དེ་ཡང་གང་གླེང་བར་བྱ་བ་ནི་བོད་ཅེས་པའི་ང་ཚོའི་མི་རིགས་འདི་ལ་མེས་པོ་ཚོས་ཁྲག་དང་དངུལ་ཆུ་ལ་བརྒྱུས་པའི་རིན་བྲལ་རིག་གཞུང་ཞིག་ཡོད་པ་འཛམ་གླིང་གི་རྒྱལ་ཁབ་ཕྱི་ནང་ཀུན་ན་རྒྱུ་མཚན་ཤེས་པའི་གང་ཟག་ཞིག་ཡིན་ན་འགྲམ་མཆུ་ལྡང་གི་མེད་ས་མ་རེད།སྤྱིར་ན་རིག་གནས་ཞེས་པ་ལ་མཚན་ཉིད་ཞིག་འཇོག་དགོས་ན་ཇི་ལྟར་ཡིན་སྙམ་ན་འདི་ལ་བོད་ཀྱི་མཁས་པ་འགར་རེ་ཡིས་རིག་གནས་ཞེས་པའི་ངོ་བོ་ངེས་འཛིན་ཚུལ་སྒྲ་ཚད་ལ་སོགས་པའི་རིག་གནས་བཅུ་ལ་ངེེས་འཛིན་གྱིན་ཡོད་པ་འདུག་མོད།ཡང་དེང་སང་གི་ཟེར་སྒྲོས་ཞིག་གི་དབང་དུ་བྱས་ན་སྤྱི་ལོ་༡༩༧༡ ལོར་རིག་གནས་ཀྱི་ངོ་བོ་གཏན་ལ་འབེབ་མཁན་དབྱིན་ཇིའི་མིའི་རིགས་ཀྱི་རིག་པ་པ་ Edward Bur nett Tylor‘ཨེད་ཝ་པོར་ནེ་ཐི་ཐེ་ལེར་ཟེར་བ་རིག་གནས་ལ་མཚན་ཉིད་འཇོག་མཁན་ཐོག་མར་གྲགས།ད་དུང་དུས་རབས་ཉེར་གགཅིག་གི་བར་དུ་རིག་གནས་ལ་མཚན་ཉིད་འཇོག་མཁན་མང་བོ་བྱུང་བར་འདུག་གོ།།འོན་ཀྱང་ཐུན་མོང་གི་ཁས་ལེན་པའི་མཚན་ཉིད་ཞིག་མ་བྱུང་ངོ་།

ད་ལྟ་ང་ཚོ་བོད་ཀྱི་ཆོས་སྲིད་གཉིས་ཀ་ལ་མཁྱེན་དཔྱོད་ཡངས་བའི་མཁན་ཚུལ་ཁྲིམས་བློ་གྲོས་ཀྱིས་བཞག་པ་ནི་རིག་གནས་ཀྱི་ངོ་བོ་ནི་མིའི་རིགས་ཀྱིས་བསྐྲུན་པའི་རང་ཉིད་ཀྱི་འདོད་པ་སྒྲུབ་པར་བྱེད་པའི་ཐབས་སམ་ཐབས་ལས་བྱུང་བའི་ཤེས་བྱའོ་ཟེར་བ་ལ་བལྟས་ན་ཁོང་གིས་་་ཚད་མ་རིགས་པ་ལ་བསྟེན་ནས་མ་ཁྱབ་ཁྱབ་ཆེ་མི་སྲིད་སྐྱོན་གསུམ་དང་བྲལ་བ་ཞིག་བཞག་ཡོད་པ་བསྙོན་དུ་མེད་པ་ཞིག་རེད་སྙམ་མོ།ད་གཞུང་དངོས་ལ་གཞིགས་ནས་བཤད་ན་ཚད་མ་ལ་གྲུབ་མཐའ་མང་བོའི་འདོད་ལུགས་མི་འདྲ་བ་མང་བ།དགེ་འདུན་ཆོས་འཕེལ་གྱིས་མི་རེའི་སེམས་ན་མི་མཐུན་ཚད་མ་རེ།།དེ་ཡི་རྒྱབ་སྐྱོར་རྡོ་རྗེ་བཀའ་ལུང་རེ།།ཟེར་བ་ལྟར་འདོད་མོས་སྣ་ཚོགས་པ་ཞིག་མཆིས་སོ།དེ་ཡང་རིག་པས་བརྡར་ཤ་བཅད་ན་མཐར་གནས་ལུགས་གཅིག་གི་སྟེང་དུ་ཁེལ་དགོས་པ་ཡིན།དེས་ན་ཚད་མ་རིགས་པ་ལ་སྦྱང་བ་བྱས་ན་རྣམ་གྲོལ་དོན་དུ་གཉེར་བ་ལ་དགོས་པ་མེད་དོ་སྙམ་ན་འདི་དེ་ཙམ་འཐད་པ་མ་ཡིན་ཏེ།རྟོག་གེའི་བསྟན་བཅོས་ལ་རྣམ་པ་གཉིས་སུ་ཕྱེ་རིགས་སོ།

ནང་དོན་རིགས་པའི་ཁོངས་སུ་འདུ་བ་དང་མི་འདུ་བ་གཉིས་བྱས་ན་འགྲིགདང་པོ་ནི་ཕྱི་རོལ་བའི་སྟོན་པ་དྲང་སྲོང་གླིང་སྐྱེས་ཀྱིས་བཞག་པའི་རྟོག་གེའི་བསྟན་བཅོས་ཡིན་ན་ནང་རིགས་པའི་ཁོངས་སུ་མི་འདུ་བ་རིག་པས་འགྲུབ་བོགཉིས་པ་སློབ་དཔོན་ཕྱོགས་ཀྱི་གླིང་བོ་དང་ཆོས་ཀྱི་གྲགས་པ་སོགས་ཀྱིས་མཛད་པ་འི་ཚད་མ་ནི་ནང་རིག་པའི་ཁོངས་་སུ་འདུ་བ་ང་ཚོ་ལ་ཐུན་མོང་དུ་གསལ་སྟེ་རང་གི་སྟོན་པ་ཐམས་ཅད་མཁྱེན་པའི་རྗེས་སུ་འབྲངས་ནས་བཞག་པ་ཡིན་པས་སོ།དེས་ན་ནང་རིགས་པ་ཡིན་་ན་ཐར་བ་དོན་གཉེར་ལ་མཁོ་བ་ཁས་ལེན་དགོས་པའི་གནས་སུ་འཁུམས་སོ།ད་དུང་ཚད་མའི་བསྟན་བཅོས་འདི་དག་ལས་གང་ཟག་དང་ཆོས་ཀྱི་བདག་མེད་པ་ཡང་ཕྲ་ཞིང་ཞིབ་མོས་སྒོ་ནས་གཏན་ལ་ཕབས་ཡོད་པས་ལྷག་པ་ཤེས་རབ་ཀྱི་བསླབ་པ་འདི་ཡང་བསྟན་ཡོད།ནང་རིགས་པ་དེ་ཙམ་གྱིས་ཀྱང་མིན་ན་ད་ནང་རིགས་པ་ཟེར་བ་ངོས་འཛིན་ས་རི་བོང་གི་རྭ་བཞིན་སོང་བ་རེད།ཡང་ནང་རིགས་པ་མིན་ན་གཏན་ནས་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པ་ལ་དགོས་པ་མེད་འདོད་ན།དེ་ཡང་མ་ཡིན་ཏེ་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་སྐབས་ན།རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན།།འཕགས་མཆོག་གིས་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ།།དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་བཟུང་དང་།།བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད།གསུངས་བ་ཡང་འདི་ལྟར་གཞན་དག་ཚར་གཅོད་པའི་ཕྱིར་དུ་སྒྲ་དང་ཚད་མ་རིགས་པ་དང་གཞན་རྗེས་སུ་འཛིན་པའི་ཕྱིར་བཟོ་དང་གསོ་བ་རིགས་པ་དང་བདག་ཉིད་ཀུན་ཤེས་པའི་ཕྱིར་ནང་དོན་རིགས་པ་ལ་སྦྱང་དགོས་པ་བཤད་ཡོད་པ་རེད།དེས་ན་རིག་པའི་གནས་ལྔ་བོ་ནང་དོན་རིགས་པ་དག་དག་་མ་རེད་ལ།སྤྱིར་རྟོག་གེ་རིགས་པ་ཟེར་ན་ཡང་འདྲ་གཏན་ཚིག་རིགས་པ་ཟེར་ན་ཡང་འདྲ་མདོར་ན་བླང་དོར་གྱི་གྱི་གནས་མ་ནོར་སྟོན་པའི་ངོ་མཚར་གྱི་རིག་གནས་ཞིག་ཡིན་ནོ།

གཞན་ཡང་བླུན་པོ་འགའ་རེ་ཡིས་ཆོས་གྲགས་ཕྱོགས་གླིང་མ་གཏོགས་རྒྱལ་བའི་བཀའ་ལས་ཚད་མ་རིགས་པ་གསུངས་མེད་སྙམ་ན།མིན་ཏེ་པོད་ལོགས་སུ་མེད་ཀྱང་།བཅོད་ལྡན་འདས་ཀྱིས་བརྗོད་དོན་ཐམས་ཅད་ཚད་མའི་སྒོས་ནས་བསྟན་ཡོད་དོ།་མདོ་ལས།མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་བསྟན་ཡོད་པ་ཡང་འདི་ལྟར།མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི་སྔོན་པོ་འོ་སྙམ་དུ་ནི་མ་ཡིན་ནོ་ཞེས་པའི་མངོན་སུམ་ཚད་མ་བསྟན་ལ་དེ་ལ་དབྱེ་ན་བཞི་ཡོད་དེ།ཡིད་ཀྱི་མངོན་སུམ་ནི།ཡང་དེ་ཉིད་ལས།དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ་མིག་དང་ཡུལ་ལ་བསྟེན་པ་འོ།།དབང་པོ་མངོན་སུམ་ནི།མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ།རང་རིག་མངོན་སུམ་ནི།རང་ཅི་བྱས་རང་གིས་ཤེས་ཀྱི།རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་འོ།།རྣམ་འབྱོར་མངོན་སུམ་ནི།ངས་ཡི་ཤེས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ་གཟིགས་སོ་སོགས་མངོན་སུམ་ཚད་མའི་དབྱེ་བ་དང་བཅས་པ་གསུངས་སོ།རྗེས་དཔག་ཚད་མ་ནི།དུ་བ་ལས་ནི་མེར་ཤེས་དང་།།ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར།།བྱང་ཆུབ་སེམས་དཔའ་བློ་ལྡན་གྱི་།།རིགས་ནི་མཚན་མ་དག་ལས་ཤེས།ཞེས་པ་ལབལྟས་ན་རྒྱལ་བའི་བཀའ་་ཚད་མའི་སྒོ་ནས་གསུང་བ་བསྙོན་དུ་མེད་པའི་གནས་སོ།

ད་དུང་བཅོམ་ལྡན་འདས་ཀྱིས།དགེ་སློང་དག་གམ་མཁས་རྣམས་ཀྱིས།།བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།།ལེགས་པར་བརྟགས་ལ་ང་ཡི་བཀའ།།བླང་བར་བྱ་ཡི་གུས་ཕྱིར་མིན།།གསུངས་བ་ལ་གཞིགས་ན་རིག་པའི་གནས་གང་ཡིན་ཡང་ཚད་མའི་སྒོ་ནས་རྟོགས་པར་བྱ་དགོས་པ་གསལ་བར་ཤེས་ཐུབ་པ་འདི་རེད།དེས་ན་ང་ཚའི་གནའ་དེང་གི་རིག་གནས་གང་ལ་བསློབ་ན་ཚད་མ་རིགས་པ་ནི་མེད་ཐབས་མེད་པའི་གནས་ཞིག་རེད་སྙམ།རྒྱུ་མཚན་ནི་རིག་པའི་གཞུང་གང་ལ་བལྟས་ན་བརྗོད་བྱའི་གོ་དོན་མྱུར་མར་རྟོགས་པ་འམ་མ་ནོར་གསལ་བོར་རྟོགས་པར་བྱེད་པའི་ལག་ཆ་ཡ་མཚན་པ་ཞིག་ཡིན་པས་སོ།དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླིང་བོ་དང་སློབ་དཔོན་ཆོས་ཀྱི་གྲགས་རྣམ་གཉིས་ཀྱིས་གསུང་བའི་ཚད་མའི་བསྟན་བཅོས་གཞི་བཟུང་ནས་སྨྲས་ན་ཚད་མའི་བསྟན་བཅོས་ཀྱི་ཉིང་དགོས་མཐར་ཐུག་ནི་ལུང་རྟོགས་གཉིས་ཀྱིས་བསྡུས་པའི་བསྟན་པ་ཚད་མར་སྒྲུབ་པ་དང་སྟོན་པ་ཚད་མར་སྒྲུབ་རྒྱུ་འདི་ཡིན་ནོ།

ངོ་དགའ་ཞིག་གིས་འུད་བསྟོད་བྱས་རུང་དགའ་སྣང་མེད།།
ཚིག་ཉོག་མང་བོས་འཕྱ་སྨོད་ཐེབས་རུང་སྡུག་སྣང་མེད།།
རང་བྱུང་སེམས་ཀྱི་འཆར་སྣང་གསོན་པོ་ལབ་པ་ལས།།
ཡིན་མདོག་ཁུལ་གྱིས་མཁས་གཏམ་བྱས་པ་གཏན་ནས་མིན།།