གླེང་སློང་།

༧ འཛམ་གླིང་ཡོངས་ཁད་ཀྱིས་ཟིན་ཡོང་བའི་ལྟ་བ་སྐོར་གཅིག་དང་རིན་ཐང་ཁག་ཅིག་ཡོད་པ་ནི། སྤྱི་འགྲོས་ནས་བསྙད་ན་ཡོངས་ཁྱབ་རིན་ཐང་ཟེར་བ་དེ་ཡིན་ལ། གནད་ཀྱི་ཟབ་སར་བབས་ན་རང་དབང་དང་མང་གཙོ། འདྲ་མཉམ་དང་ཁྲིམས་སྐྱོང་བཅས་ལ་ངོས་འཛིན་གྱིན་འདུག ལོ་རྒྱུས་ཀྱི་ཆུ་ཀླུང་ཆེན་པོ་འདིའི་རབ་ཁ་ནས་འུ་ཅག་ཀྱང་ཀྲོང་ངེར་འགྲེང་མ་ནུས་པར། སྒེར་གཞུང་གང་ན་ཡང་མང་གཙོ་དང་འདྲ་མཉམ་ཟེར་བ་དག་ནི་ཇི་འདྲའི་ངག་ལ་བདེ་ཞིང་། སེམས་ལ་ལྷུང་བའི་ཐ་སྙད་སྙན་མོ་འགའ་རེདའང་། དེ་ཉིད་བེད་སྤྱོད་བྱས་ཏེ་སྒེར་གཅོད་དང་བཙན་གནོན། སུན་གཙེར་དང་རྡོག་བརྫིས་བྱེད་པའི་གཏེ་བོ་མགོ་བདེ་འགའ་ཡང་ཕྱོགས་དང་ཕྱོགས་ན་རིག་རྒྱུ་འདུག་ལ། སྐབས་དང་སྐབས་སུ་ཐོན་གྱིན་འདུག་པས། ང་ཚོས་ཕྱོགས་འདི་ལ་དཔྱོད་ཤེས་ཀྱི་མིག་ཟུང་རྣོན་པོས་ངོས་ནས་མི་བལྟ་ཐུ་མེད་ཡིན་སོང་། མིག་ཟུང་དེ་ནི་སྐྱེ་བུ་སྒེར་རེ་རེའི་རང་དབང་དང་ཐོབ་ཐང་འགན་སྲུང་བྱེད་པའི་ཁྲིམས་སྐྱོང་གི་སད་རྟོགས་ཤིག་ལས་འཛུབ་མོ་འཛུགས་ས་གཞན་རྙེད་ཀྱི་མི་འདུག་ན། ཕྲན་གྱིས་ཀྱང་དེ་མ་གཏོགས་ཧ་ཅང་སྒམ་མདོག་གིས་ངལ་བ་ཟུར་དུ་བསྟེན་རྒྱུ་མིན་ལ། བསྟེན་དགོས་དོན་ཡང་མི་འདུག རིག་གནས་དང་ཐོན་རྫས་གང་ལའང་རྫུན་མ་དང་རྫུས་མ་འབྱུང་སྲིད་པས། ངས་ནི་མང་གཙོ་དང་འདྲ་མཉམ་གྱི་ཕྱི་ཐིམ་བརྒྱབས་པའི་ལམ་ལུགས་དག་དར་བའི་ཁོར་ཡུག་རྣམས་ལ་ནི། ཡོངས་ཁྱབ་རིན་ཐང་གི་སད་རྟོགས་ཤིག་ཕར་ཟད། ཐ་ན་ཞིང་ས་གཤིན་པོ་ཞིག་ཀྱང་ཆགས་མི་འདུག་ཅེས་ཞུ་འདོད། རྒྱུ་མཚན་མང་གཙོའི་ཐ་སྙད་སྤྱད་དེ་རྨོངས་སྤྱོད་ལམ་ལུགས་ཤིག་ལག་བསྟར་བྱེད་བཞིན་པའི་ཁོར་ཡུག་དག་གི་ཕྱོགས་འགའ་ལ་བལྟས་པས་ཀྱང་མིང་རྐྱང་ཙམ་གྱི་མང་གཙོའི་རིན་ཐང་དེ་ཅི་འདྲ་ཞིག་ཡིན་པ་ངོས་ཟིན་གསལ་བོ་ཞིག་འདྲོང་ངེས་པས། གཤམ་ནས་ངའི་མཐོང་ཐོས་མྱོང་གསུམ་དུ་གྱུར་བའི་“མང་གཙོ་དང་མང་གཙོའི་ལམ་ལུགས་”དག་གི་ངོ་གདོང་ལ་འཁྱུག་ཙམ་བལྟ།

སྐབས་དོན།

ངའི་ཕ་ཡུལ་དུ་མང་གཙོའི་ལམ་ལུགས་དེ་ཐོག་མར་དགོན་སྡེའི་ཁོར་ཡུག་ནས་ལག་བསྟར་བྱས་ཤིང་། དེ་ནས་རིམ་གྱིས་ཚོགས་པ་དང་ཚོ་ཆུང་། རུ་ཆུང་དང་རུ་ཆེན་ལ་ཁྱབ་སྟེ། ད་ནི་སྐད་འཕྲིན་གྱི་གླེང་ཚོམས་(微信群聊)དག་ན་ཡང་དེ་ཉིད་ལག་བསྟར་བྱེད་ཀྱིན་འདུག དེ་ནི་ཐོག་མར་དགོན་སྡེའི་ཁོར་ཡུག་ནས་འབུས་འགོ་ཚུགས་པ་ནི། ལམ་ལུགས་དེ་ཉིད་རུ་ཆུང་ནས་རུ་ཆེན་དང་། རུ་ཆེན་ནས་ཡུལ་ཤོག་ལ་མཆེད་ཐུབ་པའི་རྩ་བའི་རྒྱུ་རྐྱེན་དུ་གྱུར་འདུག་སྙམ། དོན་དུ་དགོན་སྡེའི་ཁོར་ཡུག་ནས་མང་གཙོའི་ལམ་ལུགས་དེ་ལག་ལེན་ཅི་ལྟར་བྱས་པ་དང་། ཡང་ན་དགོན་སྡེའི་“མང་གཙོ་”དེའི་ངོ་བོ་ཇི་འདྲ་ཞིག་ཡིན་པ་བཅས་ཀྱི་ངོས་ནས་གླེང་ན། དེ་ནི་མུན་ནག་མདའ་འཕེན་གྱི་འོལ་ཚོད་ཅིག་གིས་ངང་ནས་དགོན་པའི་ནོར་སྲིད་དང་སྒྲིག་ཁྲིམས་ཕྱོགས་ལ་དོ་དམ་བྱེད་པའི་མི་སྣ་འགའ་འོས་འདེམ་བྱེད་པའི་ལམ་ལུགས་ཤིག་གམ་འདེམ་སྲོལ་ཞིག་ཏུ་ཆགས་ཡོད། དེ་ལ་མུན་ནག་མདའ་འཕེན་དང་གདེང་མེད་འོལ་ཚོད་ཟེར་དགོས་དོན་གཙོ་བོ་ནི། ནོར་སྲིད་དང་སྒྲིག་ཁྲིམས་ཕྱོགས་ལ་དོ་དམ་བྱེད་པར་འོས་འདེམ་བྱེད་དགོས་པའི་མི་སྣ་དེ་དག་ལ་ཐབས་ཇུས་དང་ལངས་ཕྱོགས། ཆ་རྐྱེན་དང་དཀའ་ངལ་སོགས་གཅིག་ཀྱང་བཤད་པའི་གོ་སྐབས་མི་སྟེར་བར། ཐད་ཀར་གྲྭ་བ་རེ་རེས་རང་གི་འོལ་ཚོད་ཀྱི་བློ་མིག་སྤྱད་དེ་འོས་ཤོག་འཕེན་དགོས་ཤིང་། མཐར་སུ་འོས་ཤོག་མང་བོར་ཆགས་ཡོད་ན་གང་དེར་ཆ་རྐྱེན་གཅིག་ཀྱང་འདོན་དབང་མེད་པར་དགོན་པའི་དོ་དམ་གཙོ་འཛིན་ལ་འདུག་དགོས། སོམས་དང་དོན་དམ་པའི་མང་གཙོའི་འོས་བསྡུ་དང་འོས་ཤོག་གི་རྣམ་པ། གོ་རིམ་སོགས་ནི་འདི་འདྲ་ཞིག་ཡིན་སྲིད་དམ། གོ་ལའི་ཤར་ནུབ་ཡོངས་ཀྱིས་གཅིག་མཐུན་དུ་མཆོག་ཏུ་བཀུར་ཞིང་། བླ་རུ་མཆོད་པའི་མང་གཙོའི་ལམ་ལུགས་དེ་འོལ་ཚོད་རང་བཞིན་གྱི་བྱིས་པའི་རྩེད་མོ་ལྟ་བུ་ཞིག་ཡིན་སྲིད་དམ། ད་དུང་འདི་འདྲའི་ཕྱོགས་ལྷུང་རང་ལུགས་ཀྱི་ལམ་གོལ་རེ་བཙུགས་ནས་ད་ནི་རང་རེའི་དགོན་པས་འཛམ་གླིང་གི་ཁ་ཕྱོགས་ལྟར་མང་གཙོ་བྱས་ཏེ་དོ་དམ་བསྐོ་བཞག་བྱས་པ་ཡིན་པས་སུ་ལའང་བསམ་འཆར་དང་ངན་ཁག་འགེལ་ས་མེད་ཅེས་ཚིག་ཐེག་ཆོད་པོས་བཤད་ངེས། འཛམ་གླིང་གི་སྐྱེས་ཆེན་དག་གིས་གླེགས་བམ་གྱི་ཉིན་སྲིབ་ཏུ་བཙལ་ཞིང་། ཚེ་སྲོག་གི་འགྲོ་གྲོན་བཏང་སྟེ་རྙེད་ཅིང་བཙུགས་པའི་མང་གཙོའི་སྲིད་ལུགས་དེ་བྱས་ཉེས་ཀྱི་རྗེས་འདེད་ས་མེད་ཅིང་། ལེགས་འགྲུབ་ཀྱི་གཟེངས་འདོགས་ས་མེད་པའི་ཕུགས་མི་བརྟན་ཞིང་རྒྱང་མི་རིག་པའི་བྱེད་ཐབས་འདི་འདྲ་ཞིག་ཡིན་ན། ནུབ་ཀྱི་བློ་འབྱེད་མཁན་པོ་དག་གི་ཚེ་སྲོག་དང་དུས་ཚོད་ཀྱི་རིན་ཐང་ཡང་ཇི་འདྲའི་ཆུང་བ་ལ། རྟག་ཏུ་མི་རྣམས་ཀྱི་རྩོད་སྒྲུབ་དང་སྐད་འབོད་བྱེད་བཞིན་པའི་མང་གཙོ་དེ་ནི། སྐྱེས་བུ་སྒེར་རེ་རེའི་རང་དབང་དང་ལྟ་ཚུལ་ལ་བརྩི་འཇོག་གནང་སྟེ། སྤྱི་བའི་ལས་དོན་སྒྲུབ་པའི་འགན་འཛིན་དག་ལ་རྟག་ཏུ་དཀྱུས་དམངས་རྣམས་ཀྱིས་ལྟ་རྟོག་དང་མིག་འཚོ་བྱས་ནས་ནོར་འཛོལ་དང་ནག་ཉེས་ཅི་བསགས་ལ་དྲང་བདེན་གྱིས་ཁྲིམས་བཤེར་དང་སྡོམ་གཅུན་བྱས་ཏེ་རྒྱུ་འབྲས་ཀྱི་སྲང་ལ་འཇལ་བ་ལས། འུ་ཚོ་ལྟར་འགན་འཛིན་སུ་ལའང་སྐད་ཆ་ཚིག་གཅིག་བཤད་ན་ངོ་ལོག་དང་རྒྱབ་འགལ་དུ་རྩིས་ཏེ། དབྱིག་པས་གཞུ་བ་དང་ཆད་པས་གནོན་པ་ཞིག་ཡིན་མི་སྲིད་དོ། །

དགོན་སྡེའི་“མང་གཙོ་ལམ་ལུགས་”ཀྱི་ངོ་བོ་དང་དེའི་མཇུག་འབྲས།

དགོན་སྡེའི་“མང་གཙོའི་ལམ་ལུགས་”དེ་གོང་སྨོས་ལག་ལེན་དེ་ལྟར་བགྱིས་པའི་ཁྲོད་ནས། འདམ་ཐོན་བྱུང་བའི་དོ་དམ་པ་དང་འགན་འཁུར་མི་སྣ་དག་གིས་ནི། རང་ཉིད་ཀྱི་ནུས་པ་དང་འཇོན་ཐང་རིགས་བསྔོག་འདོན་མི་བྱེད་པར། ལས་དོན་ཅི་ཞིག་བསྒྲུབ་དགོས་ཐུག་ཀྱང་དཔྱོད་ཤེས་ཀྱིས་མི་བལྟ་ཞིང་། བརྩོན་སེམས་ཀྱིས་མི་སྒྲུབ་པར་ཁོ་ཚོར་ལས་གནས་འདིར་གྲྭ་མང་གིས་འོས་འདེམ་བྱས་པ་ལས། རང་ཉིད་ཀྱིས་འཇོན་མདོག་དང་ཤེས་ཁུལ་བྱས་ནས་བསྡད་པ་མིན་པས། ནོར་འཛོལ་གྱི་ལས་དོན་ཅི་བྱུང་ཡང་རང་འགན་རང་གིས་འཁུར་དགོས་པའི་འདུ་ཤེས་ཆེར་མེད་པར། གྲྭ་མང་ངམ་འོས་ཤོག་འཕེན་དག་གི་ཕྲག་ལ་འགེལ་ཐབས་བྱེད་པས། ང་ཚོའི་དགོན་སྡེའི་“མང་གཙོའི”་ལམ་ལུགས་དེ་ནི། འདམ་ཐོན་བྱུང་བའི་མི་སྣ་དག་གི་སྤྱི་དོན་འགན་འཁུར་གྱི་འདུ་ཤེས་དམའ་རུ་གཏོང་བ། འོས་བསྡུ་ལས་དོན་གྱི་ངོ་བོ་རྫོབ་ཅིང་མོག་པ། འོས་འདེམ་མི་མང་གིས་ཁ་ཕྱོགས་གསལ་བོ་མི་རྙེད་པ། གདམ་ཡུལ་མི་སྣ་དག་གི་ལངས་ཕྱོགས་དང་འཆར་གཞི་གསལ་བོ་མི་ཤེས་པའམ་མེད་པ། ཡང་ན་དོན་དམ་དུ་འོས་འདེམ་བྱེད་མཁན་རེ་རེས་ངོས་ནས་རང་ཉིད་ཀྱིས་ཅི་ཞིག་འདེམ་གྱིན་པ་དང་གང་ཞིག་གདམ་དགོས་པའི་དམིགས་ཡུལ་གསལ་བོ་མེད་པ་སོགས་ནི། འགན་ཁུར་མི་སྣ་དག་གི་རྗེས་ཕྱོགས་ཀྱི་བྱ་བའི་ལངས་ཕྱོགས་རབ་རིབ་མག་མོག་ཏུ་གྱུར་བ། ཁ་གསལ་གཏིང་གསལ་དུ་མ་ཐོན་པ། ཞིབ་ཕྲའི་འཆར་གཞི་མེད་པ་བཅས་ཀྱི་རྒྱུ་རྐྱེན་ཉིད་དུ་ཆགས་འདུག་སྙམ། དེ་ལྟར་མང་གཙོའི་ལམ་གོལ་གྱིས་འདམ་ཐོན་བྱུང་བའི་འགན་འཛིན་དག་གིས་བྱ་བའི་གྲོས་བསྡུར་སྐབས་སུ་ཡང་ཕན་ཚུན་ཁ་སྡོང་དུ་ཆགས་པའི་ཕྱོགས་ཁག་སོ་སོའི་བར་སྡོམ་གཅུན་དང་སྙོམ་སྒྲིག་བྱེད་པའི་སྒྲིག་གཞི་དང་ཁྲིམས་སྲོལ་མེད་པ། ལྷག་ཏུ་ལྟ་ཚུལ་མཁྲིགས་ཆ་ཅན་དུ་སོང་བའི་གོ་རིམ་ཁྲོད་ནས་སྒམ་དཀྱེལ་ཀྱི་འདུ་ཤེས་དང་། ཀུ་ཡངས་ཀྱི་བློ་མིག་མེད་པར་བྱ་བའི་ལས་དོན་ཐད་ལྟ་ཚུལ་མ་མཐུན་པར་ཁ་སྡོང་ཆགས་པ་དེ་ཉིད་གང་ཟག་སྒེར་གྱི་ཞེ་མཁོན་དུ་གྱུར་ནས་མུ་མཐུད་མཉམ་ལས་དང་མཉམ་སྒྲུབ་དགོས་པའི་ལས་དོན་ཡོངས་ཀྱི་གེགས་སུ་གྱུར་བ་ཤ་སྟག་བྱས་ཏེ། རྒྱུན་རིང་བོར་སྒྲུབ་དགོས་པའི་ལས་དོན་ཁག་གསེད་བཀྲོལ་བྱེད་པའི་ལས་གྲོགས་དག་གི་བར་ལ་མཁོན་འཛིན་དང་དགྲ་གཉེན་བཀར་སྟེ། གནས་ལུགས་དང་བདེན་ལུགས་ཅི་ཡང་དཔུང་བཅོལ་ས་མེད་ཀྱང་། གཅིག་གི་འཆར་གཞི་གཅིག་གིས་བརླག་སྟེ། འབྱར་སའི་ཡུ་བ་དང་འཛིན་བྱེད་ལོང་བུ་སོགས་གཅིག་ཀྱང་མེད་པའི་དགོན་སྡེའི་“མང་གཙོའི་ལམ་ལུགས་”དེའི་ངན་མཚང་དང་སྐྱོ་གར་དག་གི་མཇུག་མ་དེ་ད་ནི་ཇེ་རིང་ནས་ཇེ་རིང་རེད། མདོར་ན་དགོན་སྡེའི་མང་གཙོ་ནི། བྱུང་རྒྱལ་དུ་རང་དབང་དང་འདྲ་མཉམ་རྩོད་པའི་དཀྱུས་དམངས་དག་གི་ཐོན་ཁུངས་དང་། གཞི་མེད་དུ་ཁ་ཤོམ་དང་དཔུང་ཤེད་འཐེན་པའི་སྒེར་གཅོད་པ་དག་གི་རྒྱབ་རོགས། རང་འགན་རང་གིས་མི་འཁུར་བའི་གཙོ་འཛིན་དག་གི་ཡིབ་ཁུང་དུ་གྱུར་ནས་ཡོད་ཅིང་། དེ་ཉིད་འདུལ་བའི་བཅས་ཁྲིམས་གཞི་རྐང་དུ་བཟུང་སྟེ་སྡེ་སྣོད་གསུམ་ལ་ཐོས་བསམ་བྱེད་པའི་གཙུག་ལག་ཁང་ཆེན་མོ་ཞིག་གི་སྒྲིག་ཁྲིམས་འཐོར་ཞིང་། སྙིང་སྟོབས་ཉམས་ཏེ། གཟི་འོད་ཡལ་བའི་རྒྱུ་རྐྱེན་ཉིད་དུ་འགྱུར་སྲིད་པར་མ་ཟད། དེ་ནི་འཛམ་གླིང་ཡོངས་ཀྱི་སྐྱེས་བུ་རྣམ་དཔྱོད་དག་གིས་དཔྱོད་ཤེས་ཀྱིས་བཙལ་ཞིང་། སྙིང་སྟོབས་ཀྱིས་བཞེངས་པའི་སྦོམ་ལ་རིང་བའི་ཀ་བ་གསུམ་གྱིས་བཏེགས་པའི་མང་གཙོ་འོད་དཀར་གྱི་བསིལ་གདུགས་དེ་ཉིད་ཀྱི་ཡང་ཞབས་འདྲེན་དུ་ཆགས་ནས་ཡོད།