མགོ་བཏགས། རྗེས་སུ་ཡོངས་རྫོགས་གྲལ་འཐོར་ཏུ་སོང་།

བསྟན་སྲུང་རྣམ་རྒྱལ་དུ་འབོད་པ་ནས་དྲ་སྟེང་ནས་བཤུས།